—རང་ཉིད་འགྲེལ་ཚུལ་ཞིག
རོལ་དབྱངས།
རིང་ནས་བརྒྱུད་པའི་སྒྲུང་དང་འུད་ལ་བདག་གིས་གཏན་ཚིགས་མི་འགོད་ལ།།
ཉེ་བའི་དུས་ཀྱི་བྱུང་རབས་དག་ཀྱང་ཞིབ་མོའི་ཚུལ་གྱིས་མི་ཤོད་མོད།།
མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར་བའི་གནས་ལུགས་འདི་ཀོ་མི་དོར་ལ།།
རིགས་པས་གྲུབ་ཅིང་བདེན་དཔང་མཐོ་བའི་རྒྱུ་འབྲས་ནམ་ཡང་མི་འབོར་རོ།།
ཡ་ཐོག་མེས་པོའི་ཕྱག་སྲོལ་ཟེར་ནས་དགའ་བའི་འཕུར་མཆོང་ང་མེད་ལ།།
ལྟས་ངན་སྙིགས་མའི་མ་རུང་བ་ཞེས་སྡིག་པའི་སེམས་ཀྱང་སྟོང་སོང་བས།།
སུ་ཡིས་བཤད་ན་སུ་ཡང་བདེན་པའི་གནས་སྟངས་འདི་ལ་མི་དད་ལ།།
གང་ཞིག་ཆེ་ན་དེ་ལ་དུང་བའི་འགྲོ་སྟངས་དེར་ཡང་མི་དགའ་འོ།།
ལྷ་ཡིས་བསྩལ་བའི་ཐམ་ག་དང་ནི་ཆེ་བའི་ཆོ་ལོ་ཡོད་ཀྱང་རུང་།།
འདྲེ་རུ་གྱུར་བའི་བཤད་སྒྲོས་ལ་ནི་མྱི་ཁའི་གཏམ་གྱིས་སྨད་ཀྱང་ཆོག།
རྒྱུ་འབྲས་རིགས་པའི་གཏན་ཚིགས་ཕྱག་རྒྱ་སུ་ཡི་གློ་བ་དཀར་བ་དེར།།
བདག་གི་ཡིད་ཀྱི་མཁའ་དབྱིངས་འདི་ནས་དད་པའི་རི་མོ་འབྲི་སོ་ལོ།།
ཁ་སེམས་བར་ན་འགལ་འདུའི་ཁེངས་པའི་མཁས་རྒན་དག་གི་ཆེ་བཤད་དང་།།
ཕྱི་ནང་བར་ན་མདོག་རེ་ཡོད་པའི་མགོ་གཉིས་དག་གི་ངོ་གདོང་སོགས།།
རྫུན་པའི་ལུས་ལ་དར་གྱིས་གཡོགས་པའི་འཇིག་རྟེན་རྫུན་མའི་ངོ་སོ་ལ།།
བསྐལ་བའི་བར་དུ་ཐ་ཚིག་བསྒྲགས་ཡོད་གློ་བ་ཉེ་བའི་གྲོགས་པོ་ཚོ།།
རྒྱ་ཆེན་ཕུགས་འདུན་བདག་ལ་ཡོད་ཅེས་ཁ་ཕོ་དེ་ཡང་མི་འདོད་ལ།།
བདག་གི་མན་ན་མི་ཞིག་མེད་ཅེས་མགོ་བོ་སྨད་ཡང་མི་འདོད་པས།།
མགོ་གཞུག་བར་གསུམ་གཞན་ལ་ཕུལ་བའི་བྲན་གྱི་ཚོགས་དག་ཁྱེད་ཚོས་ཉོན།།
གནམ་འོག་འདི་ནས་བདག་ལ་དགོས་པ་འདྲ་མཉམ་ཟེར་བའི་ཐོབ་ཐང་ངོ་།།
གཤིས་སྤྱོད་བཟང་ལ་ཀུན་མཐུན་ཡིན་པའི་བཟོ་ལྟ་ང་ལ་མི་དགོས་ཤིང་།།
ལ་དང་ལགས་ཀྱི་ཞེ་ཚིག་སྐྱོར་བའི་དང་ག་དེའང་འགག་སོང་བས།།
སྲོལ་དང་ལུགས་ཀྱི་བརྡ་རུ་བཏགས་པའི་ཚིག་སྐམ་ང་ལ་མ་སྟོན་རོགས།།
བསྐལ་བ་གནའ་ནས་དེ་རིང་བར་དུ་བདག་ཉིད་ཉོབ་ས་དེ་ག་ཡིན།།
མངོན་དང་ལྐོག་གྱི་སྲོལ་དེ་མི་མངའ་སྒལ་ཚིགས་རི་བཞིན་སྲ་བ་དང་།།
བཙན་དང་གཉོམ་གྱི་རྒྱབ་ལྗོངས་མི་འཚོལ་རྒྱུ་འབྲས་དཔང་དུ་འཇོག་པ་ཡི།།
མཆོག་གྱུར་གཤིས་ཀྱི་རང་ཚུགས་འཚེར་བའི་གནམ་འོག་འདི་ཡི་སྐྱེ་བོ་དག །
བདག་གི་ཡིད་ཀྱི་ཁ་བའི་འདབས་ལོ་ཁྱོད་ཚོའི་ཕྱོགས་སུ་འཕྱོ་གྱིན་ཡོད།།
རླུང་རྟའི་འཕེལ་འགྲིབ་མིག་གིས་མི་འཚོ་མཛའ་བརྩེའི་འོ་སྤྲི་དགུང་ལ་འཕྱུར།།
བསླུ་བྲིད་ཚིག་གིས་ངོ་སོ་མི་སྲུང་བདེན་པ་གཅེར་བུར་སྨྲ་བ་ཡི།།
བསླད་མེད་གཉུག་གཤིས་རྐང་ལ་འཁྱིལ་བའི་དཔུང་རྡང་གཤིབ་པའི་གྲོགས་ཀྱི་ཚོགས།།
ང་ཡི་གློ་དང་རྒྱུ་མའི་གསེང་ནས་ཟུངས་ཁྲག་དམར་པོ་ཁྱོད་སར་བཞུར།།
མདོར་ན་བྱིས་པ་སོ་དཀར་ཡན་ནས་ཆེ་བ་རྒན་པོ་མགོ་དཀར་བར།།
སྤོབས་པའི་དབུ་འཕང་དགུང་དུ་བཏེགས་པའི་གསོན་སྐད་གྱེར་བའི་མི་བུ་དག །
རོལ་དབྱངས་ཟེར་བའི་སྲོག་གི་རྒྱུ་བ་ཇི་སྲིད་མ་འགག་དེ་སྲིད་དུ།།
སྙིང་ནས་དུངས་བ་ཁྱེད་ཚོ་ཡིན་ལ་སེམས་ཀྱི་རེ་ས་ཁྱེད་ཚོ་འོ།།
2013.9.5ཉིན།