དགེ་འདུན་རྒྱ་མཚོ།
ཕྲ་མེན་མའི་ངོ་བོ་ཅི་ཡིན་ལ་བཤད་ཚུལ་མང་ཡང་ངན་སྔགས་གྲུབ་པའི་རྣལ་འབྱོར་མའི་རིགས་སུ་གཏོགས་པ་ཞིག་ཡིན། འདི་དག་ལ་མཐུ་དང་ནུས་པ་རྫུ་འཕྲུལ་སོགས་ཡོད་པ་མང་བོ་རེད། འདི་ལ་རིགས་གསུམ་ཡོད་པ་ལས་ངས་བཤད་པ་ནི་ས་ལ་སྤྱོད་པའི་ཕྲ་མེན་མའི་སྐོར་ཡིན། དམངས་ཁྲོད་ལ་གྲགས་པའི་གཏམ་རྒྱུད་མང་ལ་ཕལ་ཆེར་ཁ་རྒྱུན་ཙམ་ཡིན། ཡིག་ཐོག་ན་ཡོད་པ་ནི་རྭ་ལོ་ཙཱ་བའི་རྣམ་ཐར་ལས་གཞན་དུ་ཁོ་བོས་མཐོང་མ་མྱོང་། གང་དེར་མཐོང་བའི་ཐ་སྙད་འདི་བདག་གིས་མཐོང་བའི་ཕྲ་མེན་མའི་སྐོར་ཐོག་མ་ཡིན་ལ་ཐ་མ་ཡང་ཡིན། དེ་རིང་བདག་གིས་འབྲི་བཞིན་པ་འདི་ནི་བནྡེ་ཞིག་ཕྲ་མེན་མའི་ཚོགས་འཁོར་ལས་གྲོལ་བའི་སྐོར་ཡིན།
བནྡེ་དེའི་མིང་ལ་བློ་བཟང་ཟེར་བ་དང་སྤྱིར་བཏང་གི་སློབ་གཉེར་བ་དཀྱིས་མ་ཞིག་ཡིན། ཉིན་ཞིག་ཁོ་དགེ་རྒན་གྱིས་ཆེད་མངགས་ལྟར་ལྷ་སར་ལས་དོན་སྒྲུབ་དུ་སོང་། ཁོའི་ལས་དོན་ནི་ལྷ་བཟོ་གྲགས་ཅན་བྱམས་པ་ལགས་ལ་ཐང་ཀ་ཞིག་འབྲི་རྒྱུར་མངགས་ཡོད་པ་དེ་གྲུབ་ཡོད་མེད་ལ་ལྟ་རྒྱུ་རེད། ལྷ་སར་གྲོགས་པོ་འགའ་དང་ཐུག་བྱུང་བས་ཁོ་ཚོ་དང་འགྲོགས་ནས་ཉིན་གང་བོར་འཁྱམས། བར་སྐོར་དུ་མཆོད་མཇལ་བ་དང་སྐོར་ལམ་ལེན་མཁན་སོགས་མི་ཚོགས་མང་བ་དང་ཚོང་རྫས་སྣ་ཚོགས་བཀྲམ་ཡོད་པས་འ་འུར་ཟང་ཟིང་དང་ཧ་ཅང་འཁྲིགས་པོ་ཡོད།
བློ་བཟང་ནི་ལོ་ན་གཞོན་པ་དང་ལྟད་མོར་ལྟ་རྒྱུར་ཧ་ཅང་དགའ་བ་ཞིག་ཡིན། ཁོས་ཁྲོམ་ར་ནས་གྲོགས་པོ་དང་མཉམ་དུ་ཆུ་ཚོད་ཅི་ལྟར་རྫོགས་པ་ཡང་མ་ཤེས། ཉི་མ་ཡོལ་བ་དང་ཕྱིར་ལོག་རྒྱུ་དྲན། མ་ཟད་རྒན་གྱིས་ཤ་ཉོ་རྒྱུ་མངགས་པ་ཡང་ཡིད་ལ་འཁོར། ཕྱི་དྲོ་ཧ་ཅང་འཕྱིས་པས་ཚོང་ཁང་མང་བོ་ཞིག་ཀྱང་སྒོ་བརྒྱག་གིན་ཡོད། ཁོས་བྲེལ་འཚུབ་ཀྱིས་ཤ་ཁང་གང་སར་སྐོར་བ་བརྒྱབས་ཀྱང་ཤ་ཉོ་རྒྱུ་མ་རྙེད། བོད་པ་ཚོས་ཤན་པ་ནི་མི་རིགས་སྡུག་པོ་ཞིག་ལ་རྩིས་སྲོལ་ཡོད་པས་བོད་མི་ཤ་ཚོང་བྱེད་མཁན་དཀོན། མཐར་ཁོས་ཤ་ཁང་གཞན་ཞིག་ཡིད་ལ་འཁོར། དེ་ནི་ཁ་ཙེར་བ་ཞིག་གི་ཤ་ཁང་ཆུང་ངུ་དེ་རེད། དེའི་ཕྱོགས་ཀྱི་ཤ་བཙོང་མཁན་ཕལ་ཆེར་བུ་མོ་ལོ་གཞོན་ཤ་སྟག་ཡིན།
