ཤེད་བུ།
བདག་གིས་ད་ལོའི་ལོ་མགོ་ནས་བཟུང་འབེལ་རྩོམ་གྱི་གཞི་སྒྲོམ་མ་འཆོལ་བའི་སྟེང་ནས། འབྲི་སྟངས་གསར་བ་ཞིག་ལ་ཚོད་ལྟ་ལན་མང་བྱས་པ་ཡིན། དེ་ལ་བདག་གིས་ཀློག་དཀའ་བའི་འབེལ་རྩོམ་གསར་མའི་འབྲི་སྟངས་ཟེར་གྱིན་ཡོད། དེ་ནི་ཚིགས་བཅད་གང་ཞིག་ལ། ཚིགས་བཅད་ཀྱི་དབྱངས་འགྲོས་དོར་ཏེ། ཚིགས་ལྷུག་མའི་དབྱངས་འགྲོས་ལ་ཞུགས་པའི་རྩོམ་ལུས་ཤིག་ཡིན་པས། དབྱངས་འགྲོས་ངོས་མ་ཟིན་པའི་མི་དག་གི་ལྕེ་གཅོག་གྲབས་བྱེད་ཀྱང་སྲིད། ཡིན་ནའང་། དབྱངས་འགྲོས་རྙེད་རྗེས་ཆུ་བཞུར་བ་བཞིན་ཁ་ནང་ལ་ལྷུང་ནས་ཡོང་བའི་ཁྱད་ཆོས་ཤིག་ཡོད། མཐར་དེ་ལུགས་ཀྱི་སྙན་ངག་ཉི་ཤུ་ལྷག་བྲིས་པ་ལས་ཐོག་མར་ཚོད་ལྟའི་ཚུལ་གྱིས། འབེལ་རྩོམ་<<ཟླ་འོག་གི་གདུང་བ་>>ཞེས་པ་སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ ཉིན་། མཚོ་སྔོན་པོའི་བདག་གི་ཟིན་བྲིས་<<ཤེད་བུའི་གསོན་སྐད་>> (http://blog.amdotibet.cn/kangwod/index.aspx?page=2) ནང་སྤེལ་མོད། དམིགས་བསལ་གྱི་གྲགས་འགུལ་མ་བྱུང་། དེ་རྗེས་རིམ་པར་འབེལ་རྩོམ་<<དོམ་དྲེད་ཀྱི་བརྩེ་བ་>>དང་། འབེལ་རྩོམ་<<བསྐལ་ཆང་མངར་མོ།>> <<དཀར་ཡོལ་ནང་སྐྱག་པ་བཏང་བ།>> <<སྐྱག་པ་སྐྱག་དོང་ལ་གཡུག>> (ཕྱི་མ་འདི་གཉིས་སྙན་ངག་གླེང་སྟེགས་ནང་མ་གཏོགས་སྤེལ་མེད)ཞེས་པ་སོགས་དྲ་ཐོག་དང་སྐད་འཕྲིན་གྱི་བར་སྟོང་སྐར་ཁུང་ནང་སྤེལ་བ་ཡིན་ལ། ངེད་ཅག་གི་སྐད་འཕྲིན་ཚོགས་པ་<<སྙན་ངག་གླེང་སྟེགས་>>ནང་འདིའི་རིགས་ལ་བགྲོ་གླེང་ལན་མང་བྱས་ཤིང་ལྕེ་གཅོག་གྲབས་བྱེད་པ་ལྟར་ཀློག་དཀའ་བ་ལ་ངོས་འཛིན་གཅིག་གྱུར་དང་ཡིད་བརྙན་དང་མཚོན་ཐབས་རྣམ་པའི་སྒྱུ་རྩལ་གྱི་ཆ་ནས་ཚད་མཐོ་བའི་ངོས་འཛིན་བྱུང་། ཟླ་༨ ཚེས་༢༦ ཉིན་བདག་གི་འབེལ་རྩོམ་<<བསྐལ་ཆང་མངར་མོ་>>གྲོགས་གཅེར་བུ་བས་སེང་དྲའི་ནང་བརྒྱུད་འགོད་བྱས་པ་དང་། དེ་ནས་ཉིན་ཤས་ལས་མ་འགོར་བའི་ཟླ་ ༩ ཚེས་ ༣ ཉིན་སྐུ་ཞབས་སེང་རྡོར་གྱིས་བདག་གི་རྩོམ་སྟངས་གསར་བ་དེ་གཞིར་བཞག་ལྟར་<<ལྕེ་གཅོག་པའི་ཚིག་>>ཅེས་པའི་སྙན་ཐུང་ཞིག་བྲིས་འདུག་ལ། དེ་རིང་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༩ ཚེས་ ༦ ཉིན་སེང་དྲའི་( http://www.sangdhor.com/blog_c.asp?id=12300&a=sangdhor) ནང་སྤེལ་འདུག ད་དུང་འཕྲིན་གྲོགས་ཚོས་ ”འདི་ཁྱེད་ཀྱི་འབེལ་རྩོམ་གསར་མའི་བུ་རེད་” ཟེར་བ་དང་། “འདི་ཁྱེད་ཀྱི་འབེལ་རྩོམ་གསར་མ་དང་ཨེ་འདྲ་གི་”ཟེར་བའི་རྩོམ་ཁ་ཤས་འབྱོར་སོང་ལ། སེང་རྡོར་ལས་གཞན་དག་རྒྱ་གར་གྱི་མཐོ་སློབ་དང་གདན་སར་བཞུགས་པའི་སློབ་གཉེར་བའི་གྲས་རེད། བདག་གིས་ “སྔོན་ཆད་མ་བྱུང་བའང་འདིར་བརྗོད་མེད་” ཅེས་པའི་རྒྱལ་སྲས་ཞི་བ་ལྷའི་སྡོམ་ཚིག་རང་ལ་ངོས་འཛིན་ལས་ངའི་རྩོམ་ལུགས་བརྐུས་སོང་བར་སྙམ་གྱིན་མེད་པ་མ་ཟད། རང་གིས་བཙལ་བའི་རྩོམ་ལུས་འདི་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་སྟངས་ཤིག་དང་རྒྱབ་སྐྱོར་བྱེད་སྟངས་ཤིག་ཡིན་པར་ངོས་འཛིན་བཞིན་ཡོད། ཡིན་ནའང་། རྩོམ་སྟངས་འདི་གསར་རྙེད་ཀྱི་བདག་ཐོབ་གཞན་ལ་ཡོད་ཀྱི་མ་རེད། ལྷག་པར་གཞིས་ཀྱི་གཞོན་སྐྱེས་རྩོམ་པ་པོ་གྲགས་པ་ཅན་ཞིག་གིས་བདག་ལ་རྒྱབ་སྐྱོར་འདི་འདྲ་བྱས་པར་དགའ་བོ་བྱུང་ལ། འདི་ནི་བདག་གི་འབེལ་རྩོམ་གསར་མའི་འབྲི་སྟངས་འདི་ཤོག་ཐོག་ལ་མ་ཡོང་བར་དྲ་ཐོག་ནས་བསྟན་པ་དར་སྟངས་ཤིིག་ཀྱང་རེད་སྙམ། རྩོམ་སྟངས་འདི་ལ་དོ་སྣང་བྱེད་མཁན་མང་ཚོད་གདའ་བས་བདག་གིས་ཀྱང་འབེལ་རྩོམ་དེབ་ཕྲེང་གཉིས་པ་<<སྟོང་བའི་རྐང་མར་>>ནང་ལ་འབྲི་ཐབས་འདིའི་རིགས་ཀྱི་སྡེ་ཚན་ཞིག་བཟོས་ཡོད། གཤམ་འཁོད་གཉིས་ནི་བདག་གི་རྩོམ་སྟངས་འདིའི་རིགས་ཀྱི་འབེལ་རྩོམ་ཐོག་མ་<<ཟླ་འོག་གི་གདུང་བ་>>དང་སེང་རྡོར་གྱིས་བདག་གི་འབེལ་རྩོམ་གསར་མའི་རྩོམ་སྟངས་ལྟར་བརྩམས་པའི་རྩོམ་ཐོག་མ་<<ལྕེ་གཅོག་ཐུབ་པའི་ཚིག་>>ཅེས་པ་གཉིས་རེད།
______________________________________
བདག་གིས་འབེལ་རྩོམ་གསར་མའི་རྩོམ་སྟངས་ལྟར་བརྩམས་པའི་རྩོམ་ལས་ཐོག་མར་ཕྱི་ལོགས་སུ་བཀྲམ་པའི་རྩོམ།།
༑ཟླ་འོག་གི་གདུང་བ།
ཟླ་འོད་བསིལ་ལ་རླུང་བུ་བསིལ་བསི
གཤིས་ཀ་འཇམ་ལ་ངང་རྒྱུད་གཞུངས་
དལ་བ་དལ་བུར་ལུས་དང་སེམས་ཀྱི་
དོ་ནུབ་དངོས་གནས་ང་ནི་ལྷིང་
དོ་ནུབ་ལྟ་བུའི་དྲོད་བག་འཛོམས་
ལང་ལོང་འཁྲིགས་པའི་སྨུག་སྤྲིན་
ཁྱོད་ཀྱི་ཐག་ཉེ་ཐག་ཉེར་བཅར་ཞིང་
བརྙས་བཅོས་འདི་ནི་ལྷ་ཡིས་གནང་
བརྩེ་བ་ཟེར་བའི་འོད་ཟེར་དེ་ཀོ་
དྲན་པ་ཞེས་པའི་གདུང་བ་དེས་ཀྱང་
སྐྱིད་ལ་སྡུག་པའི་འཇིག་རྟེན་སྣ
འཚོ་བ་ལས་ཀྱང་མངར་ཆ་ཆེ་བ་བརྩེ་
ཟླ་འོད་འོག་ནས་མགོ་བོ་སྨད་དེ་
ཡོམ་ཡོམ་གཡོ་བའི་བསིལ་རླུང་ལས་
བདག་སེམས་གསོ་བའི་བརྩེ་བའི་ཟླ་
ཚ་གདུག་འོག་གི་མཚན་མོ་འདིར་ཡང་
སྟོང་བ་ཉིད་ལ་བདེན་པའི་གཟུགས་མེ
བརྩེ་བ་ལ་ཡང་རྟག་པའི་གཟུགས་མེད་
བསྟན་པའི་སྙིང་བོ་སྣང་བའི་ཆོས་
དྲན་པའི་སྲོག་དང་སྣང་གཟུགས་སྒྱུ
བརྩེ་བའི་འོད་ཀྱིས་བླ་སྲོག་བཀུ
དྲན་པའི་དུས་ལ་བཟོད་ཐབས་བྲལ་བས་
དུངས་བརྩེའི་ནོར་གྱིས་ཕོངས་པར་
མཚན་ནམ་རིང་མོར་དྲན་པས་རྡེག་ཅིང་
༢༠༡༣། ༥། ༢༣ ལ།
______________________________________
སེང་རྡོར་གྱིས་འབེལ་རྩོམ་གསར་མའི་རྩོམ་སྟངས་ལྟར་བརྩམས་པའི་རྩོམ་ཐོག་མ།
༈ ལྕེ་གཅོག་ཐུབ་པའི་ཚིག
ངས་རང་གི་ཉལ་ཁང་ནང་གི། །
ཅ་ལག་ག་གེ་མོའི་རྒྱབ་ཏུ། །
སྐད་རིགས་གྲངས་མེད་པ་ཤེས་པའི། །
རྨ་བྱ་ཞིག་བསྐུངས་ཡོད་པར་འདོད། །
ལྷ་སྒྲུང་གི་ལུང་གིས་བསྟན་པའི། །
རྨ་བྱ་དེ་འཕུར་གྲབས་བྱེད་དུས། །
ང་ནི་སྦྱར་དུག་གིས་ཟིན་ཏེ། །
ལག་པ་འདར་འདར་བྱེད་ངེས་མོད། །
ཆུང་མ་ཡི་བསམ་གཏན་དཀྲོགས་པའི། །
རྨ་བྱ་ཁྲ་ལང་ལིང་བ་དེ། །
ཁྱོད་རང་ཚོས་མཐོང་མྱོང་མེད་དེ། །
ངའི་སྐྱེ་བ་གཞུག་མའི་བླ་བྱའོ། །
༢༠༡༣ ༩ ༣
______________________________________
བདག་གིས་རྩོམ་ལུགས་འདི་བཞིན་བྲིས་པའི་སྙན་ངག་འགའ་ཟུར་བཀོད།
དོམ་དྲེད་ཀྱི་བརྩེ་བ།
ཟླ་འོད་ཀྱིས་ཚེས་པའི་ཆར་སྤྲིན་གྱི་མཚོ་མོ། །
བདག་ཁོ་ནའི་གདུང་སེམས་ཆེན་པོ་རུ་ངེས་པས། །
