བརྒྱུད་སྤྲོད་པ། ཆུང་བདག
བོད་ཀྱི་རོལ་དབྱངས་གཟེངས་རྟགས། ༢༠༡༣ དེ་བཞིན་ཐེངས་དྲུག་པ་དེ་ཆགས་ཀྱི་ཡོད། གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་དེ་ ༢༠༡༣།༡༠།༡༢ ཉིན་མེག་ལོཊ་གྷནཇ་དུ་ཚུགས་གཏན་འཁེལ་ཡོད། འོས་ཤོག་ཉིན་བཅུའི་རིང་ www.musictibet.com/vote དྲ་རྒྱ་བརྒྱུད་རང་གི་དགའ་མོས་ཡོད་པའི་གཞས་པ་གཞས་མ་དང་རོལ་དབྱངས་གཏོང་མཁན་རྣམས་ལ་འོས་བླུགས་ཏེ་ཁོང་རྣམས་ལ་ཆེད་བསྟོད་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད།
ཚན་པ་བཅོ་བརྒྱད་ཡོད་པའི་གཟེངས་རྟགས་ཀྱི་ལས་གཞི་དེར་ ༢༠༡༡ ནས་ ༢༠༡༣ ནང་ཚུད་བཏོན་པའི་སྐད་འཁོར་ (album) རྣམས་ནས་འོས་འདེམས་གནང་དགོས་པ་ཡིན། རང་གི་འོས་རྩིས་མེད་དུ་མ་སོང་བའི་ཆེད་སྡེ་ཚན་སོ་སོའི་འོས་གཞི་རྣམས་ངོས་འཛིན་ཡོང་སླད་མིང་དང་སྐད་འཁོར་སོགས་ཁ་གསལ་འགོད་གནང་དགོས།
ལས་གཞི་འདི་ཐོག་མར་ ༢༠༠༣ ལོར་བློ་བཟང་དབང་རྒྱལ་གྱིས་མགོ་བརྩམས་པ་ཞིག་རེད་ལ་ད་བར་ཁོང་གིས་མུ་མཐུད་དེ་ལོ་གཉིས་རེའི་མཚམས་ལ་ཐེངས་རེ་གནང་བཞིན་པ་རེད།
འོས་གཞིའི་འགེངས་ཤོག་གཤམ་དུ་ཡོད་པ་ལྟར་ཡིན་པས་ཚང་མས་དོ་སྣང་གནང་སྟེ་འོས་བླུག་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
གཞས་པ་རྩེ་ཕུད།
གཞས་མ་རྩེ་ཕུད།
སྐད་འཁོར་རྩེ་ཕུད།
གནའ་དེང་འདྲེས་མ་རྩེ་ཕུད།
མཛའ་གཞས་རྩེ་ཕུད།
གླུ་གཏོང་མཁན་རྩེ་ཕུད།
རྣམ་ཐར་གཏོང་མཁན་རྩེ་ཕུད།
དད་གླུ་སྐད་འཁོར་རྩེ་ཕུད།
སྲོལ་རྒྱུན་གཞས་གཏོང་མཁན་རྩེ་ཕུད།
དེང་དུས་རེཔའམ་ཧིབ་ཧོབ་གཞས་གཏོང་མཁན་རྩེ་ཕུད།
གཞས་ཚིག་རྩེ་ཕུད།
སྙན་འཇེབས་ལྡན་པའི་གཞས་རྩེ་ཕུད།
སྐད་འཁོར་འདོན་ཐེངས་དང་པོ་རྩེ་ཕུད།
སྐད་འཁོར་གྱི་ཁ་ཤོག་རྩེ་ཕུད།
གཞས་དང་རོལ་དབྱངས་ཐོག་ཐུན་མིན་བྱས་རྗེས་ཡོད་པ།
ཕྱི་རྒྱལ་བ་བོད་དོན་ཆེད་གཞས་གཏོང་མཁན་རྩེ་ཕུད།
