བསྟན་འཛིན་འོད་ཟེར།
ཐོ་རེངས་སྐར་ཆེན་དེས་སྐྱ་རེངས་བསུས་ཐལ།།
ཉི་རྩེའི་དྭངས་མ་དེར་གསེར་འོད་འཕྲོ་གི །
གཡང་དཀར་ལུག་ཆུང་གི་འབའ་སྒྲ་ལྷང་ལྷང་།།
གཡུ་མདོག་རྩྭ་ཐང་གི་རང་བྱུང་བཀོད་པ།།
རྫ་རི་སྤང་ལྗོངས་ཀྱི་ལུང་ཁུག་སྐྱིད་པོ།།
རྩྭ་ཆུ་ཀུན་འཛོམས་ཀྱི་འབྲོག་ས་གོར་མོ།།
རྩེ་ཡ་དགོད་གྲོགས་ཀྱི་ན་མཉམ་ཁྲོད་ནས།།
སྙིང་གི་དུམ་བུ་དེ་ཨ་རོགས་འབྲོག་མོ།།
གནག་སྣུམ་སྐྲ་ལོ་དེ་གཡས་དང་གཡོན་ལ།།
དྲི་བཞོན་བསིལ་བུ་ཡིས་ཤིག་ཤིག་གཡོ་གི །
གཡུ་དང་བྱུ་རུ་ཡི་དབུ་དང་མགུལ་རྒྱན།།
རང་ལུས་རིན་ཆེན་དེ་མཆོད་པའི་མནྟལ།།
ཡ་ཐོད་ཁྲ་ཆུང་གི་ཟུར་མིག་ཕྲ་མོ།།
ཕོ་བརྒྱའི་སྙིང་ནང་གི་མདའ་མོ་ཟུར་གསུམ།།
མ་ཐོད་འཛུམས་མདངས་ཀྱི་དུང་སོ་དཀར་པོ།།
ལྷན་སྐྱེས་བཅོས་མིན་གྱི་རང་གཤིས་དྲང་མོ།།
ཉིན་མོའི་རྫི་གླུ་དེ་སང་སང་མགུར་མ།།
དགུ་སེང་དྲུག་འགྱུར་གྱི་དབྱངས་རྟ་སྙན་མོ།།
ཀུན་གྱི་རྣ་དབང་དེ་དལ་གཅིག་ཕྱོགས་ས།།
འཇོལ་མོ་ཁུ་བྱུག་དང་བུ་མོ་ཁྱོད་ཡིན།།
དགོང་མོའི་བཞོ་དབྱངས་ཀྱི་སྙན་འགྱུར་ཁྲོད་ནས།།
ཡིག་དྲུག་མ་ཎི་ཡི་པད་དབྱངས་འཐེན་དུས།།
མི་ཡུལ་དག་ཞིང་གི་སྣང་བ་དཀར་བོ།།
བཅོས་མིན་ངེས་འབྱུང་ཞིག་ངང་གིས་བསུ་འོངས།།
སྦྲ་ནག་གྲུ་བཞི་ཡི་གཡང་ཁྱིམ་དྲོན་མོ།།
ཡ་རབས་སྤྱོད་བཟང་གི་དགོད་སྒྲ་ལྷང་ལྷང་།།
ལྷས་ར་གཡས་གཡོན་གྱི་ར་དང་རུ་སྐོར།།
ཁ་ལས་ཡར་འགྲོ་ཞེས་ཡར་ཚེས་ཟླ་བ།།
ཀུན་གསལ་མཁའ་ལམ་ནས་ཟླ་བ་དཀར་བོས།།
ཁྱོད་དང་འུ་གཉིས་ལ་གཟིགས་པ་མ་གཏོགས།།
ཁ་རླངས་ཚ་བོ་ཡིས་སྙིང་གཏམ་དྲོན་མོ།།
སུ་དང་གང་ཡིན་ལ་གླེང་བ་མི་སྲིད།།
བརྩེ་བ་མཐའ་མེད་ཀྱི་རྒྱ་མཚོ་ཞིག་ན།།
དུང་བ་བཅོས་མིན་གྱི་རྦ་རླབས་རྩེ་ནས།།
སྙིང་གཏམ་འཛད་མེད་ཀྱི་དབུ་བ་དཀར་བོ།།
ཡ་ཆུང་བྱང་ཁོག་ན་ད་དུང་འཕྱོ་གི །
དྲན་གདུང་རི་མོ་དེ་ཟབ་ས་ཞིག་ནས།།
གཡུ་ལོ་དམར་ཆུང་གི་དུང་ས་ཞིག་ནས།།
རྒྱང་རིང་རྒྱུས་མེད་ཀྱི་ས་མཐའ་ཞིག་ནས།།
སོར་རྩེས་རི་མོ་དེ་རོགས་ལ་བྲིས་ཡོད།།
ཁྱོད་ཀྱི་བསམ་པའི་འབྲོག་མོ་འདི་འདྲ་ཞིག་ལ་ངས་རེ་སྒུག་བྱས་ཏེ་ཡོད།
སྐལ་ལྡན་ཕུན་ཚོགས་ལགས།
ཁྱེད་གྱི་འདོད་དོན་ཡིད་བཞིན་འགྲུབ་པའི་རེ་བ་ང་ལ་ཡང་ཡོད།
ཕ་ཡུལ་ལ་ཕེབ་དང་རེ་འདོད་དེ་འགྲུབ་འོང་ངེས།