ཞོགས་པ་མར་ཡོང་སྐབས་རྒན་ལགས་ཀྱིས་སེམས་ཆུང་དང་གཟབ་དགོས་པའི་བསླབ་བྱ་གནང་བ་རྣམས་ཀྱང་ཁོའི་ཡིད་ན་གསལ་བོར་ཡོད། ཁོ་ཤ་ཁང་དེའི་སྒོ་རྩར་བསླེབས་དུས་ས་རུབ་ལ་ཉེ་བ་དང་ཚོང་ཁང་དེ་ཡང་སྒོ་བརྒྱག་རྩིས་བྱེད་བཞིན་ཡོད། སྟབས་ཡག་པ་ཞིག་ལ་བུ་མོ་ཚོན་པོ་ཞིག་གིས་ཕལ་ཆེར་ཁོ་ལ་སྒུག་པ་ལྟར་བསྡད་ཡོད། ཁོས་རང་གི་ལག་ན་དངུལ་དཀར་སྲང་དོ་ཡོད་པ་དེ་མོར་སྤྲད་ནས་ཤ་བཙོང་རོགས་ཞུ་བ་རེད། བུ་མོ་དེས་ཁོ་ལ་སྤྲད་པ་ནི་རུས་པ་མང་བ་ལས་ཤ་རྐྱང་ཧ་ཅང་ཉུང་། ཡིན་ན་ཡང་མི་ཉོ་ཐབས་མེད་ཡིན་པས་དེའི་སྟེང་དུ་ཁ་སྣོན་ཅུང་ཙམ་བརྒྱག་རོགས་ལབ་པ་རེད།
བུ་མོ་དེ་ཡང་ཁོང་ཁྲོ་ལངས་བ་དང་མི་འདོད་པའི་རྣམ་འགྱུར་བསྟན། དེ་ནས་ཁོ་གཉིས་ཀྱི་བར་ལ་ཁ་རྩོད་ཅུང་ཙམ་ཤོར། རྩོད་དོན་ནི་དངུལ་གྱི་མང་ཉུང་དང་ཤ་དང་རུས་པ་ལ་ཁྱད་པར་ཡོད་མེད་སོགས་གཙོ་བོ་རེད། གང་ལྟར་ཤ་བདག་དེ་བུ་མོ་ཞིག་ཡིན་པས་ཐབས་ཤེས་ཅི་ཡང་མ་རྙེད་པར་ཤ་ཁྱེར་ནས་ཕྱིར་ལོག་པ་རེད། དགོན་པའི་ནང་དུ་བསླེབས་དུས་ཁོ་ལ་ན་ཚ་ཞིག་ཕོག་ཡོད་པ་ཚོར། ན་ཚ་དེ་ཅི་ཡིན་ཤེས་དཀའ་བས་རྒན་ལ་གསང་ནས་འཇོག་དགོས་བསམ་པ་རེད། རྒན་གྱིས་ཁོས་ཤ་ཁྱེར་ནས་ཡོང་ན་དགོང་ཟས་ཞིམ་པོ་ཞིག་བཟོ་དགོས་བསམ་ནས་སྒུག་པ་རེད།
ཁོ་སྔ་བོ་མ་ཡོང་བའི་རྐྱེན་གྱིས་རྒན་གྱིས་དགོང་ཆུ་འཐུངས་ནས་ཉལ་རྩིས་བྱེད་བཞིན་ཡོད། སྐབས་དེ་ཙམ་ཞིག་ལ་ཁོ་རང་ཤག་ཏུ་འབྱོར་བ་རེད། རྒན་གྱིས་འགོར་དོན་ཅི་ཡིན་དྲིས་སྐབས་ཁོས་རང་ཉིད་ཀྱི་མགོ་ན་བ་དང་ཚ་བ་འཕར་བ། ཐང་ཆད་པ་སོགས་ཀྱིས་ཡོང་མ་ཐུབ་ཚུལ་བཤད་པ་རེད། ཞོགས་པ་འགྲོ་དུས་གཟུགས་པོ་བདེ་ཐང་ཡིན། ཅི་ཞིག་བྱུང་བ་ཡིན་ནམ་སྙམ་ནས་རྒན་ལ་དོགས་པ་སྐྱེས་པ་རེད། རྒན་གྱིས་ཁོ་ལ་ཞིབ་འདྲི་བྱས་པ་དང་ཁོ་གང་དུ་སོང་བ་དང་སུ་ལ་ཐུག་པ། ཤ་གང་ནས་ཉོས་པ་སོགས་དྲན་གསོ་གཏོང་དུ་བཅུག་པ་རེད། ན་བའི་རྒྱུ་རྐྱེན་གཞན་མེད་པ་དང་ལམ་བར་ནས་ན་བ་ནི་ཡ་མཚན་རེད། དེས་རྐྱེན་གྱིས་རྒན་ལ་སྔར་བས་ཀྱང་དོགས་པ་ཟ་རུ་བཅུག་པ་རེད།
