ཤར་ཕྱོགས་ཁུག་རྟ།
ད་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་སླེབས་སོང། ཕྱི་ཟླ་བཅུ་གཉིས་པ་འདི་གྲོས་མོལ་གྱི་ལམ་ནས་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཚང་མས་རེ་སྒུག་བྱས་པའི་ཟླ་བ་ཞིག་ཡིན། ཟླ་བ་བཅུ་གཉིས་པ་ནི་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར་ཕྱིན་པ་མ་ཟད་ཞིས་ཅིན་ཕིན་གྱིས་མཛད་འཕྲིན་སྐྱོང་བཞིན་པའི་སྒང་ཡིན། བོད་མི་ཚོའི་རྣ་བ་དང་སེམས་ངོགས་ན་ད་ལྟ་ད་དུང་ཡལ་མེད་པའི་སྐད་ཆ་ཚ་ལམ་མེ་བ་ཞིག་ཡོད་པ་ནི། ཕྱི་ཟླ་བཅུ་གཉིས་པ་འདིའི་ནང་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་མ་ཟད། སྐུ་ཚབ་ཀྱང་བསྐོ་བཞག་བྱེད་ཀྱི་ཡིན་ཅེས་པའི་ང་ཚོའི་སྲིད་སྐྱོང་མཆོག་གི་གསུང་འདི་རེད།
ད་བར་རང་སྲེག་ཐད་རྒྱལ་སྤྱིས་ནུས་ལྡན་གྱི་རྒྱབ་སྐྱོར་མ་བྱས་ཀྱང། རང་སྲེག་གིས་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་ཞིག་སྤྲོད་བཞིན་པའི་སྐབས་འདིར། ཞིས་ཅིན་ཕིན་གྱི་ཁྱིམ་བརྒྱུད་དང་རྒྱལ་སྤྱིའི་སྣང་བརྙན་ལ་མི་གསོད་ལག་དམར་ཧུའུ་ཅིན་ཐའོ་ལས་གདེང་འཇོག་འོས་འཚམས་བྱེད་བཞིན་པའི་སྐབས་འདིར། སྐུ་ཞབས་ཞིས་ནས་ཀྱང་རུལ་སུངས་རྩད་གཅོད་དང་སྔོན་འགོག་གི་ལས་དོན་ཞིག་རྒྱ་ཁྱབ་ལག་བསྟར་བྱེད་པའི་སྐབས་འདིར། ཐ་ན་ཞིས་ཀྱི་ཨ་ཕས་དེ་སྔ་༸པཎ་ཆེན་རིན་པོ་ཆེར་སྤྲིངས་པའི་འཕྲིན་ཡིག་ཅིག་ཀྱང་དེང་སྐབས་བསྐྱར་དུ་ཚགས་པར་སྟེང་བཀོད་དེ་པེ་ཅིང་དུ་གླེང་སློང་ཡ་མཚན་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་ལ་མངོན་དང་མི་མངོན་པའི་འགལ་བ་རྣོ་ངར་ཅན་ཡོད་པའི་སྐབས་འདིར། རང་ཉིད་ལ་གདེང་ཚོད་ཆེན་པོ་ཡོད་པའི་བོད་ཀྱི་སྲིད་སྐྱོང་གིས་གོ་སྐབས་འདི་རྣམས་ཇི་ལྟར་བླངས་ཏེ་སྐུ་ཚབ་བསྐོ་བཞག་གིས་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་མིན་དེ་རེད།
