ཀླུ་སྨྱོན།
ཨ་མ་ལགས།
ངས་ཆེས་ཐོག་མའི་མིག་ཟུང་ཕྱེས་པའི་ཉིན་དེར་ཁྱེད་རང་གི་བྱམས་བརྩེས་ཁེངས་པའི་ཞལ་རས་མཐོང་བྱུང་ལ།
ཆེས་ཐོག་མར་མི་སྐད་ཐོས་པའི་ཉིན་དེར་ཁྱེད་རང་གི་སྙན་འཇེབས་ཀྱི་འབོད་སྒྲ་ཐོས་བྱུང་།
དེ་བཞིན་ཆེས་ཐོག་མར་ངས་ཁྱེད་ཀྱི་འཇམ་མཉེན་གྱི་ལག་པའི་རེག་བྱ་དང་།
ཆེས་ཐོག་མའི་མགོ་ནག་མི་ཡི་ཁ་ཟས་ཏེ་ཞིམ་མངར་གྱི་ནུ་ཞོ་དྲོན་མོའི་བྲོ་བ་ཡང་མྱངས་པ་ཡིན།
ཨ་མ་ལགས།
ཁྱེད་ཀྱིས་ང་དང་ངའི་ནུ་བོ་ཆུང་ཆུང་གཉིས་རྒྱབ་མདུན་དུ་ཁུར་ནས་གཡང་དཀར་ལུག་ཁྱུ་འཚོས་པ་དང་།
ང་དང་ངའི་ཕུ་བོ་རྒན་པ་གཉིས་ཁྲིད་ནས་གསེར་མདོག་གི་སྙེ་མ་བཏུས་པའི་ལོ་ཟླ་དེ་དག་ཏུ།
ངས་རང་ལ་ཆེས་ཐོག་མར་ས་སྟེང་འདིར་ཀྱ་ཙེ་གོམ་ཙེ་སློབ་མཁན་དང་།
ཆེས་ཐོག་མར་རང་ཉིད་ཀྱི་ཆེད་དུ་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབས་མཁན་དེ།
ཨ་མ་ཁྱེད་ཉིད་གཅིག་བུ་ཡིན་པ་ནམ་ཡང་ཤེས་མ་བྱུང་།
ཨ་མ་ལགས།
ལོ་ན་བདུན་ལ་སོན་པའི་ཉིན་དེར།
ང་རང་ཁྱེད་ཀྱི་མིག་ལམ་ནས་ཆེའི་ཐོག་མར་རྒྱང་རིང་གི་སློབ་ཆུང་དེར་བསྐྱོད་ཅིང་།
ཁྱེད་ཀྱིས་རྩམ་རྡོག་ཅིག་ངའི་དཔེ་ཁུག་ཆུང་ཆུང་དེའི་ནང་དུ་འཇུག་ཞོར།
ངའི་ལས་འདི། ངས་ཞི་ལི་ཟླ་བ་འགའ་ལ་མཐོང་ཐུབ་ཀི་མ་རེད་ཟེར་ནས་ངུ་ཞོར་དུ་ང་དང་ཕ་རྒན་གཉིས་ལ་སྐྱེལ་མ་བྱེད་སྟངས་དེ།
ལོ་མང་རྗེས་ནས་ངས་རྗེ་མི་ལ་རས་པ་རྒྱང་རིང་དུ་མཐུ་དང་སློབ་སྦྱོང་གི་ཆེད་དུ་འགྲོ་དུས།
ཁོང་གི་ཨ་མས་ཁོང་ལ་སྐྱེལ་མ་བྱས་པའི་ངང་ཚུལ་དང་ཧ་ཅང་འདྲ་བར་སྙམ།
ཨ་མ་ལགས།
ལོ་དེར་ང་ཚོའི་ཕ་ཡུལ་དུ་འཐུང་ཆུའི་དཀའ་ངལ་བྱུང་སྟེ་མི་ཕྱུགས་ཐམས་ཅད་སྐོམ་གདུང་གིས་གཟིར་བས།
དགོང་མོ་ཞིག་ལ།
ཁྱེད་ཀྱིས་ཁྱེད་ཀྱི་དྭངས་གཙང་གི་ལྷག་བསམ་དང་འདྲ་བའི་རྫ་ཆུ་ཤེལ་དམ་གང་ང་ལ་བསྐུར་འདུག་ཅིང་།
ངས་མུན་ནག་ཁྲོད་ནས་དྭངས་བསིལ་གྱི་རྫ་ཆུ་དེར་རོལ་བཞིན།