ཁོའི་རྒན་ལགས་ནི་གཞུང་མང་སྦྱང་བའི་མཁས་པ་ཞིག་ཡིན་པ་མ་ཟད་བརྟག་ཐབས་སྣ་ཚོགས་ལ་བྱང་ཆུད་པ་ཞིག་ཀྱང་རེད། ཁྱད་པར་དུ་ཁ་ཙེར་བུ་མོ་དེའི་ཤ་ལ་རྒན་དོགས་པ་མི་ཟ་ཐབས་མེད་རེད། རྒན་གྱིས་ཁོའི་ལུས་ལ་བརྟག་པ་དང་སྐེ་ན་དམར་རྟགས་ཞིག་ཡོད་པ་དེ་མཐོང་བ་རེད། དམར་རྟགས་དེ་ནི་ཕྲ་མེན་མའི་བརྡ་རྟགས་ཞིག་ཡིན་པ་རྒན་ལ་ར་འཕྲོད་གསལ་བོ་བྱུང་བ་རེད། ཡིན་ན་ཡང་རྒན་གྱིས་ཕྲ་མེན་མ་ཟློག་ཐབས་ཀྱི་མན་ངག་ཅི་ཡང་མ་རྙེད།
རྒན་གྱིས་བསམ་བློ་མང་བོ་བཏང་རྗེས་ཐབས་ཤེས་གཞན་ཞིག་རྙེད་པ་རེད། དེ་ནི་ཕྲ་མེན་པའི་གཙོ་མོ་ལ་ཞུ་བ་འཐེན་ནས་ཟློག་ཐབས་བྱེད་རྒྱུ་དེ་རེད། རྒན་ནི་ལོ་ན་བགྲེས་པ་དང་རྐང་བ་འཐེང་བོ་ཞིག་ཀྱང་ཡིན་པས་ཐག་རིང་ལ་བགྲོད་པའི་ནུས་པ་བྲལ། དེ་ནས་རྒན་གྱིས་ཁོ་ཕྱིར་མངགས་པ་དང་གཙུག་ལག་ཁང་གི་མཐའ་སྐོར་ལ་མྱུར་དུ་འགྲོ་དགོས་ཚུལ་བཤད་པ་རེད། རྒན་ལགས་ཀྱིས་ཅི་ལྟར་གདམས་པ་བཞིན་བློ་བཟང་ཕྱིར་ལམ་ན་མི་ཆས་ཀ་མེད་རེད། མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཡོལ་རྗེས་མི་རྣམས་ཉལ་ཟིན་པ་དང་ཕྲ་མེན་མ་ཚོས་ལས་ཀ་བྱེད་པའི་འགོ་གསར་བ་ཞིག་རྩོམ་བཞིན་ཡོད་པ་རེད། དེ་ནི་ཁོ་མོ་ཚོས་མི་ཤ་བླངས་ཏེ་འཚོགས་འཁོར་སྐོར་བ་དང་ངན་སྔགས་ལ་བརྟེན་ནས་ལས་སྣ་ཚོགས་བྱེད་པའི་སྐབས་རེད། དེས་རྐྱེན་གྱིས་ཁོ་རང་མྱུར་དུ་སོང་ནས་ཕྲ་མེན་མའི་གཙོ་མོ་བཙལ་ནས་རྙེད་ཐུབ་པ་བྱེད་རྒྱུ་དེ་རེད།
འོན་ཀྱང་ཕྲ་མེན་མའི་གཙོ་མོས་རོགས་པ་མ་བྱས་ཚེ་བནྡེ་བློ་བཟང་གི་ཚེ་ཚད་ནི་ཆུ་ཚོད་དྲུག་ལས་མེད། བནྡེ་བློ་བཟང་གིས་ཕྲ་མེན་མའི་གཙོ་མོ་བཙལ་ཕྱིར་ལྷ་སར་འབྱོར་བ་དང་ཤུལ་དུ་རྒན་གྱིས་ཡི་དམ་དང་ཆོས་སྲུང་ལ་ཚོགས་གཏོར་ཕུལ་ནས་ཕྲ་མེན་མའི་ལས་དོན་ཟློག་ཐབས་ལ་མཐུན་འགྱུར་བྱེད་རྒྱུར་འབད་བརྩོན་བྱས་པ་རེད། བློ་བཟང་བར་སྐོར་ལ་བསླེབས་སྐབས་ནམ་གུང་གི་ཆུ་ཚོད་བཅུ་གཅིག་ཏག་ཏག་རེད། མི་རྣམས་ཉལ་ཟིན་པས་བར་སྐོར་ནས་ཁྱི་སྐད་རེ་གཉིས་མ་གཏོགས་མི་སྐད་གོ་རྒྱུ་གཏན་ནས་མེད།
