དགེ་འདུན་རྒྱ་མཚོ།
དགའ་འོས་པ་ཞིག་ལ་མི་དེ་ནི་རྒྱ་རྒན་ཧོང་ཞིན་པོ་ཡིན་པ་དང་ཟླ་མང་བོའི་སྔོན་ནས་ཁོ་ཤི་ཟིན་པ་རེད་ཟེར། ཕོ་གསར་ཚོས་རང་སྐྱོན་ངོས་ལེན་བྱས་པ་ཡིན་པས་སྲིད་ཇུས་ཅུང་ཀུ་ཡངས་ལ་བཏང་། དེ་ནི་བཙོན་ཁང་དུ་འདུག་མ་དགོས་པར་སྒོར་མོས་ཆད་པ་ལྕི་མོ་བཅད་པ་དེ་རེད། ཡིན་ན་ཡང་དེ་རིང་གི་ཧོང་ཞིན་པོའི་གནས་ཚུལ་འདི་སུ་ལ་ཡང་བཤད་མི་ཆོག་པར་བཟོས། གལ་ཏེ་བཤད་མཁན་ཡོད་ན་དམངས་སེམས་དཀྲིགས་པའི་ཉེས་ཅན་པ་ཡིན་པས་མ་མཐའ་ཡང་ཟླ་དགུ་ལ་བཙོན་འཇུག་བྱེད་ངེས་ཡིན་ཟེར། གསར་བུ་བཞི་བོས་ཁས་བླངས་པ་དང་ཁོ་ཚོ་ཕྱིར་ཀློད། ང་ཚོའི་རྫོང་ལ་མཚོན་ན་བཙོན་ཁང་ཞིག་ཡོད་པ་ལས་ཁྲིམས་ཁང་ནི་མེད། ཁོ་ཚོ་ལ་ཁྲིམས་རྩོད་དང་ཁྲིམས་ཞིབ་ཀྱི་ལུགས་སྲོལ་དང་དེའི་སྐད་ཆ་ཡོད་ནི་མ་རེད། གོང་རིམ་མི་སྣ་ཚོས་ཐག་བཅད་ན་དེས་འཐུས་པ་རེད། འོན་ཀྱང་ཡར་ཡོང་ཨོ་རྡོ་དང་བུ་མོ། མར་འགྲོ་ལྕང་སྡོང་སྡེ་བའི་བཀྲ་ཤིས་སོགས་ཧོང་ཞིན་པོར་ཐུག་པ་མ་ཟད་བསྐྱར་ལངས་བསྐྱར་ཤི་ཡི་གནས་ཚུལ་འདི་མི་རེ་གཉིས་ཀྱིས་ཐག་གཅོད་ཐུབ་པ་ཞིག་མིན་པ་སྲིད་གཞུང་གིས་ངོས་འཛིན་ཐུབ་ཡོད་པ་རེད། ཡིན་ཡང་སྲིད་གཞུང་གིས་དངོས་བྱུང་ཡ་མཚན་ཞིག་ལ་ཆ་འཇོག་པ་ལས་བྱ་བ་སྒྲུབ་དཀའ་བ་དང་སྒྲུབ་མི་ཤེས་པ་ཞིག་རེད།
བོད་པའི་གཏམ་དཔེ་ལ་སྐད་ཆ་ཐག་རིང་ནས་གོ་བ་དང་སྐད་ཆ་ནི་རླུང་ཡིན་ཟེར། རླུང་གང་ལ་འགྲོ་ན་སྐད་ཆ་ཡང་དེར་འགྲོ་བས་སུས་ཀྱང་འགོག་མ་ཐུབ། ཧོང་ཞིན་པོའི་གནད་དོན་འདི་ཕྱོགས་ཡོངས་ལ་ཁྱབ་པ་དང་། ཕྱི་ནས་ནང་ལ་བསྒྲགས་པ་དང་ནང་ནས་ཕྱི་ལ་བསྒྲགས་པས་མི་ཚང་མའི་ཁ་ན་རླུང་ལྟར་གྲགས། སྐད་ཆ་འདི་སུའི་ཁ་ནས་བྱུང་བ་ཡིན་མིན་གཞུང་གིས་རྩད་གཅོད་བྱས་ཀྱང་རྩད་མ་ཆོད། གནད་དོན་འདིས་ཀོ་ཀོ་དང་ལོའུ་ཡེང་གཉིས་ཀྱི་སྙིང་ཡང་འདར་དུ་བཅུག་པ་རེད།