སྐབས་འདིར་ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ༢༠༠༨ ལོའི་ལོ་རྒྱུས་སུ་མ་གྲགས་པའི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་ནས་བྱུང་བའི་ཞི་རྒོལ་ལ་མིང་འདོགས་སྣ་ཚོགས་ཤིག་བཏགས་པ་མ་ཟད་ཞི་རྒོལ་ངན་སྐུལ་བ་༸གོང་ས་མཆོག་ཡིན་ཚུལ་སྒྲོག་བཞིན་པའི་སྐབས་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་རྭ་ནས་སྲིད་བློན་ཝུན་ཅཱ་པོས་ཁོ་རང་གི་ངོས་ན་བརྡ་ལན་ཞིག་བཙན་བྱོལ་བོད་གཞུང་ལ་བསྐྱལ་རྒྱུ་ཡོད་པ་རྡ་རམ་ས་ལར་འབྱོར་ཡོད་པ་འདྲ་ལ། སྲིད་བློན་རྒྱལ་ཕྱི་ལའོ་སིར་འབྱོར་ནས་ནམ་རྒྱུན་འཆར་ཅན་གྱི་བཀའ་མོལ་ནང་”༸གོང་ས་སྐྱབས་མགོན་ཆེན་པོས་ཤུགས་གནོན་བེད་སྤྱོད་བཏང་ནས་བོད་ནང་ལྷིང་འཇགས་བཟོ་རོགས་”ཞེས་པ་ཞིག་བཅུགས་ནས་ཡོངས་བསྒྲགས་གནང་རྐྱེན། ༸གོང་ས་ཆེན་པོས་ཕྱི་ཟླ་ ༣ ཚེས ༡༩ ཉིན་ཧུའུ་ཅིན་ཐོའི་མིང་ཐོག་ལ་ཐད་ཀར་བཀའ་ཡིག་ཅིག་སྩལ་ཏེ། སྲིད་བློན་ཝུན་ཅཱ་པོའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་ན། ༸གོང་ས་མཆོག་གི་ནུས་ཤུགས་བོད་དུ་བསླེབ་རྒྱུར་ཆ་རྐྱེན་བསྐྲུན་ན་སྐུ་ཚབ་ཆེད་གཉེར་གནང་དགོས་བྱུང་ནའང་གོ་སྒྲིག་ཡོད་ཅེས་གསུངས་སྟབས། ཕྱི་ཟླ ༤ ཚེས ༢༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་འབྲེལ་མོལ་བྱ་རྒྱུ་ཡིན་པའི་བརྡ་ལན་འབྱོར་སྟབས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཛ་དྲག་གི་སྐབས་ཀྱི་ནང་མོལ་དེ་བྱུང་བ་རེད།
བྱུང་རིམ་འདིའི་སྐབས་ཀྱི་གནས་ཚུལ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་ལ་ཇུས་འགོད་བྱས་ཚུལ་དང། ཡང་ཕྱོགས་གཞན་ཞིག་ནས་འུ་ཐུག་ནས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་གཏན་འགོག་གནང་གི་མི་འདུག་ཅེས་སྤྱི་མཚུངས་སྐད་ངན་མང་པོ་ཤོར་ཡོད། ཡིན་ནའང། བྱུང་རབས་ལྟར་སོང་ན། སྲིད་སྐྱོང་མཆོག་གིས་ཕྱི་ཟླ་བཅུ་གཉིས་པ་འདི་དམིགས་བསལ་གསལ་འདོན་བྱེད་དགོས་དོན་ཡང་འབྲེལ་མོལ་བསྐྱར་གསོ་བྱེད་ལ་ཉེ་བའམ། བྱེད་དགོས་པའི་གནས་བབ་ཅིག་ངོས་ལེན་དང་སྦྲགས་མེ་ཡིས་འབར་བཞིན་པའི་བོད་ནང་གི་ཛ་དྲག་གནས་བབ་གང་མགྱོགས་རྒྱ་གཞུང་དཔོན་རིགས་དང་ཐུག་འཕྲད་ཀྱིས་ཐག་གཅོད་བྱེད་དགོས་དགོངས་པ་ཡིན་ནམ་སྙམ།