ཤེལ་དམ་འདི་དང་རྫ་ཆུ་འདི་གཉིས་ལས།
ཁྱེད་ཀྱིས་བྲང་གཞུང་ནས་ང་རང་ཆེ་རུ་བསྐྱངས་པའི་ཁྱེད་ཀྱི་འོ་འཛིན་དང་དེ་ལས་བཞུར་བའི་རབ་དཀར་འོ་མའི་རྒྱུན་བཟང་གི་རིན་ཐང་དེ་དྲན་མྱོང་།
ཨ་མ་ལགས།
ངས་སྐར་ཚོགས་དང་ཐག་ཧ་ཅང་ཉེ་བའི་དབེན་དགོན་དེར་ཆེས་ཐོག་མའི་མཚན་མོ་དེ་སྐྱེལ་དུས་དང་།
ངས་རང་ཉིད་ཀྱིས་རང་ལ་ཐོག་དང་པོར་ཁ་ཟས་གཡོ་སྐོལ་བྱེད་དུས་སུ།
ངས་ཨ་མ་ཁྱེད་ཀྱིས་མི་ལོ་བཅུ་དྲུག་གི་རིང་ལ་ངེད་ཅག་ཕ་བུ་ཚོར་བདག་སྐྱོང་བྱས་པའི་བཀའ་དྲིན་དང་།
ཅིའི་ཕྱིར་ཁྱེད་ཀྱི་ཕྱག་སོར་རེ་རེའི་ངོས་སུ་གཏིང་ཟབ་པའི་སེར་ཁ་རེ་རེ་གདངས་ཡོད་པའི་དྲི་ལན་ཡང་ཐོལ་གྱིས་རྙེད་བྱུང་།
ཨ་མ་ལགས།
འཇིག་རྟེན་གྱི་ཡོད་ཚད་མི་རྟག་པའི་རང་བཞིན་དུ་གྲུབ་པས།
ལོ་དེ་ནས་བཟུང་སྟེ་ངེད་ཚང་གི་ཁྱིམ་གྱི་མི་ལ་ན་ཚ་བྱུང་ཞིང་སྒོ་ཡི་ཕྱུགས་ལ་གྱོང་གུན་ཐེབས།
ཨ་མ་ཁྱེད་རང་ལོ་ནས་ལོ་རུ་ཉལ་སར་ལྷུང་བའི་ལོ་ཟླ་དེ་དག་ཏུ།
ངས་སྐད་ངག་འཇམ་པོས་ཁྱེད་ལ་སེམས་གསོ་ཐེངས་ཤིག་བྱེད་མ་ཐུབ་ལ།
གུས་ཞབས་དང་བཅས་ཁྱེད་ལ་འོ་ཇ་དཀར་ཡོལ་གང་ཡང་འབུལ་མ་མྱོང་།
ངས་དེ་ལས་ལྡོག་སྟེ་ཁྱེད་ལ་བཞག་པ་དག་ནི།
སེམས་ཁྲལ་དང་ཡིད་གདུང་གི་མཆི་མ་ཁོ་ན།
ཨ་མ་ལགས།
ངས་གྲོགས་པོ་གང་མང་ཞིག་གི་ཨ་མ་དག་འཇིག་རྟེན་ཕྱི་མར་བཞུད་པའི་སྐད་ཆ་ཐོས་ཤིང་།
གྲོགས་པོ་དེ་དག་གི་མིག་ལས་བབས་པའི་མཆི་མའི་འབབ་རྒྱུན་མཐོང་ཐེངས་རེར།
ནམ་ཞིག་གི་དུས་སུ།
ཨ་མ་ཁྱེད་ཀྱིས་ཀྱང་ང་རང་ཤུལ་དུ་བཞག་ནས་རྒྱང་རིང་གི་དག་ཞིང་ཞིག་བསྙེག་ལོས་འགྲོ་བསམས་ན།
ངའི་སེམས་པ་གཉོམ་པོ་འདི་བདེ་ལ་འབབ་པའི་གོ་སྐབས་ཤིག་ཤིན་ཏུ་ཉུང་།
ཨ་མ་ལགས།
ངས་ནམ་རྒྱུན་ཕ་ཡུལ་ལ་ཁ་པར་གཏོང་ཐེངས་རེ་རེ།
ཁྱོད་ཀྱིས་ངུ་ངག་དང་མིག་ཆུ་འདྲེས་མའི་སྒོ་ནས།
ཨ་མས་མ་ཤི་སྔོན་ལ་ཁྱོད་རང་ཐེངས་གཅིག་རིག་ན་འདོད་ཀི་ཟེར་བ་དང་།
ཡང་ལན་རེར་ངའི་སེམས་ཁམས་བདེ་ལ་འབབ་པའི་ཕྱིར་དུ།