ཤི་བོ་ཤི་ཡུལ་ནས་མི་འདུག་པར་ཕྱིར་ཡོང་ནས་ཅི་ཞིག་བྱེད་བསམ་པ་ཡིན་ནམ། འདི་ལོའུ་ཡེང་གིས་བཤད་པའི་སྐད་ཆ་རེད། །ཁྱིམ་མཚེས་ཚོས་སྐད་ཆ་གཞན་ཞིག་བཤད་ཀྱིན་ཡོད། ཧོང་ཞིན་པོ་ཕྱིར་ཡོང་ངེས་རེད། ཁོ་ཡོང་ནས་རང་གི་ཤི་རྐྱེན་དང་དེའི་བརྒྱུད་རིམ་གསལ་བོར་བཤད་པའི་དུས་ལ་བབས་ཡོད་ཟེར་བ་དེ་རེད། ངོ་མ་རྙོག་གྲ་ཚ་བོ་རེད། རྒྱ་རྒན་དེ་ཤི་ནས་འདྲེ་ཡི་སྐྱེས་ཡོད་པ་མ་ཟད་ཕྱིར་ཡོང་ནས་ཁ་མཆུ་འཛུགས་རྩིས་ཡོད་པ་འདྲ། སྐད་ཆ་འདི་རྫོང་ཁར་མ་ཟད་རྫོང་གཡས་གཡོན་གྱི་གྲོང་སྡེ་ཆེ་ཆུང་དག་ན་ཡང་གླེང་གིན་ཡོད་པ་རེད། གནས་ཚུལ་དེ་རྫོང་སྲིད་གཞུང་ནས་གོ་བ་དང་ཧོང་ཞིན་པོའི་ཁྱིམ་མཚེས་དག་ལ་བསླབ་བྱ་བརྒྱག་ཏུ་མངགས་པ་རེད།
ཧོང་ཞིན་པོ་ནི་ཤི་ཟིན་པ་རེད། ཤི་ནས་ལོ་ཡང་འགོར་གྲབས་ཡོད་པ་རེད། ཁྱེད་ཚོས་སྐད་ཆ་འདྲ་མིན་བཤད་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པ་རེད། འཇིག་རྟེན་ན་འདྲེ་ཟེར་བ་ཞིག་གཏན་ནས་མེད། འདྲེ་ཟེར་བ་དེ་བོད་ཀྱི་ཆོས་ལུགས་པ་དེ་ཚོས་རྟོག་བཟོ་རེད། གཞན་ལ་འཇིགས་བསྐུལ་བྱེད་པར་ཆེད་དུ་བཟོས་པའི་རྫུན་གཏམ་རེད། དེ་ནི་དམངས་སེམས་དཀྲིགས་པ་དང་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་ནི་རེད།
ཁྱེད་ཚོས་གུང་ཁྲན་ཏང་ལ་ཡིད་ཆེས་དང་བློ་གཏད་བྱོས། གུང་ཁྲན་ཏང་གི་སྲིད་ཇུས་ནི་ནམ་ཡང་འགྱུར་བ་མེད། ནམ་ཡང་ཡང་དག་པ་ཡིན། གུང་ཁྲན་ཏང་གི་གཏན་ནས་རྫུན་མི་བཤད། གུང་ཁྲན་ཏང་ལ་ཡིད་ཆེས་བྱས་ན་རི་རྒྱལ་བཞིན་དུ་བརྟན་པོ་ཡོད། གུང་ཁྲན་ཏང་ནི་ཁྱེད་ཚོའི་ཕ་མ་ཡིན་ལ་ཁྱེད་ཚོའི་ཕ་མ་ལས་ཀྱང་བཀའ་དྲིན་ཆེ། དེ་ལྟར་ཡིན་ལུགས་ཡིན་ཚུལ་མང་བོ་བཤད།
རྫོང་གི་ལས་བྱེད་མང་བོ་བགོ་བཤའ་བརྒྱབ་ནས་ཕྱོགས་སོ་སོར་སོང་ནས་ཡུལ་མི་རྣམས་ལ་ཡང་སློབ་གསོ་བཏང་། གདོན་འདྲེ་ཟེར་བ་ཞིག་གཏན་ནས་མེད་པ་དང་གུང་ཁྲན་ཏང་གི་སྲིད་ཇུས་ཁ་ཕྱོགས་ལ་བློ་གཏད་འགྱུར་མེད་བྱས་ཆོག་ནི་རེད། གདོན་འདྲེ་དྲིལ་སྒྲོག་བྱེད་པ་ནི་རྩ་ཁྲིམས་དང་འགལ་ཡོད། ཏང་གི་སྲིད་བྱུས་ལ་ནམ་ཡང་འགྱུར་བ་མེད་པ་དང་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་དགོས་པའི་བསླབ་བྱ་དང་སློབ་གསོ་ནན་མོ་བཏང་བ་རེད། ད་དུང་གུང་ཁྲན་ཏང་གི་བྱ་བ་རྣམས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པར་སྒྲུབ་ཀྱིན་ཡོད་པས་རྨོངས་དད་ལ་མགོ་གཏན་ནས་མི་སྒུར།