ནམ་ཡིན་ཡང་བདག་གི་དོན་ལྔ་རུ་ཟགས་འོས། །
སྐྱོ་སྐྱོ་དང་སྤྲོ་བས་ཁྱེད་ཉིད་ལ་མ་གནོད། །
སྐྱོ་ངལ་གྱིས་གཟེར་བའི་སེམས་པ་དང་གློ་བ། །
དོན་མེད་དུ་ཁྱོད་ལ་སྦྱར་བ་ཡང་ཐལ་སོང་། །
ཧམ་པ་ཞིག་ཁྱོད་ལ་ཡང་ཡང་དུ་བསྟན་པས། །
ཁྱོད་ཉིད་ཀྱང་ཉོབ་ཐག་ཆོད་པ་ལ་དགོངས་དག །
སྟག་ཤར་རའི་སྣང་བ་ཐེག་མཁན་གྱི་བུ་མོ། །
འཇིག་རྟེན་ལ་ད་དུང་འབྱོན་མེད་ཚོད་རེད་སྙམ། །
གནམ་འོག་ན་བུད་མེད་མེད་སོང་བ་མིན་ལ། །
བོད་ཡུལ་ནི་ཁྱོད་ཚོ་ཡོང་མི་འོས་ས་དེའང་མིན། །
དགའ་དུས་སུ་དགོད་རོགས་ཁོ་ན་ཞིག་ཡིན་ན། །
བུད་མེད་ལགས་རང་གི་གཟུགས་པོ་ལ་བདག་བྱོས། །
སྨྱུ་གུ་ལ་འདྲེས་པའི་ང་རང་ནི་དོམ་དྲེད། །
ནགས་གསེང་ན་རྒྱུ་བ་དེ་འདྲ་ཞིག་ཡིན་སྲིད། །
ཞེ་སྡང་གིས་བརྩེ་བ་སྟོན་མཁན་ལ་ཉོབ་ཀི །
བརྩེ་བ་ནི་ཁྱོད་ཀྱི་ཕྲག་དོག་རང་ཡིན་ན། །
འཇིག་རྟེན་འདི་བརྩེ་བས་སྟོང་ན་ཡང་འོས་བས། །
ངས་ཁྱོད་ལ་རྣམ་ཀུན་ལྟ་སྟངས་དེ་ནོར་འདུག །
དོ་ནུབ་ནི་བདག་ལ་བསིལ་རླུང་ཞིག་མཁོ་བས། །
དོན་ལྔ་བོ་མཉམ་དུ་ཁམས་གསེང་ལ་རོལ་འདོད། །
རྒྱང་རིང་ནས་ང་ལ་མ་བཅར་རོགས་བུ་མོ། །
དོམ་དྲེད་ང་བརྩེ་བའི་གཤིན་རྗེ་རང་ཡིན་ནོ། །
༣༠།༠༨།༢༠༡༣ ཉིན།
འབེལ་རྩོམ་བསྐལ་ཆང་མངར་མོ།
མིག་ཟུང་སྦྲིད་པ་བཞིན་མུན་པའི་མཚོ་ལས་གསེར་གྱི་ཆུ་བྱ་ཞིག་གདུང་བས་འཕྱོ། །
ཕངས་མེད་ན་ཟུག་གིས་འཕྱུར་བའི་རྒྱ་མཚོ་རླབས་ཀྱིས་རྐུབ་ཤ་དེ་འཁྲུག་པོར་གཡོས། །
མཐོ་བ་གནམ་འདེགས་ཀྱི་གངས་དང་རི་བོ་ཞོགས་ནས་མཚོ་མོ་ལ་བརྡབས་ཤིང་རྡེག །
རང་བྱུང་ཁམས་ཆེན་པོར་འདྲེས་ཤིང་འཛིང་བའི་ཁྱོད་རང་རྟ་རྒོད་ཀྱི་རྨིག་རྡུལ་ན། །
རྐང་པ་སྤྲུག་ཙམ་ནས་རླབས་ཞགས་དགུང་དུ་སྐྱོམ་པར་སུ་ཞིག་གིས་རོལ་བར་འགྱུར། །
ཁྲག་རྟགས་ལ་འཐིམ་པའི་ལག་ཟུང་ཤུགས་ཀྱིས་མ་གནོན་འཕག་འཚག་གིས་གདུང་ཞིང་གཟེར། །
བྱེ་ལྗོངས་རྐང་རྗེན་དུ་གཤག་པའི་གདུང་བ་མ་གསང་སྤོབས་སེམས་ཀྱི་མགོ་བོ་དེ། །
བགྲོད་པར་དཀའ་བ་ཡི་གངས་དང་མཚོ་དང་བྱེ་མའི་ཐང་ཆེན་དང་སྤྲིན་པ་རེད། །
མཐུ་སྔགས་ཀྱིས་ཟོས་པའི་ཆོས་པ་ཧམ་པ་ཅན་ཀྱི་བློ་ངོ་ལ་ཤོང་དཀའ་བ། །
མིག་ཤེལ་ལ་གྱུར་བའི་མི་བོ་གོང་འོག་དག་གི་བློས་བསླངས་ལས་བརྒལ་བ་ཡི། །
ཚོར་བའི་གཏིང་མ་རུ་བསྙལ་བའི་བསྐལ་ཆང་འཁྲུག་པོ་འདམ་འབག་དང་ལྷན་དུ་བཏོན། །
སྙན་ངག་ལ་གྱུར་བའི་སྣང་བརྙན་བསྐལ་བར་བསྙལ་བའི་ཝུ་ཆང་དེས་བཟི་བ་འདྲ། །
རྟ་རྒོད་ཐོང་འོག་ནས་ཞོགས་ཀྱང་འཕྱོ་བའི་གར་གྱི་རང་དབང་ལ་ཞོན་ཏེ་ཤོག །
གནམ་གྱི་ཕྱེད་ཀ་རུ་སྨྲ་བའི་ལུགས་སྲོལ་རལ་བའི་གསེར་བྱ་ཁྱོད་མཐོང་ཙ་ན། །
གཤོག་པ་གཟེང་བ་ཡི་ཐང་ནག་འཕུར་རྩལ་ཆེ་བ་གནས་དེ་རུ་འགྱེལ་གྱིན་པས། །
པི་ཝང་ཆག་རོ་ཞིག་ཉམས་ཀྱིས་བརྡར་བའི་ལྷ་མོ་འོད་ཟེར་ཅན་ལ་སུ་ཞིག་ཕྱོགས། །
རྐང་བ་བརྡབས་ཙ་ན་སྨྱོས་པར་འགྱུར་བའི་སྨུག་རྡུལ་ཐོལ་བྱུང་དུ་ལངས་ལགས་སམ། །
གྲོད་པ་ནུབ་པ་ཡི་སྐྱེས་པ་དེ་ལ་འཁོར་གསུམ་རྐུབ་གཡུག་གིས་བསྐོར་ཙ་ན། །
