སེར་བྱེས་ལྡན་མ་བྱམས་པ་ཆོས་དབང་།
ཁོ་བོས་ཚན་རིག་པའི་གཞུང་ནས་བཤད་པའི་མཚེ་མའི་མགོ་རྙོགས་ཞེས་པའི་སྐོར་རྩོམ་བྲིས་བྱེད་པའི་རྒྱུ་མཚན་ནི། སྤྱིར་གནད་དོན་འདི་ནང་པའི་གཞུང་ལུགས་དང་ཆ་ཐམས་ཅད་ནས་མཐུན་པ་ཞིག་མིན་ཀྱང་། དཔེར་ན། ཡོངས་གྲགས་སུ་ངེད་ཅག་གིས་མཐོ་རིས་ལྷ་དང་། འགྲོ་བ་མི། ངན་སོང་བ་དམྱལ་བ་སོགས་ཀྱི་ཚེ་ཚད་ལ་ཁྱད་པར་བཤད་ཀྱིན་ཡོད། དེ་ཡང་གཞུང་ནང་མི་ལོ་ལྔ་བཅུ་ལ་ལྷའི་ཉིན་ཞག་གཅིག་ཟེར་བ་དང་། ཚ་དམྱལ་གྱི་ཉིན་ཞག་རེ་ནི་འདོད་ལྷའི་ཚེ་ཚད་དང་མཉམ་ཟེར་བ་དང་། ཡི་དྭགས་ཀྱི་ཉིན་ཞག་གཅིག་ལ་མིའི་ཟླ་བ་གཅིག་ཟེར་བ་སོགས་ཀྱི་ཁྱད་པར་གསུངས་ཡོད། ཁྱད་པར་དེ་ལྟར་ཡོང་བ་ནི་སེམས་ཅན་སོ་སོའི་ལས་ཚུལ་མི་འདྲ་བ་ལས་ཡིན་པ་ནི། དཔེར་ན། བྱང་སྒྲ་མི་སྙན་པ་ཚེ་སྟོང་ཐུབ་པ་ནི་ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་གྱིས་ཡིན། སྤྱིར་ཚན་རིག་པས་ལྷ་དང་དམྱལ་བ་སོགས་ཁས་མི་ལེན་ཞིང་། བྱེ་བྲག་ཏུ་དེ་ལྟ་བུའི་ཚེ་ཚད་ཕྲ་མོའི་སྐོར་ལ་དེ་བས་ཁྱད་པར་མི་བཤད་ཀྱང་། ཚེ་ཚད་ཁྱད་པར་བཤད་ཀྱིན་ཡོད་པ་ནི་འོག་གི་རྩོམ་ལ་བརྟེན་ནས་རགས་ཙམ་ཤེས་ནུས་པ་ཡིན་སྙམ།
དངོས་ཁམས་རིག་པའི་ནང་དུ་མཚེ་མའི་མགོ་རྙོགས་ཞེས་པ་ནི་ཐུན་མིན་ལྟོས་གྲུབ་དང་འབྲེལ་བའི་བསམ་བློའི་ཚོད་ལྟའི་རང་བཞིན་གྱི་བརྗོད་གཞི་ཞིག་ཡིན། དེ་ཡང་སྐྱེ་བོ་མཚེ་མ་ཞིག་ཡོད་པ་ལས་གཅིག་གིས་མགྱོགས་ཚད་ཧ་ཅང་མཐོ་བའི་གནམ་གྲུ་ནང་ཞུགས་ནས་བར་སྣང་ལ་འགྲུལ་བཞུད་ཀྱིས་ཕྱིར་ནང་ལ་འཁོར་བ་ན་གླིང་འདིར་གནས་པའི་མཚེ་མ་གཞན་དེ་ལས་ལོ་ན་གཞོན་པ་ཡིན་པར་ཤེས། གནད་དོན་འདི་མགོ་རྙོགས་གཅིག་ཏུ་སྣང་སྲིད། གང་ཡིན་ཟེར་ན། མཚེ་མ་གཉིས་ཀ་ལ་ཕྱོགས་ཕན་ཚུན་འགྲུལ་བཞུད་བྱེད་པ་ཞིག་ཏུ་སྣང་ཞིང་། དུས་ཡུན་བཤོལ་ཐེབས་ Time Dilation ཀྱི་ལམ་ལུགས་གཞིར་བྱེད་ན། ཕྱོགས་གཉིས་ཀར་ལོ་གཞོན་ཏུ་ཕྱིན་པ་ཞིག་ཏུ་སྣང་ངེས་རེད། བསམ་བློ་ཡང་དག་པར་བསམས་ན་གྲུབ་འབྲས་འདི་ནི་མགོ་རྙོགས་གང་ཡང་མིན་ཏེ། ལྟོས་གྲུབ་ཐུན་མིན་གྱི་ལུགས་དང་འབྲེལ་ནས་བསམས་ན་དཀའ་རྙོགས་དེ་སེལ་ནུས་པ་ཡིན། གནད་དོན་འདི་གནམ་གྲུ་དང་འཁོར་སྐར་གྱི་ནང་དུ་དུས་ཚོད་འཕྲུལ་འཁོར་འཇོག་ནས་དེའི་འཁོར་ཚད་ལ་བརྟག་ན་ཁུངས་སྐྱེལ་ནུས་པ་ཡིན།
ཕྱི་ལོ་ ༡༩༡༡ ནང་དུ་ཧྥི་རན་སི་ཡུལ་གྱི་དངོས་ཁམས་རིག་པ་བ་གྲགས་ཅན་ Paul Langevin ཕོལ་ ལེང་ཝིན་ ༼༡༨༧༢–༡༩༤༦༽ གྱིས་སྣེ་ཁྲིད་པ་བརྒྱུད་མགོ་རྙོགས་གི་གནད་དོན་འདིའི་སྐོར་ལ་འགྲེལ་བཤད་སྣ་མང་བྱེད་ཡོད་ཀྱང་། མང་ཆེ་བས་འདི་ནི་འགལ་ཟླ་རང་བཞིན་ཅན་གང་ཡང་མིན་པ་ལ་གཞི་བཅོལ་བར་བྱེད། རྒྱུ་མཚན་ནི། མཚེ་མ་གཉིས་པོའི་དབར་ཁྱད་པར་འོང་བ་ནི་ཕྱོགས་གཅིག་ལ་མྱུར་དལ་འོང་བས་ཡིན་གྱི་ཆ་མི་སྙོམས་པ་ Symmetry དེ་འདྲ་གང་ཡང་མེད། ཕྱི་ལོ་ ༡༩༡༣ ནང་རྗར་མན་གྱི་དངོས་ཁམས་རིག་པ་བ་ མེཀྶི་ཝོན་ལོའུ་ Max Von Laue ༼ཕྱི་ལོ་ ༡༩༡༤ ལོའི་དངོས་ཁམས་རིག་པའི་སྡེ་ཚན་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན།༽ ཡིས་རྒྱུ་མཚན་གཞན་ཞིག་བཀོད་པ་ནི། འགྲུལ་པ་མཚེ་མ་ཡིས་འགུལ་མེད་ཀྱི་གཞི་སྒྲོམ་ Inertial frames གཉིས་བེད་སྤྱོད་བྱས་ཡོད། དེ་ཡང་གཅིག་ནི་ཕར་འགྲོ་དང། གཞན་ནི་ཚུར་འོང་བའི་ལམ་ལ་བེད་སྤྱོད་པ་ཡིན། ཆ་མི་སྙོམས་པའི་ཁྱད་པར་འོང་བ་ནི་གཞི་སྒྲོམ་ frames བརྗེ་པོར་རྒྱབ་པ་ལས་བྱུང་བ་ཡིན་གྱི་མགྱོགས་ཚད་མྱུར་པོར་བསྐྱོད་པ་ལས་མ་ཡིན་ཟེར།
མགྱོགས་ཚད་མྱུར་པོར་བསྐྱོད་པའི་གནད་དོན་འདིའི་སྐོར་ལ་འགྲེལ་བཤད་གཞན་ནི། ཨཡེནྶེ་ཊན་དང་། བྷོནི་ Born མཱོ་ལར Moller བཅས་ཀྱིས་འཐེན་ཤུགས་ཀྱི་དུས་ཡུན་བཤོལ་ཐེབས་ Gravititional time dilation ལམ་ལུགས་སྤྱོད་ནས་མགྱོགས་ཚད་མྱུར་པོར་བསྐྱོད་པས་ལོ་ཡུན་འཕོ་བསྒྱུར་འགྲོ་བའི་སྐོར་ལ་འགྲེལ་བཤད་རྒྱག་བཞིན་ཡོད། འཐེན་ཤུགས་ཀྱི་དུས་ཡུན་རྒྱ་བསྐྱེད་དང་། ལྟོས་གྲུབ་ཐུན་མིན་ལམ་ལུགས་གཉིས་ཀ་སྤྱོད་ནས་ཧཧྥེ་ལེ་ ཀི་ཊིང་གི་བརྟག་དཔྱད་ Hafele-Keating experiment ལ་འགྲེལ་བཤད་རྒྱག་ཐུབ།