དགོང་མོ་དེར་ཧོང་ཞིན་པོ་རང་ཉིད་དངོས་སུ་གྲོགས་པོ་ཞི་ཆིན་གྱི་ཁྱིམ་དུ་ཡོང་ནས་ཁོའི་དུར་ས་བསྔོགས་དགོས་ཚུལ་བཤད་པ་རེད། ཕྱི་ཉིན་ཡང་ལས་བྱེད་ཚོས་ཚོགས་འདུ་སྐོང་ནས་གཏམ་བཤད་བྱས་པ་རེད། གུང་ཁྲན་ཏང་གི་སྲིད་ཇུས་ལ་འགྱུར་ལྡོག་མ་བྱུང་བར་ལོ་བརྒྱ་བསྡད་པ་ཡིན་ན་འཛམ་གླིང་གི་ཡང་རྩེར་བསྙེགས་པའི་ཡིད་ཆེས་བརྟན་པོ་ཡོད་ཚུལ་སོགས་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་པ་རེད། ཡིན་ན་ཡང་དེ་དང་མཉམ་དུ་ཧོང་ཞིན་པོའི་གྲོགས་པོ་དང་ལས་རོགས་རྙིང་བ་འགས་རེ་བ་གཅིག་བཏོན་པ་རེད། དེ་ནི་ཧོང་ཞིན་གྱི་དུར་ས་བསྔོགས་ནས་ཕུང་བོ་ལ་ཞིབ་འཇུག་བྱེད་རྒྱུ་དེ་རེད། མི་མང་གི་ཁ་འགོག་ཆེད་རྫོང་སྲིད་གཞུང་ནས་རེ་བ་དེ་དང་ལེན་མི་བྱེད་ཐབས་མེད་རེད།
ཉིན་གསུམ་པའི་ཞོགས་པ་དེར་ཧོན་ཞིན་པོའི་དུར་སའི་མཐའ་ཡོངས་རྫོགས་དམག་གིས་སྐོར་བ་དང་ཆུ་ཚོདབཅུ་བ་ཙམ་ལ་རླངས་འཁོར་འགའ་ཡང་འབྱོར་བྱུང་། དེ་ནི་ཞིང་ཆེན་ནས་ཡོང་བའི་ཞིབ་འཇུག་པ་སྐོར་ཅིག་ཡིན་པ་དང་། མི་སྣ་ནི་ཟི་ལིང་གི་ག་གེ་མོ་ཅིག་རེད་ཟེར། ད་དུང་རྫོང་རིམ་པའི་ལས་བྱེད་འགའ་ཤས་ཀྱང་ཡོད་པ་རེད། དེའི་ནང་དུ་ལྕང་སྡོང་གི་བཀྲ་ཤིས་སོགས་ཕོ་གསར་བཞི་བོ་ཡོད་པ་མ་ཟད་རྒད་པོ་ཨོ་རྡོ་དང་ཁོའི་བུ་མོ་བདེ་སྐྱིད་ཀྱང་འཁྲིད་ནས་ཡོང་ཡོད་འདུག
ཁོ་ཚོས་མི་མང་བོ་འཛོམས་ས་དང་མིག་གིས་མཐོང་ས་ནས་ཧོང་ཞིན་པོའི་དུར་ས་བསྔོགས་པ་དང་རོ་བླངས་ཏེ་བལྟས་པ་ན་ཧོང་ཞིན་པོའི་མགོ་མ་གཏོགས་པའི་བེམ་བོ་རུལ་ནས་རུས་པ་དཀར་སང་ངེར་གྱུར་འདུག ཟླ་བ་མང་བོའི་རིང་ལ་ཕུང་བོར་ཆུ་དང་བརླན་ཕོག་པས་ཤུལ་དུ་ལུས་པ་ནི་རུས་པ་ཡིན་མོད། མགོ་བོ་ནི་ད་དུང་སྐྲ་དང་བཅས་སྔར་བཞིན་མི་གསོན་པོ་ལྟར་ཡོད་པའི་ཚུལ་དེ་མཐོང་བས་ལྟད་མོ་བ་ཚོ་ཧ་ལས་ཧོན་ཐོར་སོང་།
དེ་རིང་གི་དངོས་བྱུང་ཡ་མཚན་འདིས་མི་མང་བོ་ཞིག་ལ་གོ་རྟོག་གསར་བ་སྐྱེས་སུ་བཅུག་པ་རེད། ཁོས་ཚོས་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱེད་རྒྱུ་ཡིན་ཟེར། རྒད་པོ་ཨོ་རྡོ་དང་ལྕང་སྡོང་བཀྲ་ཤིས་སོགས་ལ་འདྲི་རྩད་ཡང་ཡང་བྱེད། ཚང་མ་ལ་སྤྱི་མཚུངས་ཀྱིས་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་དེ་ནི་ཧོང་ཞིན་པོ་ན་བཞིན་ཡོད་པ་དང་། ཁོའི་མགོ་ན་ནས་འུར་བརྟན་ཐུལ་གྱིན་མེད་པའི་རྣམ་འགྱུར་དེ་དང་། ཁ་ནས་ཨ་འུར་ཟེར་བ་དང་ངའི་མགོ་ན་སོང་ཟེར་བ་དེ་རེད། མགོ་ན་སོང་ཟེར་བ་དེར་ཞིབ་འཇུག་པ་ཚོས་གཙོ་གནད་ཅིག་ཏུ་བཟུང་ནས་བརྟག་དཔྱད་བཏང་བ་རེད།
ཁོ་ཚོས་མགོ་བོ་གློག་དཔར་ལ་བརྒྱག་པ་དང་ཀླད་པའི་ཕྱི་ནང་ལ་བརྟག་དཔྱད་བྱས་པ་བརྒྱུད་ཧོང་ཞིན་པོའི་ཀླད་པའི་ནང་དུ་ལྕགས་འཛེར་རིང་བོ་ཞིག་ཡོད་པ་རྙེད། ལྕགས་འཛེར་དེ་ནི་རྫོང་འདི་ནས་ཐོན་པའི་ཅ་ལག་ཞིག་ཡིན་པ་དང་ཤིང་བཟོ་བ་ཚོའི་ལག་ལ་རྒྱུན་དུ་ཡོད་པའི་ཅ་དངོས་ཤིག་རེད། ཧོང་ཞིན་པོ་ནི་མགར་བ་ཞིག་མིན་ལ་ཤིང་བཟོ་བ་ཞིག་ཀྱང་མིན། ཁོ་ནི་རྫོང་ཆུ་གློག་ཅུས་གློག་འདོན་ལས་ཁུང་གི་ལས་བྱེད་དཀྱིས་མ་ཞིག་དང་ད་ཆ་རྒན་ཡོལ་ལ་ཕྱིན་ཟིན་པའི་རྒྱ་རིགས་ཞིག་རེད་ཟེར།
ལས་དཔོན་ཞིག་གིས་ཁོའི་སྐོར་ངོ་སྤྲོད་མདོར་བསྡུས་དེ་འདྲ་ཞིག་བྱས་སོང་། ཧོང་ཞིན་པོ་ནི་འདྲེ་ཐམས་ཅད་ཀྱི་ནང་ནས་འདྲེ་ཡག་ཤོས་དེ་རེད། ཁོས་ང་ཚོའི་འཇིག་རྟེན་འདིའི་ཐོག་གི་བདེན་པ་འཚོལ་བ་ལ་རྒྱབ་རོགས་གནང་སོང་ཟེར། འདི་ནི་ཧོང་ཞིན་པོ་དང་རྒྱུན་རིང་འགྲོགས་མྱོང་བའི་ལས་རོགས་དང། གྲོགས་པོ་རྙིང་བ་ལི་ལི་ཟེར་བའི་རྒྱ་རིགས་གུང་ཁྲན་ཏང་ཡོན་ཞིག་ཡོད་པ་དེའི་སྐད་ཆ་རེད། བརྟག་དཔྱད་གྲུབ་པ་དང་སྤྱི་བདེ་ལས་ཁུངས་ནས་བརྡ་སྦྱོར་བཏང་ནས་ཉེན་རྟོག་པ་སྐོར་ཅིག་ཀོ་ཀོ་དང་ལོའུ་ཡེང་གཉིས་འཛིན་དངོས་སུ་བཟུང་བྱེད་དུ་མངགས་པ་རེད།
