དགེ་འདུན་རྒྱ་མཚོ།
རོ་ལངས་ནི་དམངས་ཁྲོད་ཀྱི་ངག་རྒྱུན་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན། མ་མཐོང་ན་ཁས་མི་ལེན་པ་ཞིག་ལ་མཚོན་ན་རོ་སྒྲུང་ལ་དེ་ཙམ་གྱི་དོན་སྙིང་མེད་པ་བདེན་མོད། སྲིད་པ་རྒན་པོ་དག་ནི་རྣམ་དཔྱོད་ཡངས་པ་དང་བསླབ་བྱ་དང་སློབ་གསོ་ལ་མཁས། ཁོ་ཚོས་མ་འོངས་པའི་ཤུལ་འཛིན་དག་ལ་ལམ་སྟོན་དང་ཞལ་ཆེམས་ལྟ་བུའི་ཉམས་མྱོང་གི་ལེགས་སྐྱེས་ཆུང་ངུ་རེ་འཇོག་ངེས་ཡིན།
བོད་རིགས་དམངས་ཁྲོད་ཀྱི་ལྷ་འདྲེ་ཡི་སྒྲུང་གང་ཡིན་ཡང་དེ་དག་གི་ནང་ན་ང་ཚོ་ལ་འཐོབ་འོས་པའི་བསླབ་བྱ་རེ་ཡོད་པ་ཁོ་བོས་མཐོང་། དམངས་ཁྲོད་ཀྱི་རིག་གཞུང་ལ་ཆེ་མཐོང་དང་གུས་བཀུར་བྱེད་རྒྱུ་དང་འདེམ་བསྲེས་དང་འདོར་ལེན་བྱེད་རྒྱུ་ཡང་གལ་ཆེན་པོ་རེད། བདག་གི་རོ་ལངས་དངོས་སུ་མ་མཐོང་ཡང་ཚངས་དབྱངས་པའི་གསང་རྣམ་དང་དམངས་ཁྲོད་ཀྱི་ངག་རྒྱུན་མང་བོ་གོ ་མྱོང་། དེ་དག་གི་ཁྲོད་ནས་རྟོགས་ལྡན་བློ་བཟང་རྒྱ་མཚོའི་དགེ་ཕྲུག་གཉིིས་དང་འབྲེལ་བའི་རོ་ལངས་དེ་འབྲི་བཞིན་ཡོད།
རྟོགས་ལྡན་བློ་བཟང་རྒྱ་མཚོ་ཚང་ལ་སློབ་མ་བརྒྱ་ཕྲག་འགའ་ཤས་ཡོད་པ་ལས་ཁོང་གི་ཤག་ཏུ་གཉེར་བའི་དགེ་ཕྲུག་ནི་གཉིས་མ་གཏོགས་མེད། ཤེས་རབ་ནི་ཤེས་རབ་རང་རེད། རིག་པ་རྣོ་བ་དང་གཞུང་ཆེན་མོ་དག་ལ་ཐོས་བསམ་རྣལ་མ་བྱས་པས་སློབ་གཉེར་བའི་ཁྲོད་ནས་ཡང་རྩེར་སོན། མཚན་གཞན་ཤེས་རབ་གོ་ཆ་བཏགས། ལྷ་རམས་པའི་མཚན་རྟགས་ཐོབ།
བརྩོན་འགྲུས་ནི་དགེ་བཤེས་འབྲིང་ཙམ་ལས་དེ་ཙམ་གྱི་སྙན་གྲགས་རྒྱས་མ་ཐུབ། ཁོས་ཁུ་སིམ་མེར་ཉམས་ལེན་བྱེདཔ་ལས་མི་ལ་འགྲུས་ཆ་བྱེད་རྒྱུར་དེ་ཙམ་མི་དགའ། ཁོ་ཞི་དུལ་བག་ཡོད་དང་ཉམ་ཆུང་ཚུལ་མཐུན་ལ་དགའ། ཁོས་སློབ་སྦྱོང་དང་ཉམས་ལེན་ཅི་ཞིག་བྱེད་ཀྱིན་ཡོད་པ་གཞན་ལ་མི་བཤད་པར་ལྐོག་ཏུ་སྒྲུབ་མཁན་ཞིག་ཀྱང་ཡིན། དེས་རྐྱེན་གྱིས་ཁོའི་སྐོར་ལ་སུས་ཀྱང་ཚོད་དཔག་བྱས་མ་མྱོང་།
