གསར་འགྱུར་མཁོ་གཏོང་བ། བསྟན་འཛིན་རྣམ་མཛེས།
ཕྱི་ཚེས་༩ ཉིན་གྱི་དགོང་དྲོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་འོག་ངྷ་རམ་སའི་ཉིན་མོའི་སློབ་གྲྭའི་ནང་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ།” ཞེས་པའི་མི་མང་འདུ་འཛོམས་ཀྱི་བོད་སྐད་གླེང་སྟེགས་ཆེན་པོ་ཞིག་ཚོགས་ཏེ། མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་ཐོག་དེར་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་ “བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་འཛིན་སྐྱོང་དང་ཕྱི་འབྲེལ་སྐོར།” ཐོག་གཏམ་བཤད། མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་ལགས་ཀྱིས་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་ཐོག་མང་ཚོགས་ཀྱི་མཐོང་ཚུལ།” ཐོག་གཏམ་བཤད། དགུ་བཅུ་གསུམ་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ “བོད་ཀྱི་སྲིད་སྐྱོང་བས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས་པའི་སྔ་རྗེས།” ཞེས་པའི་ཐོག་གཏམ་བཤད་གནང་བ་བརྗོད་གཞི་ཁག་གསུམ་ལ་བཀྲམས་འདུག་ལ། མཐར་མང་ཚོགས་ཀྱི་དྲི་བ་དྲིས་ལན་གནང་བ་སོགས་ཚོགས་འདི་ཧ་ཅང་འཁྲུག་པོ་བྱུང་། མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་”བོད་ཀྱི་སྲིད་སྐྱོང་བའི་ལོ་གཅིག་གི་ལས་དོན་གླེང་བ།” ཞེས་པའི་ཚོགས་འདུ་གོ་སྒྲིག་དགོས་དོན་ཐད་གསུང་དོན། དང་པོ། མང་གཙོ་ཚོགས་པའི་རྒྱལ་ཡོངས་བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱས་པའི་འཇུག་འབྲས་ཐད། བོད་ཀྱི་སྲིད་སྐྱོང་བས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་ཐུགས་འགན་ཇི་ཙམ་བཞེས་ཡོད་མེད་དང་། མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་༣ པའི་གྲོས་ཆོད་ཀྱི་དགོངས་དོན་འཇུག་སྐྱོང་ཞུས་པ་ཞིག་དང་། གཉིས་པ། རྒྱལ་ཡོངས་འོས་བསྡུའི་སྔ་ཕྱིར་མི་རབས་གསར་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁྱེར་ཐུབ་མིན་སྐོར་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེར་བྱུང་ཡོད་སྟབས། མི་རབས་གསར་པའི་ཐོག་ནས་འགན་ཁྱེར་བའི་ལོ་གཅིག་གི་རིང་ལས་བསྡོམས་ངོ་སྤྲོད་གང་འཚམས་ཞུ་ཐུབ་པའི་ཆེད་དུ་ཡིན། གསུམ་པ། རྒྱ་ནག་ལ་བོད་ཀྱི་མང་གཙོའི་ལམ་སྲོལ་ཐོག་ནས་འོས་འདེམས་བྱས་པའི་བོད་ཀྱི་སྲིད་སྐྱོང་བའི་བོད་དོན་སྒྲུབ་ཕྱོགས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་དུ་ཡིན་ཞེས་ངོ་སྤྲོད་གནང་སོང་།