ཧཧྥེ་ལེ་ ཀི་ཊིང་གི་བརྟག་དཔྱད་ཞེས་པ་ནི་ལྟོས་གྲུབ་ཀྱི་སྒྲིག་གཞི་ Theory of relativity སྒྲུབ་བྱེད་ཀྱི་ཚོད་བལྟའི་ལམ་ལུགས་ཞིག་ཡིན། ཕྱི་ལོ་ ༡༩༧༡ ཟླ་བ་ ༡༠ པའི་ནང་ཇོ་སེཧྥ་ ཧཧྥེ་ལེ་ Joseph C. Hafele དང་། རི་ཆཌ་ ཀི་ཊིང་ Richard Keating གཉིས་ཀྱིས་དུས་ཚོད་འཕྲུལ་འཁོར་བཞི་འཁྱེར་ནས་གནམ་གྲུ་ནང་ཞུགས་ནས་སའི་གོ་ལ་ལ་ཐེངས་གཉིས་སྐོར་བསྐྱོད་བྱས་པ་རེད། དེ་ཡང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ངོས་མི་འདྲ་བ་གཉིས་ནས་སྐོར་བར་བྱེད་པ་བརྒྱུད། ཨ་རི་མཚོ་ཐོག་ཚོད་ལྟ་ཁང་གི་དུས་ཚོད་འཁོར་ཡུན་དང་གཤིབ་བསྡུར་བྱེད་པ་ལ་ཟེར།
དུས་ཡུན་བཤོལ་ཐེབས་ཞེས་པ་ནི་ཉམས་ཞིབ་པ་གཉིས་ཀྱི་བར་ལ་དུས་ཡོལ་གྱི་སྐོར་ལ་ཁྱད་པར་སྣང་བ་ལ་ཟེར། ཁོང་གཉིས་ནི་ཕྱོགས་ཕན་ཚུན་སོ་སོར་འབྲེལ་བའི་ཐོག་ཕྱོགས་བསྐྱོད་བྱེད་པའམ། འཐེན་ཤུགས་ལྡན་པའི་ས་གཞི་མི་འདྲ་བའི་སྟེང་དུ་གནས་པར་བྱེད། ཉམས་ཞིབ་པ་ཕྱོགས་གཅིག་གིས་རང་གི་དུས་ཚོད་འཁོར་ལོ་ལས་གཞན་གྱི་དེ་དལ་བར་བསྐྱོད་པར་སྣང་ཞིང་། དེ་ལྟར་སྣང་བ་དེ་དུས་ཚོད་འཁོར་ལོའི་འཕྲུལ་ཆའི་གནས་སྟངས་ངོས་ནས་སམ་དུས་ཡུན་མགྱོགས་དལ་བསྐྱོད་པར་བརྡ་ཞིག་བསྟན་པ་ལས་བྱུང་བ་མ་ཡིན། འོ་ན་གང་ཞེ་ན། ལྟོས་གྲུབ་ཀྱི་སྒྲིག་གཞི་ཡིས་འགྲེལ་བའི་དུས་དང་ཁམས་ཀྱི་འགྱུར་འགྲོས་ལས་བྱུང་བ་ཡིན། དུས་ཡུན་བཤོལ་ཐེབས་ཡོང་བའི་རྒྱུ་རྐྱེན་གཉིས་ནི། ཉམས་ཞིབ་པ་གཉིས་ཀྱི་བར་ལ་ཕྱོགས་བསྐྱོད་ཀྱི་འགུལ་ཤུགས་ཀྱི་ཚད་དང་། ཡང་ན། འཐེན་ཤུགས་ཆེ་བའི་ས་གཞི་ལས་བར་ཐག་རིང་ཐུང་གི་ཁྱད་པར་བཅས་ཡིན།
ཕྱི་ལོ་ ༢༠༡༡ ལོའི་ཟླ་བ་ ༦ པ་ས་ག་ཟླ་བའི་ནང་སྒང་ཏོག་ལ་བྲིས་པའོ། །