སྲིད་སྐྱོང་གི་ཐུགས་རེ་འདི་དང་འབྲེལ་ནས་བསྐོ་བཞག་བྱ་རྒྱུའི་སྐུ་ཚབ་སྐོར་ལའང་ང་ཚོས་གླེང་སློང་བྱེད་དགོས་པ་འདྲ་སྟེ། སྐུ་ཚབ་ནི་འབྲེལ་མོལ་གྱི་རྩ་དོན་ཡིན་པ་ཚང་མར་ཉམས་མྱོང་བྱུང་ཡོད་པ་དེ་རེད། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རྩ་དགོངས་ཞུས་ནས་ཉིན་ཤས་མ་འགོར་ཡང། ད་ལྟ་གཞི་ནས་ཤེས་ཚོད་བྱས་ན་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་ལམ་སེང་བསྐོ་བཞག་གིས་ཕྱག་ལས་གནང་བཞིན་པ་ཡིན་ནའང། ཨ་རི་གཞུང་དང་གཞུང་གི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་གཏིང་ཟབ་ཡོད་པའི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རིན་པོ་ཆེ་མཆོག་ལ་ད་བར་ལས་གནས་གང་ཡང་གོ་སྒྲིག་ཞུས་མེད་སྟབས། ཁོང་ཉིད་བསྐྱར་དུ་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་སྟེང་མ་ཕེབས་ཐབས་མེད་ཡིན་ཚུལ་ལ་ཚོད་དཔག་བྱེད་མཁན་མང་པོ་ཡོད། དེ་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་སྐུ་ཚབ་ཟུར་པ་མཆོག་ལ་ཨ་བོད་བར་གྱི་ཟམ་པ་ལྟ་བུའི་ཕྱག་ལས་གནང་མཁན་དང་། རྒྱ་བོད་འབྲེལ་བའི་སྐོར་གྱི་བྱས་པར་གྲོས་ཆོད་ཅིག་བཞག་ཡོད་པ་དང་འབྲེལ་བ་ལོས་ཡོད་བསམས་མོད། ཕྱོགས་གཞན་ཞིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་པ་པོ་ཡེ་རྡོར་གྱིས་བྲིས་པའི་བློ་རྒྱ་བར་གྱི་དཀྲོགས་གཏམ་ཀྱང་སྐུ་ཚབ་དང་འབྲེལ་བའི་དཔྱད་གླེང་ནང་ཚུད་ཡོད། ངས་ནི་རིན་པོ་ཆེའི་དགུང་ནའི་བབ་དང་མཛད་བྲེལ། བསྒྲགས་གཏམ་ཁག་གང་ལ་གཞིགས་ཀྱང་ཁོང་ཉིད་བསྐྱར་དུ་སྐུ་ཚབ་གནང་འདོད་མེད་པ་ནི་གསལ་རྟོགས་འདྲ་ཞིག་བྱུང། དེ་བཞིན་སྐུ་ཚབ་སྐལ་རྒྱམ་ཡང་འགན་བློས་བཟོད་བྲལ་ལ་རེ་བ་གསར་པ་ཞིག་ཡོང་ཤེས་མེད་པ་དང། ཡོང་གི་ཡོད་ན། ད་ཐེངས་མི་མང་ལ་གསལ་བཤད་ཡོད་པའི་ལམ་ནས་ཕེབས་དགོས་སྟབས། འདིའང་ངས་བལྟས་ན་ཕལ་ཆེར་ཡོང་རེ་བྲལ།
དེས་ན་ང་ཚོས་གང་ཟག་སུ་ལ་འབྲེལ་མོལ་སྐུ་ཚབ་ཀྱི་འོས་འགན་འབབ་ཀྱི་ཡོད་པ་དང། སུའི་སྟེང་ན་འོས་ཆོས་ཚང་གི་ཡོད་མེད་དེ་གླེང་སློང་ཤུགས་ཆེན་གྱིས་བཀའ་ཤག་གསར་པར་གཞོགས་འདེགས་བྱེད་དགོས་པ་དེ་རེད། གཞོགས་འདེགས་ཐད་ཅི་ཡང་མི་ཤེས་མཁན་ང་ལྟ་བུ་ཞིག་གིས་ཀྱང་མི་མང་གི་གླེང་ཕྱོགས། དངོས་ཡོད་གནས་བབ་གང་ལ་བལྟས་ཀྱང་བཤད་ཐུབ་པ་ཞིག་ནི། སྐུ་ཚབ་རྣམ་པ་གཉིས་སྟག་སེང་ཁ་སྤྲོད་བཞིན་འགྱིང་ཡོད་པ་སྟེ། ༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང། སྐུ་ཞབས་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་རེད། ངས་འདི་ལྟར་བཤད་ན་ཆོས་ཀྱི་སེམས་ཁམས་ཀྱིས་སྲིད་སྟེགས་སྟེང་ཕན་འབྲས་མི་ཐོན་པར་བཤད་པའི་ཁུངས་མེད་རུ་དཔུང་གི་ཐུགས་ལ་འཕྲོད་པ་ཞིག་མི་ཡོང་ཡང་བྱ་ཐབས་བྲལ། ཁོང་རྣམ་པ་གཉིས་ཀྱིས་རྒྱལ་སྤྱི་དང་རྒྱ་ནག བོད་མི་རིགས་དང་བཅས་པའི་མཚོ་མཐའ་མི་བསྐོར་བའི་གནས་བབ་གང་ཡང་མེད་པ་ཡིན་སྟབས། སྐུ་ཚབ་འདི་འདྲ་ཞིག་རྒྱ་ནག་ལ་ཕེབས་ཏེ་གྲོས་མོལ་གནང་ཐུབ་པ་ཡིན་ན། སྤྱིར་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་འདོད་མེད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། རྒྱ་ནག་གི་མགོ་བསྐོར་འོག་ཚུད་རྒྱུ་མིན་པའི་བློ་བདེ་བོ་དེ་བོད་མི་ཚོས་རྒྱུན་བཅངས་ཞུ་ཆོག་གི་རེད་བསམས།
རང་སྲེག་ས་འབར་གནམ་འབར་དུ་སོང་རྐྱེན་དེང་རང་རེའི་སྨྱུག་འཛིན་པ་དག་ཀྱང་ལྐུགས་པའི་ངང་ཚུལ་འཛིན་མཁན་ཞེ་གཅིག་ཏུ་འགྱུར་བཞིན་པ་འདིས། འབྲེལ་མོལ་དང་སྐུ་ཚབ་སྐོར་གཞར་ཡང་བསམ་ཚུལ་སྤུངས་བརྩེགས་ཤིག་ཡོང་མིན་ཐེ་ཚོམ་ཡིན་ནའང། ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་ཛ་དྲག་ནང་མོལ་གནང་དགོས་པའི་ཆབ་སྲིད་དབུ་ཁྲིད་ཀྱི་བློ་སྟོབས་དང། ནང་མོལ་སྐབས་གསལ་བཤད་གནང་བ་ཁག་ཅིག་མཇུག་ཏུ་སྨྲ་ན། སྲིད་སྐྱོང་གི་འབྲེལ་མོལ་བསྐྱར་གསོ་དང་སྐུ་ཚབ་བསྐོ་རྒྱུ་ཇི་ལྟར་ཁས་བླངས་དམ་བཅའ་བཞིན་ཟླ་བ་འདི་ག་རང་ལ་གནང་ཐུབ་པ་ཞིག་དང། དེ་དེ་བཞིན་ལམ་ལྷོང་ཡང་ཡོང་བར་ཤོག
དེ་ཡང། ༢༠༠༨ ལོར། བོད་ས་ཡོངས་སུ་སྔར་མ་གྲགས་པའི་སྡེབས་ལངས་ཞི་རྒོལ་ཆེན་པོས་གནམ་ས་སྒྲིབ་སྐབས། འབྲེལ་མོལ་ཐེངས་དྲུག་པ་མུ་མཐུད་རྒྱུའི་གནས་བབ་མེད་ནའང། དུས་སྐབས་ཛ་དྲག་འདི་འདྲ་ཞིག་གི་སྐབས་སུ་ཁ་གཏད་རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཙམ་ཡང་མ་ཐུབ་པར། ཐག་རིང་ནས་བསྒྲགས་གཏམ་རེ་སྤེལ་ན་འཐུས་རྒྱུ་མིན་པ་བྱུང་རབས་ཀྱིས་གསལ་ཁ་བྱེད་པར་དགོངས་ཏེ། ཐབས་ཤེས་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་ཛ་དྲག་ནང་མོལ་མ་གནང་ཐབས་མེད་དང། གནང་བ་དེའང་འབྲེལ་མོལ་སྔར་འཕྲོ་མིན་པར་དང་པོ་ནས་ཆ་རྐྱེན་གྱི་གྲས་སུ་བཀོད་དེ་ཁས་ལེན་དུ་བཅུགས་པ། ནང་མོལ་སྐབས་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ་དང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཁུངས་སྐྱེལ་ག་རེ་ཡོད་མེད་ནག་འདེད་བྱས་པ། ཐ་ན་རྒྱ་གཞུང་ལ་སྐུ་ཚབ་རྣམས་པ་ཚོ་དང་མཉམ་དུ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྡ་རམ་ས་ལའི་ལས་ཁུངས་ཁག་གི་ཡིག་ཆ་ཞིབ་འཇུག་ཆེད་གཏོང་རོགས་གནང་ཞེས་གདོང་དང་གདོང་ཐུག་ནས་ངོ་ཚ་དགོས་པའི་གནས་སྟངས་དམར་རྗེན་དུ་བཟོས་པར། ཡུན་ཙམ་རིང་ནུས་དེ་ག་རང་ཐོན་པ་མ་ཟད། འབྲེལ་མོལ་མུ་མཐུད་པ་དང་བོད་མིའི་མངོན་འདོད་རང་སྐྱོང་༼ བསམ་འཆར ༽ཡང་མདུན་ཅོག་གཅིག་གི་སྟེང་བགྲོ་གླེང་གི་ལམ་ནས་ངོ་སྤྲོད་ཚད་ལྡན་བྱས་པར་དངོས་སུ་ལན་མེད་པའི་ཐོག་སྤྲོད་ཐུབ་པ་བྱུང་ཡོད།
སྐབས་དེར་བཀའ་ཤག་གི་ཛ་དྲག་ནང་མོལ་གནང་དགོས་པའི་དགོངས་གཞིའི་ནང་”རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དང་ཐད་ཀར་འབྲེལ་བ་ཞིག་མ་གནང་ན་ད་ལྟ་ལམ་སེང་འཕྲལ་དུ་ཁེ་དང་གྱོང་གི་ཁྱད་པར་ཞིག་མ་བྱུང་རུང་འབྱུང་འགྱུར་བྱུང་རབས་ཀྱི་ནང། སྐབས་དེ་དུས་འབྲེལ་བ་གནང་ཡོད་ན་དགེ་མཚན་ཡོང་རྒྱུ་ཞིག་ཡིན་པ་ལས་དེ་གནང་མི་འདུག་ཟེར་རྒྱུའི་གནས་ཚུལ་ཞིག་ལྷག་སྲིད། དེ་ཙམ་དུ་མ་ཟད་ང་ཚོའི་ངོས་ནས་གང་གནང་རྒྱུ་ཡོད་པ་དེ་དག་གང་དགའ་ཅི་ལེགས་ཀྱིས་ཆ་ཚང་བ་ཞིག་མ་གནང་ན་གཅིག་བྱས་ན་མ་འདེང་བའམ་ཆད་པའི་སྐྱོན་ཡོང་སྲིད་”ཅེས་རྡོ་རྗེ་གཡར་དམ་བརྟན་པོར་བཅས་ཏེ། ཛ་དྲག་ནང་མོལ་བྱུང་བ་མ་ཟད་འབྲེལ་མོལ་མུ་མཐུད་རྒྱུའི་དུས་ཚེས་རྣམས་ཀྱང་གཏན་འབེབས་བྱུང་སྟེ་རྒྱ་ནག་ཡིབ་ས་མེད་པ་ཞིག་བཟོས་པའི་ང་ཚོའི་སྐབས་མིག་མཐོང་ལག་ཟིན་གྱི་བྱུང་རབས་ཀྱིས་ཐོག་དྲངས་ན། སྲིད་སྐྱོང་ལྷན་རྒྱས་ནས་ཀྱང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་གནང་མི་ཐུབ་པའི་གནས་བབ་ཅིག་ནམ་ནམ་ཞར་ཞར་དུ་མེད་པ་རིག་པས་མཚུངས་བསྡུར་གྱིས་ར་འཕྲོད་པ་འདི་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཡིན་པས། ཕྱི་ཟླ་བཅུ་གཉིས་པ་འདི་ཁུག་རྟས་གནམ་ཆར་སྒུག་པའི་ནམ་ཟླ་དམིགས་བསལ་ཞིག་ལོས་ཡིན།།
༢༠༡༢། ༡༢། ༡༤ ། ཉིན་བྲིས།