ཁོས་གཙུག་ལག་ཁང་ལ་སྐོར་བ་གསུམ་བརྒྱབ་ཀྱང་མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མ་གྱུར། དེ་ནས་ཁོ་འུ་ཐུག་པ་དང་ཐབས་ཟད་ནས་གཙུག་ལག་ཁང་གི་སྒོ་ཐད་ནས་སྨོན་ལམ་བརྒྱག་བཞིན་བསྡད་པ་རེད། བོད་ཟླ་བཅུ་བའི་ཚེས་ཤར་ཙམ་ཡིན་ཡང་གྲང་ངར་ཆེས་པ་དང་རླུང་འཚུབ་ཀྱང་ལྡང་བས་གྲང་ཤུར་ཤུར་བྱེད། རླུང་འཚུབ་དང་འགྲོགས་ནས་ཁྱི་ངན་འགའ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ཡང་མཐོང་། ཕྲ་མེན་མའི་གཙོ་མོ་ནི་གང་དུ་བཞུགས་པ་དང་གང་དུ་བཙལ་དགོས་པ་ཡང་ཤེས་དཀའ། ད་གཟོད་ཅི་བྱ་བརྟོལ་མེད་དུ་གྱུར་བས་འཆི་བ་ལ་སྒུག་པ་ལས་ཐབས་གཞན་མ་རྙེད།
ཆུ་ཚོད་བཅུ་གཉིས་ཀྱང་ཡོལ་ཟིན། ཅི་ལྟར་འགོར་འགྱངས་བྱས་པ་དེ་ཙམ་གྱིས་ཁོའི་ཚེ་སྲོག་གི་རྒྱུ་ཐག་གཅོད་ལ་ཉེ། མཚམས་ཞིག་ནས་གཙུག་ལག་ཁང་གི་སྒོ་ཕྱེས་པའི་སྒྲ་ལྟ་བུ་ཞིག་གྲགས་པ་དང་མཆོད་བརྡུང་གི་སྒྲ་ལྟ་བུ་ཞིག་ཀྱང་གྲགས་པ་གོ་བ་རེད། ཡིན་ན་ཡང་འགྲོ་འོང་བྱེད་མཁན་མི་གཅིག་ཀྱང་མ་བྱུང་། ཁོའི་སེམས་ལ་ཐེ་ཚོམ་ཅིག་སྐྱེས་པ་དང་སྒོ་འགྲམ་ལ་ལྟ་རུ་སོང་། ཁོའི་མིག་མདུན་ན་ལངས་ནས་བསྡད་འདུག་པ་དེ་ནི་བགྲེས་མོ་ཞིག་ཡིན་པ་དང་། སྐྲ་གསིགས་ཤིག་གཟེངས་པས་འཇིགས་སུ་རུང་བ་ཞིག་རེད། རྒན་གྱིས་བཤད་པའི་ཕྲ་མེན་མའི་གཙོ་མོ་ནི་འདི་ཡིན་པ་རེད་བསམ་པ་དང་ཚམ་ཚོམ་སྤུ་ཙམ་ཡང་མེད་པར་རྒན་མོ་དེར་འཐམས། མིག་ཆུ་ཡང་གཏོར་ནས་ཞུ་བ་ཕུལ།
བགྲེས་སོང་མོ་དེའི་གྱོན་པ་རྣམས་རྙིང་རལ་དུ་གྱུར་བ་དང་ས་རྡུལ་དང་དྲེག་པ་ཆགས་པས་དྲི་མ་ངན་པ་ཞིག་གིས་ཀྱང་ཁྱབ་ཡོད་འདུག་པ་ཚོར། ཡིན་ཡང་རང་གི་ཚེ་སྲོག་གལ་ཆེན་པོ་ཡིན་པས་འཛེམ་ཟོན་མེད་པར་མོའི་ལྭ་བའི་ཐུ་སྣེ་ལ་འཇུས་ཏེ་གཏན་ནས་མ་གློད་པར་བསྡམས། རང་གི་ཚེ་སྲོགས་སྐྱོབས་རོགས་ཅེས་སྐྱབས་འཇུག་ཚད་མེད་ཞུས། མིག་ཆུ་དང་ངུ་སྐད་འདྲེས་མས་གསོལ་འདེབས་གྲངས་མེད་ཟློས་པ་རེད།