རྟོགས་ལྡན་ཆེན་མོ་ཚང་སྐུ་གཤེགས་ཁར་ཞལ་ཆེམས་ཞིག་བཞག་ཡོད། དེ་ནི་དགེ་ཕྲུག་གཉིས་ཀྱི་མ་འོངས་པའི་སྐོར་རེད། གླེགས་བམ་དག་ཤེས་རབ་ལ་གནང་བ་དང་ཕྱག་ཟུང་ཁོའི་མགོ་ལ་བཞག་ནས་སྨོན་ལམ་བཏབ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡི།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།
ཅེས་པའི་མཚམས་སྦྱར། ཤེས་རབ་ལ་ས་མཐར་ཉུལ་ནས་སེམས་ཅན་གྱི་དོན་བྱེད་དགོས་པའི་ལམ་སྟོན་དང་ཆོས་བརྒྱད་མགོ་གནོན་མ་བྱས་ན་བདུད་ཀྱི་གཡབ་མོ་ཡིན་པས་བར་ཆད་དག་ལ་གཟབ་དགོས་པའི་བཀའ་སློབ་དྲོན་མོ་གནང་། བརྩོན་འགྲུས་ལ་ཡང་རྡོ་དྲིལ་ཅིག་གནང་སྟེ་རི་ཁྲོད་ངེས་མེད་དུ་འགྲིམས་ནས་རྟོགས་པ་བཙན་ཐབས་སུ་བཟུང་། བྱ་རྡོ་ཐོག་ནས་འཕུར་ན་རྗེས་མེད་བྱོས། ཤེས་རབ་ནི་ཁྱོད་ཀྱི་ཆོས་གྲོགས་ཡིན་པས་ཁོ་ལ་དཀའ་ངལ་ཕྲད་ན་རོགས་རམ་བྱེད་དགོས་པའི་ནང་མོལ་གྱི་ཞལ་མཆིད་མཛད།
དགེ་ཕྲུག་གཉིས་ཀ་གང་སར་འཁྱམས་ནས་མཐར་མཚོ་སྔོན་པོའི་ཕྱོགས་སུ་འབྱོར། ཤེས་རབ་ནི་མཁས་པ་དང་འཇོན་པོ་ཡོད་པས་མི་ལ་བསྟུན་མཁས་དང་འབྲེལ་ལམ་ཟབ། སློབ་མ་དང་ཡོན་བདག་གིས་སྲི་ཞུ་མཐོ། དགོན་པ་ཞིག་ཀྱང་བཏབ་པས་སྙན་གྲགས་དང་ཡོ་ལང་གིས་དུས་འདའ་བར་བྱེད། བརྩོན་འགྲུས་ནི་འདུ་འཛི་ལ་ཡིད་སུན་པ་དང་འདོད་ཡོན་ལ་རྒྱབ་ཀྱིས་ཕྱོགས་པས་སུས་ཀྱང་དོ་གནང་དབེན། ལོ་ཟླ་མང་བོ་ཞིག་གིི་བརྒྱུད་རིམ་ཁྲོད་བརྩོན་འགྲུས་ནི་གར་སོང་ཆ་མེད་དུ་གྱུར། མི་ཚོས་བཤད་ན་ཁོ་ནི་ཟླ་འགའི་སྔོན་དུ་རྟ་ནག་མའི་གཙང་བོ་བརྒལ་ནས་ཐག་རིང་དུ་བུད་སོང་ཟེར། བརྩོན་འགྲུས་ཀྱི་ལོ་རྒྱུས་ནི་དེ་ལྟར་སྟབས་བདེ་ལ་མདོར་བསྡུས་ཞིག་རེད།
དུས་ཡུན་ཅི་ཙམ་འགོར་བ་ཡང་མ་ཤེས་བར་མི་ལོ་འགའ་ཧྲིལ་གྱིས་རྫོགས། ལོ་ངོ་འདི་དག་གི་རིང་དགེ་བཤེས་ཤེས་རབ་ཚང་ནི་འོག་ན་ཁྲི་ཡོད་པ་དང་མགོ་ན་གདུགས་ཡོད་མཁན་ཞིག་ཏུ་གྱུར། གཉེར་བ་དང་ཕྱག་མཛོད་སོགས་ཀྱིས་མཐའ་བསྐོར་ནས་ལྷའི་དབང་བོ་རྒྱལ་བྱིན་ལ་ཅོ་ཡང་འདྲི། འགྲོ་རྟ་ཐོག་དང་ཟས་སྡེར་ཐོག་ཡིན་པས་ཁོ་ལ་ཡིད་སྨོན་ཤོར་མཁན་ཡང་ཧ་ཅང་མང་བོ་ཡོད་པ་སྨོས་ཅི་དགོས། ཁོང་གི་མཛོད་ཁང་ན་དངུལ་སྒོར་ཅི་ཙམ་ཡོད་པ་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ།