གལ་སྲིད་ངེད་གཉིས་ངོ་མ་ཐུག་པར་ཨ་མ་བུད་སོང་ན།
ཁྱོད་ཀྱིས་ངའི་ཨ་མ་དེས་ང་རང་སེམས་ལ་འཐོག་བཞིན་བུད་སོང་མ་བསམས།
ཨ་མས་ཕྱིར་ཆགས་སེམས་ཆགས་ཅི་ཡང་བྱེད་ཀི་མ་རེད་ཟེར།*
ཨ་མ་ལགས།
ད་ལྟ།
ངས་ཨ་མ་ཁྱེད་དང་ཁ་ཐག་རིང་བའི་ཡུལ་གྲུ་འདི་རུ།
ཨ་མ་ཁྱེད་ཉིད་བཞུགས་སའི་རྒྱང་རིང་གི་ནམ་མཁའ་དེར་ལྟ་བཞིན།
ཁྱེད་ཀྱི་སེམང་ཁོང་ནས་རང་གི་བུ་ལ་བཅངས་པའི་ལྷག་བསམ་ནི་གངས་དཀར་གྱི་ལྷུན་པོ་ཇི་བཞིན་དཔང་མཐོ་ཞིང་།
ཁྱེད་ཀྱི་མིག་ཟུང་ལས་རང་གི་བུ་ལ་བཞུར་བའི་སྤྱན་ཆབ་ཀྱི་བཞུར་རྒྱུན་ནི་རྨ་འབྲིའི་ལོ་རྒྱུས་ལྟ་བུར་རིང་བ་ཞིག་ཡིན་པ་རྟོགས་བྱུང་།
ཨ་མ་ལགས།
ཁྱེད་ཉིད་ཅི་ཙམ་བགྲེས་ན་ཡང་།
ཁྱེད་ཉིད་ག་ཚོད་སྐྱོ་ན་ཡང་།
ས་མཐའི་བུ་སྡུག་ང་ཕྱིར་ཕ་ཡུལ་དུ་མ་བསླེབ་བར་དུ།
ཨ་མ་ཁྱེད་ཉིད་སྐུའི་མེ་ཏོག་མི་འཐོར་བར་བཞུགས་རོགས་ཞུ།
ངས་ཁྱེད་ལ་པུས་མོ་ས་རུ་བཙུགས་ཏེ་ཞུ་བ་འབུལ།
ཨ་མ་ལགས།
*ཨ་མའི་སྐད་ཆ་འདི་དྲན་དུས་ནམ་རྒྱུན་ངའི་མིག་མཐའ་མཆི་མས་སྦངས་ཡོང་།
དྲ་གྲོགས་སུ་སྤེལ་ཐུབ་ཀྱི་ཡོད་ན་ངའི་རེ་བ་ཆུང་ཆུང་འདི་སྒྲུབས་རོགས་གནང།་་་་་་་་ངའི་བསམ་འཆར་འདི་དུས་བབས་དྲ་རྒྱའི་ཐོག་《ངའི་དེབ་གཉིས་དཔར་བསྐྲུན་གནང་རོགསཱྀ》ཞེས་པའི་ཐད་དུ་འགོད་རོགས།
ང་ལ་དུས་བབས་དྲ་རྒྱའི་ཐོག་འཛུལ་ཞུགས་བྱེད་པའི་ཐུབ་བཀའ་འཁྲོལ་མེད་པས་ཡིན།
ང་རྔ་བ་བསོད་ནམས་རྒྱ་མཚོ་ཡིན།་་དུས་བབས་དྲ་རྒྱའི་ཐོག་ངའི་དེབ་གཉིས་དཔར་བསྐྲུན་གནང་རོགས་ཞེས་པའི་སྐོར་ལ་ཨ་ཆགས་ཚེ་རྡོར་ལགས་ཀྱིས་བསམ་འཆར་མང་ཞིག་བྲིས་འདུག་་་་་་ང་ལ་སྤྱིར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་བྱེད་ཁག་གིས་བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་གསལ་ཆ་མེད་པས་བཤད་ཐབས་བྲལ།་་་་་་་་སྐབས་འདིར་ཨ་ཆགས་ཚེ་རྡོར་ལགས་འདི་ལྟར་་་་་༼ཕྱི་ལོ་༢༠༠༧་ལོར་ཨ་རིའི་གླིང་ཁོངས་ཁཱོ་ལོང་པེ་ཡ་རྒྱལ་ཁབ་ཏུ་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྲས་རྔ་བ་བསོད་ནམས་རྒྱ་མཚོ་ལྐོག་དངུལ་གསང་ལེན་གྱིས་ཚོགས་འདུར་བཏང་ཡོད།་༽ཅེས་བཀོད་འདུག