དང་པོར་བགྲེས་མོ་དེས་ཀྱང་ཅི་ཡང་ཧ་གོ་མ་སོང་ཁུལ་གྱིས་ངོས་ལེན་མ་བྱས་པ་རེད། དེ་ནས་ཁོས་རང་གི་གནས་སྟངས་དང་བྱུང་རིམ་རྣམས་ཆ་ཚང་མོ་ལ་བཤད་པ་རེད། རྒན་མོ་དེས་ཁོ་སྙིང་རྗེ་བ་ཡིན་ཡང་སྲིད། གང་ལྟར་རྒྱུན་རིང་བོར་བསམ་བློ་བཏང་རྗེས་ཐབས་ལམ་ཞིག་བཤད། དེ་ནི་མོས་སྒམ་ཞིག་བསྟན་པ་དང་དེའི་ནང་དུ་གཞའ་དགོས་ཚུལ་བཤད། བློ་བཟང་དགའ་སྤྲོ་ཚད་མེད་སྐྱེས་པ་དང་དེའི་ནང་དུ་ཡིབ་རྒྱུའི་ཁས་བླངས། ཁོ་སྒམ་ནང་དུ་བཅུག་པ་དང་ཕྱིར་མ་སླེབས་པར་དུ་ནང་ནས་འཕག་ཚགས་དང་སྐྲག་སྣང་ཡོང་ཚེ་སྐད་བརྒྱབ་མི་ཆོག་ཟེར། བློ་བཟང་ལ་མཚོན་ན་དེ་ནི་ལས་སླ་བོ་ཞིག་རེད།
མཚམས་ཞིག་ལ་མི་སྐད་དང་ཁྱི་སྐད་འདྲེས་མ་ཞིག་གྲག་བཞིན་པ་དང་ཆུ་སྒྲ་དང་རླུང་སྒྲ་ལྟ་བུ་ཞིག་ཀྱང་གྲགས་པ་ཐོས། ཁོ་གང་དུ་འཁྱེར་བ་དང་གང་དུ་འགྲོ་བཞིན་ཡོད་པ་གཏན་ནས་མི་ཤེས། ཁོ་སྒམ་ནང་ནས་ཕར་གཡོ་དང་ཚུར་གཡོ་མང་བོ་བྱེད། གྱེན་དུ་འགྲོ་བ་དང་ཐུར་དུ་འབབ་པ་མ་ཟད་གཙངབོ་བརྒལ་བའི་ཤག་སྒྲ་ཞིག་ཀྱང་གོ་ཡོང་། མཚམས་ཞིག་ལ་ཁོ་ལ་གནམ་ལ་འཕུར་བ་དང་ས་ལ་གདབ་པ་ལྟ་བུའི་སྣང་བ་ཡང་སྟེར། རྣ་བ་གཏད་ནས་ཉན་པ་ན་མི་སྐད་སྨྲ་བའི་བུད་མེད་མང་བོའི་སྐད་ཀྱང་གོ་ཐུབ། སྒམ་དེ་ལ་སེར་ག་ཞིག་གས་ཡོད་པས་ཁོས་དེ་ནས་ཕྱི་ལ་ལྐོག་ལྟ་བྱས། ཁོ་ཚོ་ཚང་མ་ཤིང་སྡོང་ཁེར་སྐྱེ་ཞིག་ཡོད་པ་དེའི་འོག་ཏུ་འཛོམས། ས་ཆ་དེ་ནི་རྒྱུས་མེད་ཀྱི་ལུང་སྟོང་ཞིག་རེད།
མདུན་ན་ཡོད་མཁན་ཚོ་ནི་བུད་མེད་ཤ་སྟག་རེད། གྲངས་ཀ་ལྔ་བཅུ་མ་ལོང་ཙམ་ཞིག་ཡོད་པ་ཕལ་ཆེར་བུད་མེད་ལོ་གཞོན་དེ་འདྲ་རེད། དེའི་ནང་ན་ངོ་ཤེས་མཁན་ཡང་མང་བོ་ཡོད་པ་མཐོང་། དོ་དགོང་ཁོ་ལ་ཤ་བཙོང་མཁན་གྱི་བུ་མོ་རྒྱགས་པ་དེ་ཡང་དེའི་གྲལ་ན་ཡོད་པ་རེད། ཁོ་འདུག་སའི་ཤིང་སྒམ་དེ་ནི་གཙོ་མོ་དེའི་རྐུབ་སྟེགས་བྱས་འདུག་ལ། བུད་མེད་གཞན་དག་ལ་ཡང་རང་རང་གི་ཤིང་སྒམ་རེ་ཡོད་པ་དང་དེར་ཞོན་ནས་འདུག