གཅན་འོད་འབར།
ལྷགས་རླུང་ལྡང་ཐེངས་ཤིག་དང།
ཆར་བ་འབབ་དུས་ཤིག་ལ།
ཇི་ལྟར་མནན་ཡང་མི་ཁོགས་པའི་སེམས་ངལ་ལྷག་མ་ཞིག་དང།
ཅི་ཙམ་བཟད་ཀྱང་མི་བཟོད་པའི་ན་ཟུག་འཕར་མ་ཞིག་གིས།
འདས་དོན་སྐྱུར་མོ་ཞིག་གི་ཕྱིར་དྲན་བྱས་ཡོང་བ།
དག་གཙང་གི་བྱིས་བློ་ཞིག་ལ་སོས་དཀའ་བའི་སྐྱོ་སྡུག་གི་རྨ་ཁ་འཇོག་སྟངས་ཤིག་སྟེ།
ནམ་ཡང་དྲན་ངེས་པའི་བྱིས་དུས་ཀྱི་གསེར་མདོག་གི་ལོ་ཟླ་ལ།
བསུབ་དཀའ་བའི་ཁ་དོག་ནག་པོ་ཞིག་གི་རི་མོ་བྲིས་པ་དེ་རེད།
ཨ་མའི་བྱམས་བརྩེ་བྲལ་སོང། ཕ་བུའི་སྡུག་བསྔལ་ལྷག་འདུག
སེམས་ཆུང་གིས་ཨ་ཕའི་ཁེར་རྐྱང་གི་གྲིབ་གཟུགས་ལ་སྔས་ནས།
འཁྱུག་ཙམ་ལ་རྒས་གཉེར་བབས་པའི་ངོ་གདོང་གི་འགྱུར་ལྡོག་དང།
ཡུད་ཙམ་ལ་དཀར་པོར་གྱུར་བའི་སྐྲ་ལོའི་ཁ་དོག་མཐོང་དུས།
སྐྱོ་མདོག་གི་ནམ་མཁའ་ནས་ཁ་ཆར་གཞན་ཞིག་འབབ་པར་རེ་ཞིང།
ཉོབ་མདངས་ཀྱི་ས་སྟེང་ནས་མེ་ཏོག་གཞན་ཞིག་སྐྱེས་པར་སྒུག་པ་ནི།
དེ་དུས། མཛེས་སྡུག་གི་འཇའ་ཚོན་ཐོབ་འདོད་པའི་དྭངས་གཙང་གི་རྨི་ལམ་དང།
ཡིད་འོང་གི་སྐར་མ་ལེན་སྙམ་པའི་ཉེས་མེད་ཀྱི་སེམས་པ་དེའི་ཕྱི་ནང་གི་ཁ་དོག་ངོ་མ་དེ་རེད།
མཁའ་ཡི་འཇའ་ཚོན་དང་སྐར་མ་ཡལ་སོང། སེམས་ཀྱི་རེ་སྒུག་དང་རྨི་ལམ་ལུས་འདུག
ཨ་མའི་དྲོད་ཁོལ་བོར་བའི་ཁང་ཁྱིམ་དེ་ལ།
བརྗེད་དཀའ་བའི་བྱིས་དུས་ཀྱི་རྐང་རྗེས་བཞག་ཅིང།
ཨ་ཕའི་བརྩེ་བས་ཁེངས་བའི་གཞིས་ཀ་དེ་ལ།
དྲན་སླ་བའི་ཆུང་དུས་ཀྱི་དྲན་ཤིང་བསྐྱུར་ནས།
ས་མཐའི་གྲུ་ཟུར་ཞིག་ཏུ་རེ་སྐྱོ་རེ་སྡུག་གི་འཚོ་བའི་དབུ་ཁྱུད་འབྲི་དུས།
མིག་ཟུང་རྒྱང་ལ་ཡང་ཡང་ཕྱོགས་ཤིང།
རྣམ་ཤེས་རྒྱང་ལ་ཡང་ཡང་འཁོར་བ།
བར་ཐག་གིས་མི་ཆོད་པའི་ཐག་རིང་གི་ཕ་ཡུལ་དྲན་ཚུལ་ཡིན་ལ།
ས་ཐག་གིས་མི་མངོན་པའི་རྒྱང་རིང་གི་གཞིས་ཁྱིམ་བསམ་སྟངས་ཀྱང་ཡིན།
ལུས་པོ་དང་སེམས་པ་རྒས་སོང། རྐང་རྗེས་དང་དྲན་ཤིང་ལྷག་འདུག