འདི་ལ་ངས་གསལ་བཤད་ཅུང་ཙམ་ཞིག་བྱེད་དགོས་ནི་རེད།
ང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་ཁུངས་སུ་ཞུགས་ཡོད་པས་སྐབས་དེར་ངས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་གཞིར་གཞག་ང་ཁཱོ་ལམ་བྷབྷབྷེ་ཡ་རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་ཞུགས་ཌྷཌྷའདོད་ཡོད་པའི་སྙན་ཞུ་ཞིག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ་སྤྲད་པ་ཡིན།
རྗེས་སུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་ནས་ང་ལ་ཁྱེད་རང་ཚོགས་འདུར་ཞུགས་རྒྱུ་ང་ཚོས་མོས་མཐུན་བྱས་པ་ཡིན་ཟེར་སོང།་་་་འོན་ཀྱང་ང་ཚོར་འགྲིག་གཞི་ཞིག་ཡོད་པ་རེད་དེ་ནི་ཁྱེད་རང་ཚོགས་འདུར་མ་སོང་སྔོན་དུ་འདི་ག་ལས་ཁུངས་སུ་ཧིན་སྒོར་གཅིག་འབུམ་གཏའ་མར་བཞག་དགོས་ནི་རེད་རྗེས་སུ་ཁྱེད་རང་ཕྱིར་འདིར་སླེབས་སྐབས་ཁྱེད་རང་ལ་ཕྱིར་སྤྲོད་རྒྱུ་རེད་ཟེར་སོང།་་་་་་་་་ང་ཕྱིར་ཡོང་རྒྱུ་ཡིན་པས་ངས་རྩོམ་པ་པོའི་ལས་ཁུངས་ཀྱི་འགྲིག་གཞི་ལྟར་འགྲོ་རྒྱུ་དང་ལེན་བྱས་པ་ཡིན།་
ཡང་དེ་ག་ལས་ཁུངས་ནས་ཚོགས་འདུའི་མཛད་རིམ་དང་འགྲིག་གཞི་སོགས་ཀྱི་ཡིག་ཆ་མང་བོ་ཞིག་ང་སྤྲད་བྱུང།་་་་ཡིག་ཆ་དེ་དག་གི་ནང་གསལ་བ་ལྟར་ཚོགས་འདུ་དེར་ཞུགས་ན་ཐོག་མར་ཡོ་སྒོར་སུམ་བརྒྱས་དེབ་སྐྱེལ་གནང་དགོས་སྐོར་ཁ་གསལ་གྱིས་འགྲེལ་བཤད་ཀྱང་གནང་སོང།
ཡོ་སྒོར་སུམ་བརྒྱ་དེ་ངས་ཐད་ཀར་ཁཱོ་ལམ་བྷེ་ཡའི་རྩོམ་པ་པོ་མཐུན་ཚོགས་སུ་གཏོང་དགོས་པ་ཞིག་ཡིན་སྟབས་ང་ལ་དངུལ་ཐད་ཀར་ཕྱི་རྒྱལ་དུ་མགྱོགས་གཏོང་ཐུབ་པའི་ཆ་རྐྱེན་མེད་པས་ངས་ཁོང་ཚོར་རེ་བ་ཞུས་ནས་ཁྱེད་ཅག་གིས་ང་ལ་དངུལ་དེ་གཏོང་རོགས་བྱོས་ཞེས་བཤད་པ་ཡིན་ལ་དང་ལེན་བྱས་སོང།