ཀོ་ཀོ་ཡིས་སྐད་ཆ་དེ་གོ་བ་དང་སྐྲག་ནས་རང་ཤི་བརྒྱབ་ཟིན་པ་དང་ལོའུ་ཡེང་གི་གནས་ཚུལ་རྣམས་མ་གསང་བར་སྤྱི་བདེ་ཉེན་རྟོག་ཚན་པ་ལ་བཤད་པ་རེད། མོས་བརྒྱུད་རིམ་རྣམས་གཅིག་ཀྱང་མ་ཆད་པར་དྲང་མོར་བཤད་པ་རེད། སྐད་ཆ་འདྲི་རྩད་བྱེད་མཁན་ཚོས་ཀྱང་མོའི་བཤད་པའི་སྐད་ཆ་རྣམས་རེ་རེ་བཞིན་ཟིན་ཐོར་བཀོད་པ་རེད། ཡིན་ན་ཡང་ཟིན་ཐོ་དེར་མི་དམངས་རྣམས་འདོད་པ་ཁེངས་ཡོད་མ་རེད། གང་ཡིན་ཟེར་ན་ཟིན་ཐོ་དེ་ནི་ཆབ་སྲིད་པའི་དགོས་མཁོ་ཞིག་ལས་ཞིབ་འཇུག་གི་དོན་སྙིང་མེད། འཁྱོག་བརྗོད་ཀྱི་ཟིན་ཐོ་ཞིག་ཡིན་ཟེར།
གཙོ་བོར་ལོའུ་ཡེང་ལ་སྲོག་ཁྲིམས་མ་བཅད་པའི་རྒྱུ་མཚན་ཅི་ཡིན་སོགས་རེད། གང་ལྟར་ཡང་ཟིན་ཐོ་དེ་དྲང་བདེན་མིན་པ་དང་གུང་ཁྲན་ཏང་གི་སྲིད་ཇུས་དང་སྲིད་ཇུས་ཀྱི་ཁ་ཕྱོགས་དང་མཐུན་པར་བྲིས་ཡོད་པ་ལས་དངོས་ཡོད་ཇི་བཞིན་དམར་རྗེན་དུ་བཏོན་ནས་འབྲི་མི་སྲིད་པ་དེ་རེད། གལ་ཏེ་དངོས་ཡོད་ཀྱི་ལོ་རྒྱུས་ཇི་བཞིན་བྲིས་ཡོད་ན་མ་འོངས་པར་མི་རྣམས་ཀྱིས་ཞིབ་འཇུག་ཀྱི་མ་དཔེའི་ནང་དུ་ཞིབ་འཇུག་གི་རིན་ཐང་ཡོད་པའི་གལ་གནད་ཆེན་པོ་ཞིག་འཛིན་ཐུབ་པར་ཡིད་ཆེས་བྱས་ཆོག་ངེས་ཟེར། སྐད་ཆ་འདི་ནི་ཁེར་གྲོང་འདི་ནས་སྐྱེས་ཤིང་མཚར་ལོངས་བྱུང་བའི་མི་བུའི་རྣམ་དཔྱོད་ཅན་མང་བོས་གླེང་གི་ཡོད།
གླེང་སློང་འདི་གོ་བ་དང་དགེ་འདུན་རྒྱ་མཚོས་སྨྱུ་གུ་བཟུང་ནས་དོན་དངོས་ཇི་བཞིན་རང་གི་ཟིན་ཐོར་བཀོད། ་་་
ཁ་བརྡ་ཚང་ལ་བཀའ་དྲིན་ཆེ་ཞུ།
ངའི་འདྲེ་སྒྲུང་ཚན་པ་གཉིས་ཀ་ཆད་ལྷག་མེད་པར་བཀོད་ཐུབ་འདུག་ལགས།
ངོ་མ་སྙན་པོ་འདུག དངོས་བྱུང་ཞིག་ཡིན་ན་ཡ་མཚན་དངོས་བྱུང་རང་རེད།
རྒྱ་འདྲེ་དེ་དེང་སང་གང་ན་ཡོད་ནི་རེད། བླ་མ་བླ་ཆེན་ཟིག་གིས་དམ་ལ་བཏགས་ཡོད་ནི་ཨེ་རེད། མེད་ན། དེ་བོད་མི་མང་པོའི་སྙིང་བཀད་གི་འཇུག་མཁན་འདྲེ་སྡུག་རྐྱལ་ཞིག་ཡོད་པ་འདྲ། ཧ་ཧ།
འདྲེ་སྒྲུང་འདིར་རིན་སྒོར་ག་ཚོད་རག་ཐལ། ལ་རྩེ་ཚང་གིས་ཅིག་སྤྲད་ཀི་ཡིན་མདོག་འདྲ་བཤད་ཀི་ཡོད་ཐལ།
