སོག་མདའ།
མཁའ་དབྱིངས་སྤྲིན་གྱིས་བསྒྲིབས་པའི་ནངས་མོ་དེ་ལ།
གཞན་ཡུལ་གནས་ལ་བརྫངས་པའི་ཞོགས་པ་དེ་ལ།
མི་འགྲོ་རང་དབང་མེད་པའི་དུས་ཚོད་དེ་ལ།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ཞེ་མཐུན་ཆུང་དུས་རྩེད་རོགས་རྒྱབ་ཏུ་བཞག་ནས།
མི་ཤེས་ཁྱོ་གའི་རྗེས་སུ་ཁྱི་བཞིན་ཁྲིད་དུས།
དུང་སེམས་སྐྱོ་བའི་མིག་ཆུ་སེམས་ནང་ཉར་དུས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ན་མཉམ་ཤེས་བྱ་རིག་པའི་མཁའ་དབྱིངས་འགྲིམ་དུས།
བུ་མོ་བེའུ་རྫིར་མངགས་པའི་ལས་སྐལ་སྤྲད་དུས།
ནོར་ནག་འབྲི་མོ་ལྷན་ཏུ་རྒས་ཉམས་ཐོན་དུས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
སྐྱིད་ཀྱི་ཁྱིམ་གཞི་དྲོན་མོའི་གདན་ལ་རོལ་དུས།
ཡར་རྒྱུད་མར་རྒྱུད་ཕོ་མཆོག་མོ་དམན་དབང་གིས།
མར་རྒྱུད་མོ་དམན་བུ་མོ་འདུག་གནས་ཡིན་པས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ལྷ་གསོལ་ཀླུ་གསོལ་བྱེད་པའི་དུས་ཀྱི་ཉིན་ལ།
ཕོ་རྣམས་དགྲ་ལྷ་མཐོ་བའི་བསང་གསོལ་བྱེད་ཀྱང།
མོ་རྣམས་དགྲ་ལྷ་དམན་པའི་བསང་གསོལ་དབེན་པས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
བུ་ལ་མཛེས་མས་བསྐོར་ཡང་ངོམས་ཉམས་བྱེད་ཀྱང།
སྨན་ལ་ཁྱོ་གས་བསྐོར་ཡང་འཁྲབ་ཐོ་ཟེར་བས།
གནས་ལུགས་ཡང་ལྗི་ཆེ་བའི་ཁུག་སོ་འདི་ནས།
སྨན་ཤར་བུ་མོ་རྣམས་ཀྱི་ལས་དབང་སྐྱོ་བ།
ཕོ་མཆོག་ལྷ་རུ་བཀུར་བའི་གུར་ཁང་འདི་ནས།
མོ་དམན་འདྲེ་རུ་མཐོང་བའི་འདུ་ར་འདི་ནས།
གནས་ལུགས་ཐོབ་ཐང་ཕོ་མོ་གཅིག་མཚུངས་ཡིན་པས།
མཆོག་དམན་ལྟ་བ་མ་འཛིན་འདྲ་མཉམ་ཡིན་དགོས།
༢༠༡༢་༩་༢༠ཉིན།