ངས་ཡོ་སྒོར་སུམ་བརྒྱའི་དོད་ཀྱི་ཧིན་སྒོར་ཁོང་ཚོཌྷའི་ལག་ཏུ་བཞག་ནས་བཏང་རེད།
དངུལ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་དབང་བ་ཞིག་རེད་མི་འདུག་ཁཱོ་ལམ་བྷེ་ཡ་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲ་རྒྱ་བརྒྱུད་ནས་དེའི་སྐོར་ངས་གསལ་བོ་ཤེས་སོང།
རྗེས་སུ་ང་ལ་ཁཱཌྷོ་ལམ་བྷེ་ཡ་གཞུང་ཚབ་ནས་ཐོངས་མཆན་ཐོབ་ནའང་ང་དངོས་སུ་འགྲོ་རྒྱུ་བྱུང་མེད།་་་ངས་ཤེས་དུས་ས་ཐག་རིང་དྲག་པས་ལམ་བར་དུ་རྒྱལ་ཁབ་གཞན་གྱི་གནམ་ཐང་སོགས་བརྒྱུད་དགོས་སྟབས་རྒྱལ་ཁབ་དེ་དག་ནས་ཐོངས་མཆན་ཐོབ་དགོས་འདུག།་་་་དེར་བརྟེན་ལས་གཞི་མང་བ་ཞིག་གི་འགོ་བརྩམ་དགོས་པས་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་རྒྱབ་སྐྱོར་གང་ཞིག་བྱེད་དགོས་རུང་བྱེད་རྒྱུ་ཡིན་ཟེར་སོང་།་་་་འོན་ཀྱང་ངས་འཚམས་འཇོག་བྱས་པ་ཡིན།
གང་ལྟར་ངའི་བཤད་འདོད་པ་ནི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་བྱེད་པ་དག་ལ་ངས་ལྐོག་དངུལ་གསང་སྦྱིན་བྱེད་མ་མྱོངས་ཟེར་བ་དེ་ཡིན།
ཨ་ཆགས་ཚེ་རྡོར་ལགས་ཁྱོད་སུ་ཡིན་ངས་མི་ཤེས་འོན་ཀྱང་ད་ཐེངས་ཁྱེད་ཀྱིས་ངའི་ཐོག་བཤད་པ་དེ་དག་དག་
མ་རེད་ཞུ་རྒྱུ་ཡིན།
ཀླུ་སྨྱོནལགས། འདི་མོ་འདི་ ཅིག་འབྲི་གི་མ་འདུག
ཨ་མའི་སྐོར་གི་སྙན་རྩོམ་རེ་མཐོང་དུས། ང་ལ་ཡང་་་་་
དབུགས་ཚང་ཞིང་ གདོང་གཟེར་བཞིན་ བྲང་ཁོག་ནས་སྟོད་ལ་གཏད་ཡོང་གི་འདུག
དུས་མཚུངས་་ སེམས་ངོགས་གི་ལོ་ཟླའི་སྤྲིན་ཕུང་དེ་ཚོ་
ཕྱིར་དྲན་གྱི་རླུང་གིས་རབ་ཏུ་དཀྲུག་ཚེ དཔྲལ་བའི་ཀླད་ཞོལ་གྱི་འཁྱག་རོམ་ཚ་བས་བཞུས་ཏེ་
མིག་ཀོང་ནས་ཆུ་རྡོག་གི་ཟིལ་བ་རེ་རེས་
ཁུར་ཚོས་ཀྱི་མདུན་ངོས་སུ་ཡང་ནས་བསྐྱར་དུ་བཀྲུ་བར་བྱེད་བཞིན་འདུག