ཁྱོད་ཀྱིས་སུ་ཞིག་གི་ལག་པར་ལྕགས་འཛེར་བརྡབས་པ་ཕྱི་མ་དང་གང་ལ་གསང་། །
བསྐྱར་དུ་ནམ་མཁའ་རུ་བརྗེད་ཐབས་བྲལ་བའི་མི་སྐད་འཇིག་རྟེན་ལ་འགྲིམ་ངེས་སམ། །
གནས་ས་ངེས་མེད་དུ་དབུགས་དང་བྲལ་བའི་གར་བ་སྣ་ཚོགས་ཤིག་ཁྲིད་དེ་ཤོག །
རི་བོ་མཐོན་པོ་དང་བྱེ་མའི་ཐང་ཆེན་བརྒྱུད་དུས་སུ་ཞིག་ནི་དེ་དག་རེད། །
ཁྱེད་ཀྱིས་དེ་དག་ལ་སྨྲ་བ་སྦྱིན་ཞིང་སྲོག་དབུགས་ཕངས་མེད་དུ་སྩོལ་དོན་ཡང་། །
འཇིག་རྟེན་བཞེངས་པ་ལ་རྐང་ལག་བཞི་རྐྱོང་བྱེད་པ་སྡུག་གྱོང་དུ་བལྟས་ལགས་སམ། །
བརྩེ་བ་ང་ལ་སྤྲོད་མཚམས་སྤྲིན་ཞུགས་པའི་ལང་ཚོ་འོད་ཟེར་གྱི་བདག་རང་ཡིན། །
སྡིགས་པ་ང་ལ་སྤྲོད་བཙོག་པར་གྲུབ་པའི་འདམ་རྫབ་བརྩེ་བ་ཡི་བསྐལ་ཆང་ཡིན། །
གསེར་གྱི་ཆུ་བྱ་ལགས་རི་དང་ཀླུང་ཁམས་བཅས་པའི་རང་བྱུང་ཁམས་སྩོལ་རོགས་ཞུ། །
འཁོར་བ་སུ་ཞིག་གིས་མ་བྱས་མ་གྲུབ་བདག་དང་བརྩེ་བ་ཡི་སྟོང་བ་དེའོ། །
༢༥།༠༨།༢༠༡༣ ཉིན།
ཟླ་མཚན་གྱིས་གཤེར་བ།
ནམ་མཁའ་དྭངས་ཤིང་ཟླ་འོད་ཀྱིས་ས་གཞི་མེར་བར་གྱུར།།
ང་རང་ག་ལེར་མཚོ་ཆེན་དེས་རླབས་རྒྱུན་གྱིས་ཁྱེར་བྱུང།།
རྨི་ལམ་མིན་པའི་སྟོང་སྣང་གི་དོ་ནུབ་འཇམ་པོ་འདུག
ང་ལ་ཟླ་འོད་ཀྱིས་གཟས་པ་ཁོ་ན་བརྩེ་བ་འོ།།
རླུང་བུ་འཇགས་པས་ས་གཞི་ལ་གདོས་ཚད་འཕར་བར་གྱུར།།
རྒྱང་ཐག་རིང་བོའི་དགོད་སྒྲ་ཡིས་སེམས་ཀྱི་རོལ་མོ་དཀྲོལ།།
ཟླ་འོད་སབ་སིབ་འཕྱོ་བ་ཡི་གར་སྟེགས་ཡངས་ཤིང་ཆེ།།
བརྩེ་བའི་ཡི་དྭགས་སྨུག་པོ་ཁྱོད་བདག་ལ་སྡོངས་གྲོགས་མཛོད།།
མི་དང་ཁྱི་དང་འདབ་ཆགས་ཀྱི་འུར་སྒྲ་འཇགས་པར་གྱུར།།
སུ་ཞིག་རང་དབང་བླ་མེད་ཀྱིས་བདག་གི་མཚོ་མོར་ཞུགས།།
ཡས་དང་མས་ཀྱི་སྟོང་བ་ཉིད་དོ་ནུབ་གཞར་ཡང་མེད།།
ཁྲག་གི་རྩ་འཁོར་གདུས་བྱུང་བ་བདེ་བ་ཆེན་པོ་དེའོ།།
ལུས་དང་ངག་གི་རིག་བྱེད་ལས་འདས་པ་བདེན་པར་སྲིད། །
འོན་ཏེ་ཁྱོད་ཀྱི་མངལ་ལམ་ལ་སྦྲུམ་པ་འདི་ཡོད་ཚད། །
ཉེས་པ་མེད་པའི་གནམ་འོག་གི་གཙང་བོ་དེ་ཡིན་ངེས། །
ཡན་ལག་ཉིང་ལག་དང་བཅས་པ་གཙང་བོར་ཞུགས་སུ་གསོལ། །
ལྷུང་ལྷུང་འབབ་པའི་གཙང་བོ་ཁྱེད་ཡུན་གྱིས་གང་དུ་འབབ། །
རེ་བཞག་ཡོད་ཚད་ཁྱོད་ཉིད་ལས་བདག་ལ་བསྟམས་བྱུང་བས། །
རང་གི་སྣ་ཤེས་ཀྱིས་ཚོར་བའི་ཟླ་འོད་དཀར་མོ་ལགས། །
ཡོམ་ཡོམ་འདར་འདར་བསྐྱོད་པ་ཡི་ཀོ་གྲུར་མཐོང་བར་མཛོད། །
ཁྲག་དང་རྣག་དང་ཁྱིམ་ཕྱགས་ཀྱི་རྡུལ་འཚུབ་དང་བཅས་པ། །
ཐ་མག་རྐང་གཅིག་གི་ཡུན་དུ་བདག་ལ་སྦྲུམ་བྱུང་བས། །
ཁྱོད་ཀྱིས་མགོ་བོ་མི་སྨད་པར་བདག་ལ་ཡི་གེ་ཐོངས། །
ཁྱོད་ལ་རང་གི་སེམས་པ་དང་གློ་བ་བདག་གིར་ངེས། །
ཤཱཀྱ་ཐུབ་པའི་གཞུང་ལུགས་ལ་འདི་ཉིད་གསལ་བ་དང་། །
རང་བྱུང་ཁམས་ཀྱི་སྣང་ཚུལ་ན་ཁྱོད་ཉིད་འགྲེལ་གྱིན་པས། །
ཇ་ཡུན་ཙམ་གྱི་གཏམ་དག་ཀྱང་རླུང་ལ་སྐུར་བར་ངེས། །
གནམ་ལ་བཟེད་པའི་ཉེས་པ་ཀུན་བདག་ལ་སྨིན་གྱུར་ཅིག །
ལམ་ཕྲན་དེ་རུ་ཀ་ཁ་ཡི་དབྱངས་རྟར་གྱུར་བ་དག།
བྱམས་བརྩེའི་ཉི་འོད་ལ་འཇུས་ནས་འཚང་ཁ་རྒྱག་གིན་གདའ།།
གཉིད་མ་སད་ཀྱི་ནམ་མཁའ་ལའང་སྤྲིན་པ་མང་པོ་འདུག
སྔོན་ཆད་སུ་ཞིག་གི་གཉའ་བ་རུ་སྤོབས་པས་ཞོན་པ་དྲན།།