ཡུལ་ལ་ལོག་འདོད་ཀྱི་དུས་ཚོད་དེའི་བར་གསེང་ཏག་ཏག་དེར།
གློ་བུར་གྱི་ཁ་པར་ཞིག་གིས་སེམས་ཀྱི་ལྷིང་འཇགས་དཀྲོགས་ཤིང།
གློ་བུར་གྱི་གཏམ་ངན་ཞིག་གིས་ཡིད་ཀྱི་འཆར་གཞི་གཏོར་དུས།
འགྱོད་པའི་མཆི་མ་བཀག་ཀྱང་སེམས་པའི་སྐྱོ་གདུང་མ་ཡལ་ལ།
ལས་བདའི་ན་ཟུག་སྒོམ་ཡང་སྙིང་གི་རྨ་ཁ་མ་དྲག
ད་ལྟ་ཞེ་ཐོགས་སའི་མི་ཞིག་གིས་རྒྱང་རིང་ནས།
ཐུགས་བྱམས་བྱམས་ཀྱིས་ཁ་ཏ་སློབ་གསོ་བྱེད་མི་ངེས་ལ།
སེམས་འཁྲེང་བའི་མི་ཞིག་གིས་ཐག་རིང་ནས།
ངག་འཇམ་འཇམ་གྱིས་གཅེས་ཕྲུག་ཟེར་ནས་འབོད་ཀྱང་མི་སྲིད་པར་བསམ་ན།
སྨག་ནག་པའི་ཆ་མེད་ཀྱི་འཇིག་རྟེན་འདིར།
རང་ཉིད་གཅིག་པོས་ནོངས་འགྱོད་ཀྱི་ཉིན་མཚན་ལྷག་མ་དག་ཕར་ལ་བསྐྱལ་ཞིང།
རང་ཉིད་ཁོ་ནས་ཁེར་རྐྱང་གི་ལོ་ཟླ་འཕྲོ་མ་དག་ཚུར་ལ་བསུ་དགོས་པའི་ལས་དབང་དེ་དྲན་ཡོང།
ཉི་མ་དང་ཨ་ཕ་བཞུད་སོང། མུན་ནག་དང་རྨ་ཁ་ལུས་འདུག
བརྩེ་བའི་ཕམ་ཁ་དང་དུངས་བའི་ཐོབ་ཤོར་དེའི་རྗེས་ནས།
ད་གཟོད་མི་ཚེ་འདིའི་ཁྲོད་དུ་ཅི་ཞིག་ཆད་ཅིང་གང་ཞིག་མ་ཚང་བའི་ཕྱོགས་དེ་ཚོར་ཞིང།
ད་གཟོད་འཚོ་བ་འདིའི་ཀློང་ནས་སུ་ཞིག་བོར་ཞིང་གང་ཞིག་བརླགས་པའི་ཆ་དེ་ཡང་རྟོགས་བྱུང།
དེ་དུས། དྲན་གདུང་མཚོན་པའི་སྐད་ཆ་འཚམས་པོ་ཞིག་མ་རྙེད་ལ།
མཆི་མ་ཁོགས་པའི་བསམ་གཞིགས་རན་པོ་ཞིག་ཀྱང་མ་རེག་པས།
ཁུ་སིམ་མེར་བརྩེ་བའི་ཉི་མ་འདྲ་བའི་ཨ་ཕ་དྲན་ཞིང།
འཇམ་ཅག་གེར་བྱམས་པའི་ཟླ་བ་ལྟ་བུའི་ཨ་མ་ཡང་བསམ་བྱུང།
འདི་ལྟར། ཆེས་ཐོག་མའི་དྲིན་ལན་འཇལ་རྒྱུ་མ་བྱུང་ལ།
ཆེས་མཐའ་མའི་ཞལ་མཇལ་ཐོབ་རྒྱུ་ཡང་མ་བྱུང་།
ད་དུང། ཆེས་ཐོག་མའི་སླར་འཛོམས་བྱེད་རྒྱུ་མ་བྱུང་ཞིང་།
ཆེས་མཐའ་མའི་བདེ་མོ་འཇོག་རྒྱུ་ཡང་མ་རེག་པའི་སྐྱོ་གར་དེ་བསམ་ན།
སེམས་ལ་མུན་པ་ལྟ་བའི་སྡུག་ཅིག་འཐིབས་ཡོང་ལ།
མིག་ལ་རྒྱུ་མཚོ་འདྲ་བའི་མཆི་མ་འཁྱིལ་ཡོང།
ཨ་ཕ་དང་ཨ་མ་འདས་སོང། ནོངས་འགྱོད་དང་དྲན་གདུང་ལྷག་འདུག