རྒྱ་འདྲེ་འདི་རྒྱ་ལ་མི་སྣང་བ་བོད་མི་ཁོ་ན་ལ་སྣང་བ་འདི་ཡི་ནང་ན་གསང་བ་ཞིག་ཡོད། རྒྱུ་མཚན་ནི། བོད་མི་རྣམས་ལྷ་འདྲེ་དགའ་ཞིང་ལྷ་འདྲེའི་གཏམ་རྒྱུད་བེད་སྤྱོད་བཏང་ནས་ཉེས་ཅན་པའི་སེམས་ཁ་དཀྲུགས་ནས་རྒྱལ་ཁ་ཐོབ་པའི་སྐོར་རེད། དེས་ལྷ་འདྲེ་ཡོད་པ་སྒྲུབ་ཅིང་ལྷ་འདྲེ་ཡོད་པ་སྒྲུབ་ཐུབ་ན། ལྷ་འདྲེ་འདོད་མཁན་གྱི་རྨོངས་ཞེན་པ་ཚོ་རྒྱལ་ཁ་ཐོབ་སྟེ། དོན་གྱིས་བླ་སྤྲུལ་ཚོའི་ཁ་ཟས་སྲུང་སྐྱོབ་ཐུབ་ངེས་རེད། རྫུན་གཏམ་འདི་དག་ནི་མི་ཚད་ཅིག་ལ་སྨྲས་ན་ཡིད་ཆེས་ལྟ་ཅི། ཞེན་པ་ལོག་ངེས་རེད། མི་རིགས་གཞན་གྱི་དེ་ཙམ་མི་མཐོང་ཞིང་བོད་པ་ཚོས་མཐོང་བ་འདི་ལས་མ་དག་པས་རེད་དམ། བོད་པ་ཚོ་ཤེས་བ་སྤྱང་དྲགས་པས་རེད། སྤྱང་དྲགས་པས་མ་རེད། ཁ་ཟས་དང་འབྲེལ་ཞིང་གནའ་གོམས་ཤུགས་ཆེ་དྲགས་པས་རེད།
འོ་དགེ་འདུན་རྒྱ་མཚོས་འདྲེ་སྒྲུང་མགོ་མཇུག་ཚང་མོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། དེ་ནས་བསམ་ཚུལ་གཅིག་ཡོད། དེ་ནི་མགོ་ལ་མཛེར་མ་བརྡབ་པའི་སྐོར་དེ་རེད། དེ་ཚན་པ་དང་པོ་ནང་བཀོད་འདུག་མོད། སྒྲུང་གི་བརྒྱུད་རིམ་བྱས་ན་ཚན་པ་གཉིས་པ་ནང་དུ་འོས། དེ་ཡང་ཚན་པ་དང་པོ་ནང་དུ་གནད་དོན་དེའི་བརྒྱུད་རིམ་བྱུང་བའི་སྐོར་ནས་རེད། ཚན་པ་གཉིས་པའི་ནང་གི་སྐྱེས་སྨན་དེ་ལ་འདྲི་རྩད་བྱེད་པའི་སྐབས་སུ་མཛེར་མ་བརྡབ་པ་དེ་བྲིས་ཡོད་ན་འབྲེལ་ཆགས་པོ་ཡོང་རྒྱུ་རེད་བསམ། གང་ལྟར་སྒྲུང་སྙིང་རྗེ་བོ་བྲིས་འདུག ཐུགས་རྗེ་ཆེ།
ང་ལ་ཡང་ཨ་རིའི་འདྲེ་མང་བོའི་སྒྲུང་འབྲི་རྒྱུ་ཡོད་མོད། འདི་དག་བྲིས་ན་ཆོག་མིན་མི་ཤེས་ཀི ང་ཕྲད་པའི་འདྲེ་མང་ཆེ་ཤོས་ཁྱོད་རང་གིས་བཤད་པ་ལྟར་ཕོ་མོའི་འབྲེལ་བ་ལས་བྱུང་བ་དང་། དེ་མིན་ན་དཔལ་འབྱོར་གྱི་གནད་དོན་ལས་བྱུང་འདུག སྐྲག་ཕུད་ས་དང་མིག་ལ་སྣང་ས་མང་ཆེ་ཤོས་བྱིས་པ་ཚོ་ལ་རེད། དེ་བས་ནས་ངས་འདྲེས་སྒྲུང་དེ་དག་གནས་སྐབས་རིང་འབྲི་མི་ཐུབ་ཀི