ང་ལ་རང་དབང་མེད་ཀྱང་འཐུས་རྦད་དེ་རྒྱགས་ཐལ་བ།།
ཁྱོད་ཀྱིས་གཅེར་རྒྱན་དམར་ཧྲེང་ལ་ལྟོ་བ་མ་སྟོན་ཀྱེ།།
ང་ལ་ཞོགས་པ་བསིལ་མོ་འདིའི་འཇིད་རྟེན་མཁོ་བར་ངེས།།
སྦྲུམ་མ་མིན་ལ་ཟླ་མཚན་ཡང་བྲལ་བ་དེར་རོལ་དགོས།།
རྩྭ་ལྗང་གི་བསིལ་བ་ལས་འཐུལ་བའི་ལུས་དྲི་བརྗེད་ཐབས་བྲལ།།
བདག་གིས་དངོས་ཡོད་ཚོར་ཤེས་ཀྱིས་རོལ་ཞིང་ཐོབ་པ་འདི།།
བརྩེ་བའི་ལྷ་ཆེན་གྱིས་གནང་བའི་བྱིན་རླབས་ཕྲན་ཚེགས་ཤིག།
འདི་ཙམ་བདག་གིས་སྟབས་གཟར་མོའི་སྐད་ཅིག་མ་དེ་ལའོ།།
༢༢།༠༧།༢༠༡༣ ཉིན།
དཀར་ཡོལ་ནང་སྐྱག་པ་བཏང་བ།
རྐང་སྣུམ་གྱི་ཁ་ཐག་བཀྲོལ་བ་སྒྱུ་རྩལ་ཞིག་མིན་ཚོད་རེད་དེ། །
དཀར་ཡོལ་གྱི་ནང་ལ་ནན་གྱིས་སྐྱག་རྒན་ཞིག་བཙན་གྱིས་བཙིར་བ། །
སྒྱུ་རྩལ་ལས་རྒྱུ་མ་ཉོག་བྱེད་འབག་སྐུ་ཞིག་གཟེར་བ་འདྲ་བྱུང་། །
རང་ཉིད་ཀྱི་སྣ་བུག་བསུམ་ནས་སྒོར་འགྲོ་བ་དག་ཞིང་རང་རེད། །
གནའ་ཞིག་ལ་རྒྱ་གར་བྱེད་པ་སྲིད་གཞུང་གི་ཁ་བྲལ་རེད་མོད། །
སྐྱག་རྒན་དེས་དཀར་ཡོལ་བརྫད་རྗེས་ཉེས་ཅན་ཚོ་དག་སེལ་བྱས་སོང་། །
གནའ་ཤི་དག་རོ་ལངས་བརྒྱབ་ནས་རུལ་མྱགས་ལ་ལག་པ་འཆང་སོང་། །
བསྡད་ཀྱིན་ལ་དྲི་མ་ཁ་དང་ཁོག་ལ་འང་འཐིབས་ནས་སླེབས་སོང་། །
སྲིད་གཞུང་གིས་ཇུས་འགོད་མཁན་ཚོས་སྤྱོད་ཁང་ལ་བརྙས་མགོ་ཚུགས་རྗེས། །
ཏག་ཏག་ལ་ཁྱི་ཕྲུག་མགོ་གཟེང་པ་ལགས་ཀྱི་ལག་མགོར་འཐམ་ཏེ། །
དཀར་ཡོལ་ནང་སྐྱག་པ་གཏོང་གིན་སྤྱང་ཀི་དང་འབྲེལ་ལམ་བཙུགས་སོང་། །
ཁྱི་སྤྱང་གཉིས་ལུག་ཤ་ཟ་བར་ཁྱད་པར་ཞིག་གང་ན་ཡོད་ཨང་། །
སྐྱག་པ་དང་འདྲེས་པའི་རྩྭ་སྐྱ་ཟ་བ་ལས་ང་རང་འབར་ཆོག །
སྤྱང་ཀི་ལ་གུས་པའི་མགོ་བོ་འདུད་པ་ལས་ང་རང་འབར་ཆོག །
འབྲོང་རྒོད་དང་རྟ་རྒོད་ཐ་ན་ཞོལ་ལུག་བཅས་ཚག་ཚག་འབར་སོང་། །
ཨ་ཕ་ལགས་མེ་ལྕེར་ཧེད་ནས་ཐལ་མོ་ཞིག་བྲང་ཁར་སིམ་སོང་། །
ལྟ་གྲུབ་ལ་འགལ་ཟླ་ཤོར་བའི་སྤྱོད་ཁང་འདི་ཆེ་སོང་ཆུང་སོང་། །
གནའ་ཞིག་ལ་ཨ་ཕ་ལགས་ཀྱིས་ཇུས་འགོད་དང་གཙང་སྦྲ་བྱས་མོད། །
ཨ་མ་ལགས་ཁ་དབང་ཆེ་བས་གཙང་ཤོག་རེས་སྐྱག་ཐུམ་བརྒྱབ་རྐྱེན། །
གཙང་ཤོག་ལས་སྐྱག་པ་འཛར་ནས་སྤྱོད་ཁང་འདིའི་བཟོ་ལྟ་འཆོལ་སོང་། །
དཀར་ཡོལ་ལས་སྐྱག་པ་ཟ་བའི་ཁྱི་གུ་དག་སྙིང་རྗེ་རང་རེད། །
དཀར་ཡོལ་ལས་སྐྱག་པ་གཙང་ཞིང་དཀར་ཡོལ་ལ་རྣམ་རྟོག་ཟོས་སོང་། །
ཧ་ཧ་ཧ་རྣམ་སྲས་རྟ་བརྒྱད་འཕྱོ་བ་ཡི་མེས་པོའི་གཙང་ཕོར། །
ད་ངོ་མ་འཇིག་རྟེན་འདི་ལ་སྙིང་བོ་ཞེས་ཨེན་ཙམ་གདའ་འམ། །
ན་ནིང་ནས་མི་བོ་དག་གིས་སྐྱག་རྒན་རེ་གཏོང་མགོ་ཚུགས་སོང་། །
དཀར་ཡོལ་གྱི་ངོས་དང་ཕྱི་རོལ་ཙམ་ཞིག་ཀྱང་མ་མཐོང་ཁུལ་དུ། །
ཐལ་མོ་དང་ཕྲེང་བ་མཉམ་དུ་དྲི་ངན་དང་བཅས་ཏེ་བཙིར་སོང་། །
རེ་ཞིག་ལ་བདག་ཀྱང་ཧེད་ནས་ནུབ་ཕྱོགས་ལ་དྲི་བ་འདི་བཏང་། །
ཁྱི་ཞིག་གིས་སྐྱག་པ་གཏོང་བར་ལོ་མང་ཞིག་དགོས་པ་རེད་དམ། །
ཁྱེད་ཅག་གིས་དཀར་ཡོལ་སྐྱག་པས་སྦང་བཞིན་དུ་ཆབ་སྲིད་སྦྱངས་སམ། །
ནུབ་ཕྱོགས་ལ་རྒྱུ་འབྲས་མེད་པ་ད་དངོས་གནས་ར་སྤྲོད་བྱུང་ཐལ། །
ཤར་ཕྱོགས་ཀྱི་གཙང་བཙོག་རིག་པར་ནམ་ཞིག་ལ་གསར་བརྗེ་བྱས་ལགས། །