ཁོ་ཚོའི་སྐད་ཆ་ཅི་ཞིག་བཤད་ཀྱིན་ཡོད་པ་གསལ་བོར་མ་གོ་ཡང་ཁོ་ཚོ་ཚང་མ་ཕྲ་མེན་མ་ཤ་སྟག་ཡིན་པར་ངེས་ཤེས་རྙེད།
དེ་ནས་ཕྲ་མེན་མ་ཚོས་མེ་ཁ་གསོས་པ་དང་ཤ་འཚོལ་རྩིས་བྱེད། འགའ་ཤས་ཀྱིས་གྲི་བརྡར་བ་དང་བུ་མོ་རྒྱགས་པ་དེས་ཁོའི་མིང་ནས་འབོད། བློ་བཟང་། ཁུག་ཅིག་ཟེར། ཡང་ཡང་བོས། འབོད་ཐེངས་རེ་རེར་སྒམ་ནང་ནས་བློ་བཟང་ཁོ་འདྲུད་ལ་ཁད་བྱེད། རྒན་མོ་དེས་མར་མནན་པས་འགྱོག་མ་ཐུབ། རྒྱགས་པ་དེས་ཁ་ནས་ངན་སྔགས་ལྟ་བུ་ཞིག་ཟློ་བཞིན་ཡང་ཡང་འགུགས་ཤུགས་བརྒྱབ། འགུགས་ཞུགས་བརྒྱག་ཐེངས་རེར་བློ་བཟང་གི་སྙིང་ཡང་ཁ་ནས་ལེན་ལ་ཁད་བྱེད། མོ་གཅིག་པུས་ནུས་པ་མ་ཐོན་པས་གྲོགས་མོ་འགའ་དང་མཉམ་དུ་འབོད་འགུགས་བྱེད།
དུས་གཅིག་ཏུ་བློ་བཟང་ཞེས་འབོད། དེས་ཀྱང་བྱ་ཐབས་མ་བྱུང་བས་གཙོ་མོ་ལ་ཞུས། གཙོ་མོས་ལས་ཀ་རེ་མོས་ཡིན་པས་དོ་དགོང་གི་ལས་ཀ་བྱེད་མཁན་སུ་རེད་ཅེས་དྲིས་པ་རེད། བུ་མོ་རྒྱགས་པ་དེས་མོ་ཡིན་ཞེས་ཁས་བླངས་སོང་། གཙོ་མོས་ཁ་ཅི་ཡང་མ་གྲགས་པས་ཁུ་སིམ་མེར་བསྡད་སོང་། དེ་ནས་ཕྲ་མེན་པ་མང་བོས་རང་གི་སྒམ་བརྡུངས་བ་དང་ཚོན་ཆ་སྣ་ཚོགས་དཀྲུགས་ནས་ཆོག་ཆོག་སིལ་སིལ་བྱེད།
ཤུ་ལུའི་སྒྲ་དང་སྐད་སྣ་མ་སྣ་ཚོགས་བསྒྲགས་ནས་བོས། དེ་ནི་ཁྱི་སྐད་དང་ཝ་སྐད། ཅེ་སྤྱང་གི་སྐད། རྟ་སྐད་དང་བོང་སྐད་སོགས་ཀྱང་གྲགས། ཐབས་ཤེས་སྣ་དགུ་འཐེན་ན་ཡང་བློ་བཟང་གཙོ་མོའི་སྒམ་ནང་ནས་འཁྱེར་མ་ཐུལ།
དགོང་མོ་དེར་ཁོ་ཚོའི་ལག་ལ་ཅི་ཡང་མ་འོང་བས་ཕྲ་མེན་མ་གཞན་དག་ཀྱང་ཁོང་ཁྲོ་ཟ་བཞིན་ཡོད་པ་འདྲ། བུ་མོ་རྒྱགས་པ་དང་མཉམ་དུ་ལྡབ་ལྡིབ་མང་བོ་བཤད་པ་དང་། ཕན་ཚུན་ལ་མི་དགའ་བའི་རྣམ་འགྱུར་ཡང་མང་བོ་བསྟན་པ་རེད། བུ་མོ་རྒྱགས་པ་མོ་ཡང་འུ་ཐུག་པའི་རྣམ་འགྱུར་བསྟན། དེ་ནས་མོའི་ཁྱོ་གའི་མིང་ནས་བོས་པ་རེད། ལག་པ་ཁ་འཁྱེར་དང་བཅས་ཉི་མ་ཚེ་རིང་། མྱུར་དུ་ཤོག་ཞེས་སྐད་ཤུགས་ཆེན་པོས་ཡུན་རིང་བོའི་བར་འཐེན་ནས་བོས་བ་རེད། ཁྱོ་ག་དེ་འགུགས་འབོད་བརྒྱག་ཐེངས་གཅིག་གིས་རང་དབང་མེད་པར་དྲུད་ནས་བསླེབས་བྱུང་།