འདྲེ་སྒྲུང་འདི་ལ་ཁྱད་ཆོས་མི་འདུག འདི་འདྲེ་སྒྲུང་ཞིག་བྲིས་པ་ཙམ་ལས་བསམ་བློ་འདྲ་གང་ཡང་བཏང་ཡོད་ས་མ་རེད། འདི་ལ་བོད་ཀྱི་ལྷ་འདྲེ་རེ་དོག་གི་བསམ་བློ་མཚོན་པའི་ཁྱད་ཆོས་མི་འདུག ལྷ་འདྲེ་རིགས་པའི་ལྟ་གྲུབ་མཚོན་ཐུབ་མི་འདུག ནང་དོན་ཁོ་ནའི་ཐད་ནས་བཤད་པ་ཡིན། ཚིག་སྐྱོན་ཡང་ཧ་ཅང་མང་པོ་འདུག རྗེས་སུ་ཡར་རྒྱས་གཏོང་བའི་རེ་བས་བསམ་འཆར་དྲང་མོར་ཞུས་པ་མ་གཏོགས་དགག་སྒྲུབ་ཟེར་བའི་གྱོད་འཛུགས་པ་ནི་གཏན་ནས་མིན།
ཁ་བརྡ་དྲ་བདག་གིས་སྤོབས་མཐའི་རྩོམས་དཀྲུགས་ཤིང་གི་རྩིགས་རྡོ་རིལ་པོ་དེ་ཕྱིེར་འཐེན་བྱས་པར་དགའ་བསུ་ཞུ།
ཡུད་ཙམ་མ་འགོར་བར་སྤོབས་པའི་རྩོམ་དེ་མིག་ལམ་ནས་སྟོང་པ་ཉིད་དུ་གྱུར་འདུག ཨ་ཁ་ཁ། ངས་ཤུགས་བརྒྱབ་ནས་མཆན་རིང་བོ་ཞིག་བྲིས་ནས་བཏང་བ་ན། མཆན་འགྲོ་ས་མེད་པར་མ་ཟད། རྩོམ་མཆན་ཚང་མ་གློག་ཀླད་ནས་མེད་པ་ཆགས་ཚར་འདུག དེ་ཡང་ཡག་པོ་འདུག དེ་རིང་ངའི་ལག་པ་འདི་ཡང་སྡིག་པ་བསགས་པའི་ཕྱོགས་ལ་འཁོར་འདུག གང་ཞིག་དུག་གི་རི་ལ་གནས་བྱས་ན།། དེ་ཡི་འདབས་ཆགས་ཐམས་ཅད་དུག་ཏུ་འགྱུར།། གང་ཞིག་གསེར་གྱི་རི་ལ་གནས་བྱས་ན།། དེ་ཡི་འདབས་ཆགས་ཐམས་ཅད་གསེར་ཏུ་འགྱུར།། གསུངས་པ་ཅི་མ་བདེན།། ཧཧཧ
དགོངས་དག ངས་ནི་ཧ་ཅང་ཡག་པོ་བྲིས་ཡོད་བསམ་སོང་། ཀརྨ་པ་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀ་ནི་བོད་རང་གི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཡིན་པ་དང་། ཁོང་གཉིས་བོན་ལ་ཞུགས་ཐུབ་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་ཚུལ་སོགས་མཐུན་སྒྲིལ་དང་དག་སྣང་གི་བསམ་འཆར་སྔོན་ཆད་གཞན་གྱིས་བཤད་མ་མྱོང་བ་ཞིག་བཤད་ཡོད་བསམ་ཡོད། ཡིན་ན་ཡང་དགོངས་པར་ཕོག་སོང་ན་དགོངས་སེལ་ཞུ
ཀློག་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
གཞོན་ནུ་ཟླ་མེད་ཀྱིས་དགོངས་འཆར་གནང་བར་ཁོ་བོས་ངེས་ལེན་ཡོད།
ཚན་པ་ཕྱི་མའི་ནང་དུ་བྲིས་ཡོད་། ཡིན་ཡང་ཕྱི་མ་བསྡུས་དྲག་འདུག་པ་འདྲ།
འབྲི་མཁན་དང་ཀློག་མཁན་གྱི་བསམ་བློ་འཆར་ཚུལ་ལ་བར་ཐག་རིང་བོ་ཡོད་པ་མཐོང་ཐུབ།