དེ་ལས་ཀྱང་དྲི་བ་མཚར་པོ་མང་པོ་ཞིག་རིམ་གྱིས་འཁོར་སོང་། །
བརྩེ་དུང་གིས་ཡུལ་སྐད་སྦྱར་བ་དམར་ཕྱོགས་ཀྱི་ལྟ་བ་ཡིན་ལ། །
འགྱིང་ཉམས་ཀྱིས་ཕོར་བར་གཟེར་བ་མང་གཙོ་དང་རང་དབང་རེད་དམ། །
ངས་ངོ་མ་དྲི་བ་འདི་ལ་ལན་བཟོ་ཙམ་རྙེད་པར་མ་གྱུར། །
གཟན་ཕབ་ནས་སྐྱག་པ་བཟེད་པའི་དགེ་བཤེས་དེར་དངོས་གནས་མཚར་སོང་། །
སྐྱག་པ་ལ་ངོ་མཚར་ཆེ་བའི་གཞོན་སྐྱེས་དག་སྙིང་རྗེ་རང་རེད། །
ཤེས་འཆལ་གྱི་ང་ཚོ་དོན་ལ་འཇིག་རྟེན་གྱི་ལྟ་ཚུལ་ནོར་ཞིང་། །
རྒྱུ་འབྲས་དང་ཀུན་སྤྱོད་གནད་དོན་བཅས་པར་ཡང་གས་ཁ་ཤོར་ཡོད། །
སྐྱིད་པོ་རེད་གསེར་གྱི་ཚིགས་ཁེབས་བྱུར་དམར་གྱི་སྐྲ་ཡི་ལན་བུ། །
གནའ་དཔེ་ལ་འོས་པའི་མི་རིགས་འགྲེམ་སྟོན་ལ་མཁོ་བའི་མི་རིགས། །
ཤེས་རིག་དང་གོ་རྟོགས་མེད་སར་གླེན་རྟགས་ཀྱི་མཚོ་མོ་འཕྱུར་བ། །
སུ་ལ་ཡང་འགྲེལ་བཤད་དགོས་པའི་གནད་དོན་ཞིག་ག་ལ་ཡིན་ཨང་། །
ངག་ལྡབ་ལྡིབ་བོད་སྐད་ཨམ་སྐད་འདྲ་བོ་ཞིག་འདི་ལྟར་བཤད་ན། །
ཨ་མ་ཡིས་ཤོག་བུར་གཅུད་པའི་སྐྱག་ཕྲུག་ཚོ་གད་ན་ཐང་ཨང་། །
སྐྱག་པ་ལགས་ཇི་འདྲ་བཙན་རུང་སྤྱོད་ཁང་ལས་གཞན་དུ་མི་མཛའ། །
མེས་པོ་ཡི་གཙང་ཕོར་བརྫད་ན་ཤི་འཛིང་ཞིག་ཡིན་རུང་ལོས་བྱ། །
༢༩།༠༨།༢༠༡༣ ཉིན།
སྐྱག་པ་སྐྱག་དོང་ལ་གཡུག
མི་ལ་དགོས་པའི་བདེ་སྐྱིད་འདི་ཅུང་ཙམ་སྔ་སོང་། །
ཨ་ཕ་ལགས་ཀྱིས་ཕོ་ཚོད་དང་ཤེས་རབ་བཀོལ་ནས། །
ཧི་མ་ལ་ཡའི་འདམ་གཞུང་གི་བ་གླང་དག་ལ། །
ཆེ་ལ་བརྗིད་པའི་བདེ་སྐྱིད་འདི་བསྐྲུན་པ་སྔ་སོང་། །
ནུབ་ཀྱིས་མཁས་པ་སོ་ཁོར་ཁྲིར་འོས་འདེམས་བྱས་ཏེ། །
འཇིག་རྟེན་དཀར་ངོགས་ལ་བྲལ་བས་བདག་ཀྱང་ཞེད་སོང་། །
རྣམ་དཔྱོད་ལྐུགས་པའི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་པ། །
སྔ་ཐལ་ཆེ་བའི་མཇུག་འབྲས་ཀྱི་མེ་ཏོག་ཡིན་སྲིད། །
མི་སྟེ་རྣམ་དཔྱོད་རྒྱུད་ལྡན་གྱི་སྐྱེ་བོ་དག་གིས། །
ཁྲག་དྲོན་ས་ལ་གཏོར་བཞིན་དུ་འདི་ལ་བསྙབས་མྱོང་། །
ཕྱུགས་སྟེ་བ་གླང་ཁྱུ་ཚོགས་ཀྱིས་འདི་ནི་ངོ་སོ། །
ཕ་ལ་ཕུལ་བའི་དམ་ཚིག་གི་འབྲེལ་བ་ཡིན་ཟེར། །
དཀོར་གྱིས་བསྒྱངས་པའི་ཞོལ་གཡག་གིས་ཤུགས་རིང་འཕེན་གྱིན། །
སྤྲང་བོས་སྤྲང་གཞུང་བཙུགས་པ་དེ་བཀྲ་ཤིས་མ་ཡིན། །
ལྟོས་ངན་རྒྱ་འགོང་དར་དུས་སུ་ཕལ་བའི་མི་ཡིས། །
སྡེ་མགོ་ཚོ་མགོ་འཛིན་པ་ལ་ཧབ་ཐོབ་བྱེད་ཟེར། །
བ་རྫི་ཁ་བདེ་མགོ་བདེ་ཡིས་ཨ་ཕའི་འཆར་སྣང་། །
རབ་རིབ་གླེན་ཤད་འདྲེས་ཆེ་བས་ནུབ་ལའང་མ་དར། །
ཨེ་ཤ་ཡ་ནས་ལྟ་གྲུབ་ལ་འགལ་ཟླ་ཤོར་སོང་། །
འབོད་སྒྲ་ཡ་བྲལ་དུ་མ་གྱེས་པར་བདེ་སྐྱིད་མེད་ཟེར། །
གླེན་ཤད་ཆེ་ལ་རྣམ་དཔྱོད་དང་བླང་དོར་བྲལ་བའི། །
ཧི་མ་ལ་ཡའི་འདམ་གཞུང་གི་བ་གླང་དག་གིས། །
ཕ་ཡི་རྣམ་དཔྱོད་ལྷའི་བྱིན་རླབས་ཉག་གཅིག་ཡིན་པས། །
བསོད་ནམས་གསེར་བྲིས་མ་བོ་འདི་ལྷ་ཡིས་བསྩལ་ཟེར། །
བདག་གི་ཨ་ཕའི་རྔུལ་ཆུ་འདི་རྣམ་དཔྱོད་རང་དང་། །
མི་ལོ་བདུན་ཅུའི་དཀའ་སྡུག་གི་འཚོལ་སྙེག་ཅིག་དང་། །
སྤྲང་བོའི་ཕོར་བ་འཆི་མེད་མ་ཁོ་ན་ཡིན་པས། །