དེ་ནས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། བཀའ་ཁྲིའི་སྲིད་དོན་བཞེངས་ཕྱོགས་ཀྱི་རྩ་བའི་དམ་བཅའ་གསུམ་དང་འབྲེལ་ནས་གསུང་དོན། རང་ཁ་རང་གསོ་ཟེར་བ་དེ་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀའི་གནས་བབ་ཐོག་ནས་བཤད་ན་གནད་འགག་ཆེན་པོ་དེ་ཙམ་མ་རེད། རང་ཁ་མ་སོས་བསྡད་ཡོད་མཁན་བཙན་བྱོལ་ནང་དུའང་ཧ་ཅང་ཉུང་ཉུང་རེད། དེ་ལས་བོད་ཕྱི་ཕྱོགས་སུ་ཁ་སོས་མཁན་ཚོས་བག་མེད་ལོངས་སྤྱོད་བྱེད་བཞིན་པར་གཟབ་གཟབ་བྱེད་དགོས་ལ། སྔོན་ཡོ་རོབ་ནང་རྗིའི་མི་རིགས་ལ་དཀའ་ངལ་དེ་འཕྲད་པ་རེད། ཡང་བཀའ་ཁྲིའི་ཆིག་སྒྲིལ་གལ་ཆེ་རབས་གསུང་བསྡད་ཡོད་མོད། ངས་བལྟས་ན་ཅིག་སྒྲིག་ལ་སྲིད་དོན་ཐད་ངོས་གཉིས་ཡོད་པ་རེད། གཞུང་འཛིན་པའི་ཅིག་སྒྲིལ་ཟེར་བ་སྒེར་གཅོད་ཀྱི་ངོ་བོར་འཕོས་མི་སྲིད་པའང་མ་རེད། མ་གཞི་ད་ལྟའི་བོད་ཀྱི་གནས་སྟངས་ལ་བལྟས་ན། ང་ཚོར་ཆིག་སྒྲིལ་ལས་ཀྱང་གུ་ཡངས་དང་། དམང་གཙོ་གལ་ཆེན་པོ་རེད། གུ་ཡང་དང་དམངས་གཙོ་ཡོད་ན་ད་གཟོད་གསར་གཏོད་ཡོང་གི་རེད། ཆིལ་སྒྲིལ་ནི་ཕྱིའི་གནོད་ཤུགས་འོག་ནས་མ་བྱེད་རང་བྱེད་ཆགས་ཡོད། དེ་བཞིན་གསར་གཏོད་ཟེར་བ་དེ་རེད། མི་རིགས་གང་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་དང་དཔལ་ཡོན་གཞི་ལ་བཞག་ནས་གསར་གཏོད་བྱེད་ཐུབ་ན། དེ་ནི་གསར་གཏོད་ཡག་ཤོས་ཤིག་རེད། དེ་ལྟར་མ་བྱུང་ཡང་མི་རིགས་གཞན་གྱིས་གསར་གཏོད་བྱས་པའི་ལམ་ལུགས་སྲོལ་སོགས་ཁྱེར་ཡོང་ཏེ། སོ་སོའི་སྤྱི་ཚོགས་ལ་སྤྱར་རྒྱུ་དེའང་གསར་གཏོད་ཅིག་རེད། སྔོན་ཆད་ཉི་ཧོང་འདི་ལྟར་ཡར་རྒྱུས་ཕྱིན་པ་རེད། བཀའ་ཁྲིའི་བློ་སེང་མཆོག་གི་ལས་རྒྱུན་རིང་གསར་གཏོད་སྔ་མ་དེ་མ་བྱུང་ཡང་ཕྱི་མ་དེར་རེ་བ་ཞིག་མེད་འགྲོ དེ་ཙམ་བྱུང་ཡང་འགྲིག་གི་ཡོད་པ་རེད། ཡང་ཁོང་གིས་གཞུང་ཞིག་གམ། མི་ནུས་པ་ཅན་ཞིག་གིས་གཞུང་སྲིད་ལ་འགྱུར་བ་གཏོང་སྟངས་ཁྲོད་འགྱུར་སྟངས་སྣ་ཁ་གཉིས་ཡོད། གཅིག་ནི་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་པ་དེ་རེད། དེར་ལོ་རྒྱུས་གསར་བཟོ་མཁན་ཡང་བརྗོད་ཀྱིན་ཡོད། གཞན་དེ་དུས་རབས་ཀྱི་འགྱུར་བ་དང་བསྟུན་དེ་སོ་སོས་སོ་སོར་འགྱུར་བ་གཏོང་རྒྱུ་དེའང་གཞུང་སྲིད་ཀྱི་འགྱུར་བ་ཞིག་ལ་ངེས་འཛིན་པ་རེད། འུ་ཚང་གི་བཀའ་ཁྲིའི་ལོ་རྒྱུས་གསར་གསོ་བྱ་མ་ཐུབ་རུང་སོ་སོ་ལོ་རྒྱུས་ཀྱི་འགྱུར་འགྲོས་རྗེས་ལ་མ་ལྷགས་པ་ཞིག་བྱུང་ནའང་གལ་ཆེན་པོ་རེད། ངས་བཀའ་ཁྲི་འདི་བ་ཟམ་གདོང་རིན་པོ་ཆེ་སྐབས་དང་མི་འདྲ་ས་ཞིག་མཐོང་བ་ནི། ཁོས་སྐབས་སྔོན་མ་ལྟར་ལྟ་གྲུབ་དང་གཞུང་ལུགས་ཁ་ལ་ཁྱེར་ནས་སྐད་ཆ་རྫིག་པོ་དང་སྤམ་པོ་གསུང་ནས་སྡོད་པ་ཙམ་མ་ཡིན་པར། གཞུང་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་འཛིན་སྐྱོང་ཞིག་གི་ངོ་བོར་བསྒྱུར་བཞིན་འདུག་ན། དེ་འགྱུར་ཕྱོགས་ཡག་པོ་ཞིག་ཅེས་གསུངས་སོང་།
དེ་རྗེས་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་ལགས་ཀྱིས་གཞིས་བྱེས་གཉིས་ཀྱིས་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ་བཀའ་བློན་ཁྲི་པའི་ལས་དོན་ཡག་པོ་ཡོད་པའི་རྟགས་རེད། དེ་བཞིན་རྒྱ་གར་གྱིས་གཙོས་པའི་ཉིན་ཧོང་། ཨ་རི་སོགས་ཀྱིས་ཕྱིའི་རྒྱལ་ཁབ་དང་ཆེས་མཐོའི་མི་སྣའི་མཐོང་ཚུལ་ཡག་པོ་ཞེ་དྲག་རེད། གཙོ་བོ་དེ་རིང་ངས་མཐོང་ཚུལ་མི་འདྲ་བ་མང་པོ་བཤད་པའི་ནང་ནས་གལ་ཆེ་ཤོས་དེ་བོད་ཕྱི་ནང་གཉིས་ཀའི་མི་མང་གི་མཐོང་ཚུལ་དེ་རེད་ལ། གཙོ་བོ་མཐོང་ཚུལ་དེ་མུ་མཐུད་གནས་དགོས་པ་ཞིག་རེད། བསམ་གྱི་འདུག་ཅེས་དང་། མཐའ་མར་ཚོགས་གཙོ་ཟུར་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ད་ལྟ་བཀའ་བློན་ཁྲི་པའི་ལས་དོན་ཐོག་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀའི་འཇུག་སྡོམས་རྒྱག་སྔ་དྲག་ཀྱང་། ལོ་གཅིག་རིང་འདིར་༸དཔལ་རྒྱལ་བ་ཀརྨ་པའི་མཚན་རྒྱ་གར་ཡུལ་མིའི་ཁྲིམས་ཁང་ནས་ཕྱིར་འདོན་ཐུབ་ཡོད་པ་སོགས་ཕྱག་ལས་སྣ་ཚོགས་གནང་བའི་ཡོད་པར་བསྔགས་བརྗོད་དང་། ཡང་ཁོང་གིས་བཀའ་བློན་ཁྲིའི་ཁ་ཉིན་ལོ་གཅིག་འཁོར་བའི་བསྒྲགས་གཏམ་ནང་། གསར་གཏོད་དུ་བཤད་པ་རེ་འགའ་གསར་གཏོག་ཞིག་ཡིན་མིན་དོག་འདྲི་དང་། ཁྱད་པར་དུ་ལོ་གཅིག་གི་བསྒྲགས་གཏམ་དེའི་ནང་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་གནང་ཕྱོགས་ཐད་བོད་ཡིན་ནང་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་དང་། དབྱིན་ཡིན་ནང་དམ་བཅའ་ཡོད་ཞེས་མ་འདྲ་བ་གཉིས་བྲིས་འདུག་པའི་ཡིག་ཆ་སྒྲོག་སྦྱང་ཡང་གནང་དགག་སྒྲུབ་ཀྱི་ལམ་ནས་གསུངས་བཤད་གནང་སོང་།
མཐར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་གཞོན་པ་བཅུད་པར་གཡང་མཁོ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེའི་ཞུའི་གསུང་བཤད་དང་བཅས་ཚོགས་འདུ་འཇུག་སྒྲིལ་སོང་། ཕྱི་ནང་གི་གསར་འགོད་པ་དང་མང་ཚོགས་བརྒྱ་ཕྲག་ཙམ་ཚོགས་འདུར་མཉམ་ཞུགས་གནང་འདུག