དམིགས་གསལ་གཟེངས་བསྟོད་འོས་པ།
ཚེ་གང་གཞས་དང་རོལ་དབྱངས་ཐོག་བྱས་རྗེས་ཡོད་པ།
གཞས་པ་དང་གཞས་མ་རྩེ་ཕུད་དེ་འདྲ་བོད་ནང་ལའང་མང་པོ་བཞུགས་འདུག་ ཁོང་ཚོར་འོས་ཐོབ་ན་གཟེངས་རྟགས་འཕྲོད་
སྲིད་དམ། གང་ལྟར་ལས་འགུལ་ཡག་པོ་ཞིག་རེད་སྙམས་ རྗེས་སུ་ཡིད་རང་ཡོད། བློ་བཟང་དབང་རྒྱལ་ཡང་བོད་པའི་མཛེས་མ་ལྟ་བུ་མིན་པ་སྨོན།
གླུ་བ་གླུ་མ་ཡིན་བཞིན་པའི་ནང་ནས་ལེགས་མི་ལེགས་ཞིག་འདེམས་པ་ནི། ཧ་ཅང་མི་ལེགས་པ་ཞིག་ཡིན་པས་མ་ཚད། རྒྱུ་འབྲས་མི་ཡོང་བ་དང་གོ་སྒྲིག་པའི་རང་དོན་འཚོལ་སྤྱད་ཙམ་ལས་མེད་པ་གསལ་པོ་རེད། དེ་ལས་ད་ནས་བུད་ལས་གླུ་བ་བྱེད་འདོད་པའི་སྒྱུ་རྩལ་བ་གསར་བ་ཚོ་ས་ཕྱོགས་གང་ནས་བསྒྲུགས་ནས་ལེགས་ཐོན་ལེགས་འདེམས་འདྲ་བྱེད་ན་མི་ལ་རེ་བ་དང་རང་དགའ་ཡང་དོན་ལྡན་གྱི་ལས་ལ་ཞུགས་པ་ཞིག་མ་ཡིན་ནམ། དེ་མིན། རང་དོན་བཙོ་ན་བཙོ་སྟངས་འདི་འདྲ་ཞིག་ཨེ་ཡིན་ནམ།
གླུ་བ་ཚང་མར་གུས་བརྩི་ཡོད། གཅིག་ལས་གཅིག་སྙན་པ་ཪེད། ད་དུང་དེ་འདྲ་གསར་བ་མང་པོ་ཡོང་བའི་བཀྲ་ཤིས་ཁ་གཡང་ཡོད།
གཞས་པ་རྩེ་ཕུད་ནི་་་་་་ཤེར་བསྟན་རེད།
གཞས་མ་རྩེ་ཕུད་ནི་་་་ཚེ་དབང་ལྷ་མོ་རེད།
གཞན་རྣམས་ལའང་གུས་ཞབས་དང་རྗེས་སུ་ཡི་རངས་བསྔགས་བརྗོད་ཡོད།
གཞས་པ་གཞས་མ་རྩེ་ཕོད་ལ་བྱ་དགའ་སྤྲོད་ས་དེ་ཕྱི་སྡོད་གཞས་པ་གཞས་མ་ཚོ་ལ་ཡིན་ན་དགའ་བསུ་ཡོད་དེ་ལས་གཞན་པའི་བོད་ནང་ལ་ཡོད་པའི་གཞས་པ་གཞས་མ་ཚོ་ལ་ལས་དོན་དེ་རིགས་ཀྱི་ཕན་ཐོག་རྒྱུ་ཚབ་ལ་དཀའ་ངལ་ཆེ་པོ་འཕྲད་གི་འདུག་།ལོ་སྔོན་མ་གླུ་བ་ཀུན་དགའ་ལ་གཞས་པ་རྩེ་ཕོད་གི་བྱ་དགའ་སྤྲད་ནི་ཁོ་རང་དཀའ་ངལ་ཆེ་པོ་བྱུང་འདུག་།་བྱ་དགའ་དེ་རིགས་བོད་ནང་གི་གཞས་པ་གཞས་མ་ལ་མ་སྤྲོད་རོགས་ཞུ་རྒྱུ་ཡིན་།
ད་ཐེངས་གཡུ་འབྲུག་ཚན་སྡེབ་ཀྱི་འོད་སྡེར་གསར་བ་གྱེས་ཁ་མའི་གླུ་ཞེས་པར་སྒྱུ་རྩལ་གྱི་ཕྱོགས་མང་པོ་ཞིག་ཐོན་འདུག་འདོད། བྱ་དགའ་ཐོན་པའི་རེ་བ་ཆེན་པོ་ཡོད།