དྲི་ངན་འཐུལ་བའི་སྐྱག་པ་དག་སྐྱག་དོང་ལ་གཡུགས། །
སྐྱག་པ་གཏོང་བ་རྒྱུན་ལྡན་ཞིག་ཡིན་ཆོག་མོད་ཀྱང་། །
ཕོར་ནང་སྐྱག་པ་གཏོང་བ་ནི་ང་ལ་མཚོན་ན། །
ན་ཟུག་དྲག་པོ་གཏོང་བ་ཡི་སྐྲན་འབུར་ཞིག་སྟེ། །
སྒལ་གཟེར་ཙག་ཙག་བྱེད་པ་ཙམ་གཞར་ཡང་མིན་ནོ། །
ཤ་འཁོན་ལྟ་བུའི་ཞེ་སྡང་འདི་ནོར་ཡོད་སྲིད་མོད། །
འབེལ་རྩོམ་སེང་ཆེན་ངར་མ་ཡིས་མ་ཁྲོལ་བ་དང་། །
འབེལ་རྩོམ་དོམ་ནག་སྨྱོན་པ་ལས་རྩུབ་སྤྱོད་ལྡན་པའི། །
གཏན་ཚིགས་འདི་དག་ཤི་སོང་རུང་བཤད་དགོས་པར་བསམས། །
༠༢།༠༩།༢༠༡༣ ཉིན།
བཀླགས་ཡོད།
བསམ་བློ་དང་བླ་སྲོག་ཟེར་བ་མེད་པའི་ཚིག་གིཝུ་བ་ཅི་ལྟར་འཕྱོ་ཡང་། དོན་དག་དང་སྙིང་བོ་ཟེར་བ་ཞིག་མི་མཐོང་།དཔེ་མཚོན་ཞིག་སྟེ་ཨ་འཇམ་ཟེར་བ་དང་ཤེད་བུ་ཟེར་བའི་གྲྭ་ལོག་རྩོམ་དགའ་བ་ཁ་ཤས་ལའོ།
དམིགས་བསལ་ཁྱད་ཆོས་འདུག ང་ཚོ་ཡིག་ངག་གཉིས་ཐག་ཇེ་ཉེར་གཏོང་བའི་སྙན་ངག་གི་གོམས་པ་གསར་པ་ཞིག་ལ་རྩིས་ཆོག བསམ་བློ་རྣོན་པོ་རེད། རྗེས་སུ་ཡི་རངས་ཡོད། འདི་ལྟ་བུའི་རྩོམ་སྔོན་མ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ཐོག་ལ་ཐེངས་འགའ་ཤས་ཐོན་སོང་། ཤིན་ལྷོག་པོ་དང་གསལ་པོ་རེད། འདིའི་ནང་གི་ཁྱད་ཆོས་གཅིག་ནི་གཞས་ཚིག་གི་བྲོ་བ་ཏོག་ཙམ་ཡོད་པ་ལྟ་བུ་འདུག
དཔེར་ན། བྱ་དེ་ཁྲུང་ཁྲུང་དཀར་མོ། ཤོག་རྩལ་ང་ལ་གཡོར་དང་། ཐག་རིང་སྐོར་ནས་མ་འགྲོ། ལི་ཐང་སྐོར་ནས་ཡོང་ཆོག
ཁྱེད་ཀྱི་འདི་ལ་གཟིགས་སྟངས་གང་ཡོད་དམ།
རྩོམ་ཟེར་བ་དེའི་སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པ་ལས་རྩོམ་མཁན་རང་ཉིད་ཁྱད་བསྒྲགས་བྱེད་པ་འདི་རང་ཉིད་ལ་ཡིད་ཆོས་མེད་པའི་རྟགས་རེད་།
ཚིག་བཅད་འགའི་ནང་དུ་རྒྱ་ཚིག་ཁ་ཤས་འདྲེས་པ་ལས་ཁྱད་ཆོས་གཞན་གང་ཡང་མཐོང་མ་སོང་།
ད་དུང་ཡུལ་སྐད་འགའ་ཡང་འདུག
དང་པོ་ཀློག་ཅེས་ངུ་ལ་ཁད།
བར་དུ་རྐུ་ཡང་འཛུགས་ལ་ཁད།
མཐའ་མར་ཨ་ཇོར་བཙོང་ལ་ཁད།
བྱ་བྲལ་རྩོམ་ལ་མི་དགའ་ཁད།
ཡོད་ཚད་མི་ཡིས་གོ་ལ་ཁད།
བདེན་པས་ལྷག་མ་ལུས་ཁད།
སྙན་པས་སྲོག་གྱང་འཚོ་ལ་ཁད།
རྫུན་གྱིས་མི་ཡང་བཙོང་ལ་ཁད།
ཚིག་གིས་རིགས་རྒྱུན་སྲུང་ལ་ཁད།
ཚིག་གིས་སྡང་བས་འཐོར་ལ་ཁད།
ཚིག་གིས་བྱམས་བརྩེ་སྤུངས་ལ་ཁད
ཚིག་གིས་འབྱུང་བ་སྐྱེད་ལ་ཁད།
ཚིག་དང་རྟོག་པ་འདྲ་ལ་ཁད།
རྟོག་པ་ཚིག་དང་འདྲ་ལ་ཁད།
འཇིག་རྟེན་འགོད་པར་བྱེད་ལ་ཁད།
སླར་ཡང་སྡུད་པར་བྱེད་ལ་ཁད།
ཨ་མས་ཁད་ཀྱིས་རིག་པ་བསླབས།
སྟོན་པས་ཁད་ཀྱིས་སྦྱོར་བ་བསླབས།
རང་གིས་ཁད་ཀྱིས་སྦྱོང་བ་བྱས།
ཁད་ཀྱིས་ཁམས་ཀྱང་སངས་ལ་ཁད།
མྱི་འདིའི། བཤད་ཚུལ། གཤོབ་ཚུལ། འཁོར་ཕྱོགས། ལྟ་སྤྱོད། ཆ་གང་ལ་བལྟས་ན་ཡང་། མྱི་རྩ་དྭངས་རྩ་དྭངས་ཟིག་མིན་པ་འདྲ།
གཏན་ཚིག་ཅིག་བཤད་རྒྱུ་ཡིན་ཟེར་ནས་སྐྱག་ལབ་རེ་བརྒྱབས་པ་མ་གཏོགས། བཤད་བཞག་བཞག་བཞག་ནིའི་གཏན་ཚིགས་ཟིག་མཐོང་ཐེས་ན་ཡོད་ཚོད་མི་འདུག་གོ།
ཨོ། གོང་གི་སྐད་ཆ་འདི་སེང་རྡོར་ཟེར་བ་དེ་ལ་བཤད་ཡིན། ཤེད་བུ་ལ་ཞུས་མིན།
དེ་རིང་གྲོགས་པོ་ཞིག་གི་ཁ་པར་ཡོང་སྟེ་བོན་རྒྱའི་ཁྱི་ལབ་ལ་སེང་རྡོར་གྱིས་སྐད་འཕྲིན་དུ་གསལ་བཤད་བྱས་ནས། ཁོང་གིས་རྩོམ་ཡིག་དེ་འདྲ་ཞིག་ལད་ཟློས་ཕར་ཟད། མཐོང་མྱོང་ཡང་མེད་ཟེར། རྡ་སའི་གྲུ་ལོག་ཚོས་ཞབས་འདྲེན་འདི་འདྲ་ཞུས་
སེང་རྡོར་དང་ཤེད་བུ་སུ་ཡིན་ཡང་གསར་བ་ཞིག་དང་ཕན་ཚུན་ལ་རྐུ་རེས་བྱེད་དགོས་པ་ཞིག་ཁོ་གཉིས་སུས་ཀྱང་བྲིས་ཡོད་པ་ཞིག་མཐོང་མ་སོང་ལ་རྗེས་ཕྱོགས་ཀྱང་མཐོང་གི་རེད་བསམ་གི་མེད། སེང་རྡོར་གི་བཅད་གསར་ཞེས་ནས་ཅི་ལྟར་བཤད་ཀྱང་རུང་སྒྲིལ་ཏེ་བཤད་ན་གྲོང་སྐད་དམ་ཡུལ་སྐད་ཡང་ན་ཁ་སྐད་ཀྱི་ཐ་སྙད་ཁ་ཤས་ཤིག་བང་སྒྲིག་པའི་སྐད་ཆའི་འགྲོས་འཁྱ་མ་འཁྱོར་ཞིག་མ་རེད་དམ། སེང་རྡོར་གི་ཐ་སྙད་སྒྲིག་སྟངས་འདི་གནའ་སྔ་མོ་ནས་ང་ཚོ་ལ་ཡོད་བསྡད་པ་ཞིག་རེད་མ་གཏོགས་གསར་བ་ཞིག་གང་ནས་ཡིན། དེ་རིང་ཤེད་བུ་ཟེར་བའི་དྲ་གྲོགས་འདིས་གཞར་ཡང་སུ་ཞིག་གིས་ཀྱང་ད་སྔ་འབྲི་ཐབས་སྤྱད་མ་མྱོང་བའི་ཁོང་གི་འབྲི་ཐབས་ཁྱད་པར་བ་དེ་ཡ་མཚན་པ་དེ་སེང་རྡོར་གྱིས་རྐུ་འབྲི་བྱེད་བཞག་ཟེར་། སྐད་ཆ་འདི་མཐོང་ནས་དགོད་རྒྱུ་ཞིག་ཡོང་ཐལ། རྒད་པོ་ཞིག་གི་སྐད་ཆ་རེད་མོད་བསམ་ནས་གཞན་ཅི་ཡང་མ་བཤད་པར་སྐད་ཆ་ཐུང་ཐུང་འདི་བཞག་ནས་བུད་སོང་།
ཤེད་བུ་ཡ་ཤེད་བུ། ད་སྡུག་དག་གི་མ་འདུག ངས་སྔོན་མ་ནས་སེང་རྡོར་ལ་བཅད་གསར་སྙན་ངག་ཅིག་གི་འབྲི་ཐབས་ཡོད་པ་རེད་ཅེས་པ་ཞིག་ཐོས་ནས་དེ་ལ་བལྟ་འདོད་ཀྱིས་འཕྲིན་ལན་མང་བཏང་ཡང་གཅིག་ཀྱང་མཐོང་མ་བྱུང། ད་འདི་ལྟར་ཡིན་དུས་ཁྱེད་གཉིས་སུ་ཡིན་རུང་སྔོན་བྱོན་མཁས་པའིརྩོལ་བ་ལས་བྱུང་བའི་ཚིག་བཅད་འབྲི་སྟངས་དེ་ཁྱེད་གཉིས་གང་རུང་གི་བདག་ཏུ་བཟུང་ནས་རང་ཉིད་འབྲིསྟངས་དེའི་སྟོན་པ་བྱེད་འདོད་པ་དེ་རེད་ལ། ཧམ་སེམས་ཆེ་སོང་ནི་རེད། དེ་རིང་གོང་ན་ཁྱོད་ཀྱིས་བྲིས་ཡོད་པ་འདི་དག་མཐོང་དུས་དེ་ནི་གསར་བ་གང་ཡང་མ་ཡིན་པ་མ་ཟད། སྔོན་བྱོན་དམ་པའི་བརྩམས་པའི་ཚིག་བཅད་ཀྱི་ཚིག་གི་ཆ་ཡ་སྡེབ་ཀྱང་བསྲེས་ནས་བྲིས་པ་ཞིག་རེད། འདི་གསར་བ་ཞིག་ཡིན་ན་སྙན་ངག་ལ་ལས་དང་པོ་བ་ཚོས་ཐོག་མར་ཚིག་བཅད་ཟེར་དུས་ཚིག་གི་བཅད་པ་ལ་མང་ཉུང་མེད་པ་ཞིག་ལས་ཆ་ཡ་སྙོམས་ཤེས་ཀྱི་མེད་པར་འདི་ལྟར་འབྲི་བ་རེད། ཁྱེད་ཚོ་འདི་གྲགས་འདོད་ལ་ཅིག་དགའ་གི་ར་་་་་་་གོང་གི་སེང་དོར་གྱིས་བྲིས་པའི་ལྕེ་གཅོག་ཐུབ་པའི་ཚིག་ཅེས་པའང་བཅད་གསར་ཡིན་ཟེར་གི་ཡོད་ན་དེ་ཅང་ར་མ་ཡིན་པ་མ་ཟད། དེ་འདྲ་ཞིག་ཀློག་ནས་ལྕེ་གཅོག་ན་ཁོའི་ལྕེ་ཡི་རྒྱུ་སྤུས་རྫུན་མ་ཞིག་ཡིན་ནི་ཡིན་རྒྱུ་རེད་་་་། སྙན་གྲགས་འཚོལ་བ་ངོ་ཚ་དོར་དགོས་ཅེས་པ་བདེན་པ་འདྲ།གོང་གི་ཉི་ནུབ་དང་གསར་བུ་གནམ་སོགས་ཀྱིས་བཤད་པ་བདེན་པ་རེད། ངོ་མ་བཤད་ན་བསམ་ཤེས་ཟེར་བ་དེས་བསམ་ཤེས་མེད་པ་འདྲ། ང་ལ་རེ་བ་ཞིག་ཡོད་པ་ནི་ཁོས་དམིགས་བསལ་ཁྱད་ཆོས་ཡོད་པ་ཞིག་བཤད་འདུག་པས་ཁྱད་ཆོས་དེ་དག་འདི་གར་འགོད་རོགས་གནང་ཞུས་པ་ཡིན། དྲང་མོར་བཤད་ན་ཤེད་བུ་ངོ་ཤེས་པ་ལས་སེང་རྡོར་ངོ་མི་ཤེས་མོད། རྩོམ་ཡིག་གི་གར་སྟེང་སྟེང་དུ་ངོ་ཤེས་མིན་ལ་འབྲེལ་བ་མེད་པ་ནི་ངའི་ཁྱད་ཆོས་ཡིན