གང་ལྟར་བློ་བསྐྱེད་ཅིག་རེག་སོང་། བཀའ་དྲིན་ཆེ།
སྤོབས་མཐའ་ལགས།
འདྲེ་སྒྲུང་འདི་དག་བདེན་མིན་དང་འཐད་མིན་ལ་མ་ལྟོས་པར་དམངས་ཁྲོད་ནས་བྱུང་ཞིང་དམངས་ཁྲོད་ལ་དར་བ་རེད།
མི་ཡི་ཁ་འགུལ་ན་འཐབ་རྩོད་བྱེད་དགོས་པའི་ལྟ་ཚུལ་དེར་ངེད་ནས་ངེས་ལེན་མེད།
གང་ཡིན་ཟེར་ན་དྲུག་བཅུའི་ནང་གི་རིག་གནས་གསར་བརྗེ་དེ་ཕྱོགས་གང་ནས་བལྟས་ཀྱང་དུས་ཚོད་ཡོལ་ཟིན་པ་རེད།
ང་ལ་མི་དམངས་ཀྱི་ངག་རྒྱུན་ལ་བཟོ་བཅོས་བྱེད་པའི་སྤོབས་པ་དེ་མེད། ཁ་འགོག་པ་དང་ལྕེ་གཅོད་པའི་ལས་ཀ་དེ་ངས་བྱེད་ཐུབ་ས་མེད་ལགས།
རྟགས་དཔྱད་མེད་པའི་མྱི་ཁ་ནི་འདྲེ་རེད། འདྲེ་ཁ་རེ་རེའི་རང་དང་མཐུན་པའི་ཁ་སྣོན་བྱས་ཤིང་མཐར་དོན་དངོས་ཐམས་ཅད་བརླགས་འགྲོ་པས་སོ།
རྣམ་དཔྱོད་ཅན་གྱི་སྤོབས་མཐས་གསུངས་བ་བདེན་པ་རེད། གནས་ཚུལ་ལ་འདི་ལ་རིག་པ་དང་རྒྱུ་མཚན་གྱི་ཆ་ནས་ལྟས་ན་བྱིས་པ་ཆུང་ཆུང་མགོ་སྒོར་བཏང་བྱེད་ལས་རྒྱབ་ལྗོངས་མེད་ཀྱང་། ཡིག་རྨོངས་པ་དང་ནར་མ་སོན་པའི་མི་ཚོ་ལ་མཚོན་ན་མཚམས་མཚམས་སུ་གནས་ཚུལ་འདི་འདྲ་ཞིག་དང་སྒྲུབ་བྱེད་འདི་འདྲ་ཞིག་གིས་མགོ་སྒོར་བཏང་ཐུབ་ངེས་རེད། རྒྱུ་མཚན་ནི། ཆུང་དུས་ཀྱི་བག་ཆགས་ཀྱིས་ཡིན་ཞིང་། བྱིས་དུས་ཀྱི་ལྷ་སྒྲུང་གི་བག་ཆགས་ལོ་ལོན་ཡང་སེལ་མ་ཐུབ་མཁན་ཚོ་གནས་ཚུལ་འདི་དག་དངོས་ཡོད་དུ་སྣང་བས། ལྷ་འདྲེ་བེད་སྤྱོད་བཏང་ནས་འཚོ་བ་སྒྲུབ་མཁན་དག་ལ་ལག་ཆར་འགྱུར་ངེས་རེད། དེ་མ་གཏོགས་ཉིད་ཀྱིས་སྨྲས་བ་བཞིན་ལྷ་འདྲེ་རིག་པའི་གཏན་ཚིག་གི་རྒྱབ་ལྗོངས་ཧ་ཅང་གི་ཞན་པས། འདི་ལྟར་སྒྲིག་མཁན་ཡང་དགེ་འདུན་གྱིས་གསུངས་བ་ལྟར་བླུན་རྨོངས་མང་ཚོགས་ཡིན་པ་དོགས་གཞི་མི་འདུག
ལུའུ་ཞིན་གྱིས་ལྷ་འདྲེ་གདོན་དགག་ལ་དགག་པའི་རྩོམ་ཡིག་མང་ནི་རེད་མོད། འོན་ཀྱང་ཁོང་གིས་ལྷ་འདྲེ་ལ་རྒོལ་བའི་རྩོམ་ཡིག་དག་ཀྱང་རིགས་པ་དང་གཏན་ཚིགས་མེད་པར། འདྲེ་སྒྲུང་ལས་ཀྱང་ཐུ་བའི་སྒྲུང་རྐྱང་རྐྱང་རེད། དཔེར་ན་༼འདྲེ་ལ་ལྡོག་རྫིས་བརྒྱབ་པའི་གཏམ་རྒྱུད༽ ལྟ་བུ་རེད།