ཕྲ་མེན་པ་ཚོའི་སྔུན་ལ་ཐོན་དུས་ཁོ་ད་དུང་གཉིད་ཀྱང་སད་མེད། གཉིད་གུང་ནས་སད་པ་དང་ཁོ་ལ་སྐྲག་སྣང་ཚད་མེད་སྐྱེས་བ་རེད། ཅི་ཡིན་འདི་ཡིན་མ་ཤེས་པས་ལུས་པོ་ཡོངས་རྫོགས་འདར་སུག་བརྒྱབ་སོང་། ཁོས་པུས་མོ་ས་ལ་བཙུགས་ནས་ཕྲ་མེན་མ་ཚོར་ཞུ་པ་འཐེན། ཡིན་ན་ཡང་ཕྲ་མེན་མ་ཚོས་ཁོ་ལ་སྙིང་རྗེ་གཏན་ནས་སྒོམ་མ་སོང་། ཁོ་དམར་རྗེན་དུ་རྡོ་ལེབ་ཆེན་པོ་ཞིག་ཡོད་པ་དེའི་སྟེང་དུ་བཞག་ནས་བཤའ་རྩིས་བྱེད། ཁོས་ལག་པ་གཉིས་ཐལ་མོ་སྦྱར་ནས་ཞུ་བ་ཕུལ་ཡང་ཕན་ཐོག་བྱུང་མ་སོང་།
བུ་མོ་རྒྱགས་པ་མོ་ཡང་ངུ་བཞིན་ཁྱོ་ག་ལ་རྒྱུ་མཚན་དང་གསལ་བྱེད་བྱས་པ་རེད། དེ་ནི་དོ་དགོང་མོ་ཚོགས་བསྡུ་རེས་ལ་ཁེལ་བ་དང་བློ་བཟང་ཟེར་བའི་བནྡེ་ཞིག་གྲ་སྒྲིག་བྱས་ཡོད། ཡིན་ཡང་རྒྱུ་རྐྱེན་ཅི་ཞིག་གིས་ཡིན་གསལ་བོར་ཤེས་མ་བྱུང་། ཁོ་དོ་དགོང་འགུགས་ཐུབ་མ་སོང་། ང་ལ་ཐབས་ཤེས་ཅི་ཡང་མེད་པས་ཁྱོད་ཀྱིས་བཟོད་པ་སྒོམ་རོགས། ད་ནི་ང་གཉིས་བཟའ་ཚང་བྱས་ཏེ་འདུག་པའི་བསྐལ་བ་དེ་མེད་སོང་བ་རེད། སྐྱེ་བ་རྗེས་མ་ཐུག་པའི་སྨོན་ལམ་འདེབས་ཟེར།
རྒྱགས་པའི་ཁྱོ་ག་གསོན་པོར་དམར་བཤུས་བརྒྱབས་པ་དང་ནང་ཆ་ཕྱིར་བཏོན་ནས་རྒྱུ་མ་ལ་ཕུ་བརྒྱང་སྟེ་ནང་ཁྲོལ་བླུགས་པ་དང་། ཕྱི་ཤ་རྣམས་དུམ་བུར་བཏང་ནས་གློ་བ་དང་མཆིན་པ་སོགས་དང་མཉམ་དུ་ཟངས་ངའི་བཙོས་སོང་། སྙིང་ནི་གསོན་པོར་བླངས་ཡོང་ནས་གཙོ་མོ་ལ་ཕུལ་བ་རེད། གཞས་སྣ་དང་ཞབས་བྲོ་འཁྲབ་བཞིན་གར་བྱེད། ཚོས་པ་དང་མ་ཚོས་པའི་ཤ་ཟ་བཞིན་གད་མོ་ཡང་བགད་ཀྱིན་འདུག ཕྲ་མེན་མ་གཞན་དག་དགའ་བའི་ཡང་རྩེར་སོན་ཡོད་ཀྱང་བུ་མོ་རྒྱགས་པ་དེར་དེ་ཙམ་གྱིས་སྐྱིད་སྣང་བྱུང་མེད་པ་འདྲ། མོ་ལྐོག་ཏུ་ཡང་ཡང་ངུས་སོང་།
ནམ་ལངས་ཁ་ཙམ་ལ་ཚོགས་འཁོར་གྲོལ་སོང་། ཚོགས་གྲོལ་བ་དང་རང་རང་ས་ནས་སྒམ་ལ་ཞོན་ནས་བུད་སོང་། བནྡེ་བ་ཡང་ལ་དགུ་དང་ལུང་དགུ་བརྒྱུད་ནས་ཕྱིར་རང་སར་འབྱོར་། ཁོ་ཚོ་ཕྱིར་མ་ཡོང་བའི་བར་དེར་བློ་བཟང་གི་ས་ཆ་དེར་རྟགས་ཞིག་བརྒྱབ་པ་རེད། དེ་ནི་ཁོའི་སྐེད་ན་སྨྱུག་སྒྲོག་ཞིག་ཡོད་པ་དེའི་ནང་དུ་སྨྱུ་གུ་འགའ་ཤས་ཡོད་པ་དེའི་གཅིག་བླངས། སྒམ་གྱི་སེར་གའི་བར་ནས་ས་ལ་བཙུགས་ནས་བཞག་པ་རེད། ཕྱི་ཉིན་མོ་བ་ཞིག་ཁྲིད་ནས་སྨྱུ་གུ་འཚོལ་བར་སོང་། ས་ཆ་དེ་ནི་ཐག་རིང་བོ་ཞིག་མིན་པར་གཙུག་ལག་ཁང་གི་སྒོ་འགྲམ་དང་ཉེ་སར་རྙེད་པ་རེད། དིང་སང་གཙུག་ལག་ཁང་གི་མདུན་གྱི་སྐོར་ལམ་གཡས་ཟུར་ན་ལྷ་ཁང་ཞིག་ཡོད་པའི་ས་དེ་རེད། དེར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་དང་སྒོ་འགྲམ་ན་མ་ཎི་འཁོར་ཁང་ཞིག་ཀྱང་ཡོད། དེ་ནི་བནྡེ་བློ་བཟང་གིས་བུ་མོ་རྒྱགས་པའི་ཁྱོ་ག་ཉི་མ་ཚེ་རིང་འདས་པོའི་དགེ་རྩར་བཞེངས་པར་གྲགས།
ཕྱོགས་བཅུའི་བུ་མོའི་རྣ་རྒྱན་དུ་མཛེས་པའི་གཏམ་རྒྱུད་འདི་ཡང་དགེ་འདུན་རྒྱ་མཚོས་ཟིན་ཐོར་བཀོད།
འདི་ནི་བོད་པའི་སྤྱི་ཚོགས་ཁྲོད་དེར་ཁྱབ་ཆེ་བའི་འདྲེ་སྒྲུང་ཞིག་རེད།
ཕྲ་མེན་མའི་སྐོར་མང་བོ་ཞིག་གོ་མྱོང་། གང་གོ་བ་དེ་ཟིན་ཐོ་བཀོད་པ་ལས་གསར་སྒྲུང་བྲིས་མེད།
དེས་ཕྱིས་ཀློ་མཁན་ཚོས་དབྱེ་ཞིབ་གནང་རྒྱུ་རེ་བ་ཡོད།
རྩོམ་རྩལ་དང་ཉམས་མྱོང་མེད་པས་ཐེར་འདོན་བྱེད་མཁན་ཡོད་ན་དགའ་བསུ་ཡོད་ལགས།
དམངས་ཁྲོད་ཀྱི་གཏམ་རྒྱུད་ལ་ཆེས་མཐོང་དང་། དམངས་ཁྱོད་ཀྱི་གཏམ་རྒྱུད་ཀྱི་རིན་ཐང་རྟོགས་ཐུབ་རྒྱུའི་རེ་བ་ཡོད།
དམངས་ཁྲོད་ཀྱི་གཏམ་རྒྱུད་ཙམ་མ་ཚད་དམངས་ཁྲོད་ཀྱི་རིག་གནས་དང་དམངས་ཁྲོད་ཀྱི་དད་མོས་སོགས་ཀྱི་རིན་ཐང་རྟོགས་ཐུབ་དགོས་པ་རེད། །
ཐེར་འདོན་བྱས་ན་འགྲིག་གི་རེད་ཨ། དེ་རིང་ད་བཤད་རྒྱུ་ཟིག་མེད་ཀི། གཅིག་ཡོད་པ་རེད། བུད་མེད་ཚོགས་པའི་ལག་ལ་ཤོར་ན་ཐང་། གཟབ་གཟབ་བྱོས། ཧ་ཧ།