རྒྱུ་ནོར་ལོངས་སྤྱོད་ལ་ཟད་མཐའ་ཡོད་པ་དང་། སྙན་གྲགས་དང་རླུང་རྟ་ལ་ཡང་དར་རྒུ་ཡོད་ངེས་ཡིན། རྒྱུ་མི་རྟག་རྩྭ་མགོའི་བསིལ་བ་རེད་ཅེས་བྱིས་པ་སྣབས་ལུགས་ཚོས་ཀྱང་གླུ་ལེན་བཞིན་ཡོད་པ་དགེ་བཤེས་ཤེས་རབ་ཀྱིས་གསན་མ་མྱོང་བ་ག་ལ་ཡིན། ཡིན་ཡང་ཡོན་བདག་དད་པ་ཅན་ཚོས་བརྩིགས་པའི་ཆེས་བསྟོད་ཀྱི་ལྕགས་རི་ར་བ་འདི་ལས་ཁོ་ནམ་ཡང་ཕྱི་རོལ་དུ་བརྒད་མ་ཐུབ། འཇིག་རྟེན་ཆོས་བརྒྱད་ཀྱི་ཉལ་ཆས་རེ་རེ་བཞིན་སྐུ་ལ་མནབ་ནས་དྲོད་ཁོལ་གྱི་མལ་ས་ནས་ལངས་མ་ཕོད།
ལོ་དང་ཟླ་བ་ནི་འདི་ལྟར་རྫོགས་ཤིང་དགེ་བཤེས་ཤེས་རབ་ཀྱི་གདོང་ལ་ཡང་གཉེར་མ་མང་བོ་བབས། ཚེ་ཕྱི་མའི་ཡུལ་ལ་བསམ་བློ་བཏང་ཚེ་ཁོའི་ཡིད་ལ་བྲེལ་ཤ་ཐོན་གྱིན་ཡོད་ལ། སྦྱིན་བདག་གི་ངོ་གདོང་མཐོང་ཚེ་ཁོའི་ཡིད་ལ་སྙིང་རྗེ་ཡི་ཆུ་བོ་ཐོལ་གྱིས་ཁོལ་གྱིན་ཡོད། ད་དུང་དགོན་པ་དང་དགོན་པའི་དཔལ་ཡོན་ནི་ཁོའི་སྙིང་གི་ནོར་བུ་ཁོ་ནར་གྱུར་ཡོད། དམ་པ་མང་བོའི་གསུང་རབ་ལས་ལྡང་བའི་རླུང་འཚུབ་དེས་ཁོ་རེ་ཞིག་འཇིག་རྟེན་གཞན་ཞིག་ཏུ་སྐྱེལ་ལ་ཁད་བྱེད་ལ། དགོན་པའི་གླིང་བར་ནས་འཕྱོ་བའི་ཆོས་ཀྱི་རོལ་དབྱངས་དེའི་ཟིལ་ཤུགས་ཀྱིས་ཁོའི་མི་ཚེ་གཅིག་གི་རིན་ཐང་དེ་མནན་ནས་ས་འོག་ཏུ་སྦས་ལ་ཁད་བྱེད།
ད་དུང་དགེ་བཤེས་ཤེས་རབ་ལ་བློས་གཏོང་མི་ཕོད་པའི་རྟ་མཆོག་ཞིག་ཡོད། དེའི་མིང་ལ་གཡུ་འབྲུག་སྔོན་མོ་བཏགས། གཡུ་འབྲུག་སྔོན་མོ་ལ་ཆེད་དུ་གཉེར་བ་ཞིག་ཀྱང་སྐོ་བཞག་བྱས་ཡོད། གཉེར་བའི་མིང་ལ་ཨ་ཁུ་རྡ་རྡ་ཟེར། ཨ་ཁུ་རྡ་རྡ་ནི་བླ་མའི་ཕྱག་མཛོད་ཡིན་པ་མ་ཟད་རྟ་རྫི་ཡང་ཡིན། བླ་མའི་ཆིབས་རྟ་ལ་ཤ་ཚ་བ་དང་སྙིང་ཉེ་བོ་གནང་མཁན་ཞིག་ཀྱང་ཡིན་པས་བླ་མ་ཁོ་ལ་ཧ་ཅང་དགའ། འགྲོགས་ཡུན་རིང་ན་བླ་མས་ཁྲི་ཁ་ནས་ཁྱི་ཡང་རུམ་ཟེར་བ་ལྟར་སྐབས་རེར་ཨ་ཁུ་རྡ་རྡ་བླ་མའི་ཁྲི་ཚབ་ཡང་བྱེད། བླ་མའི་གཞུག་ན་དབང་ཆ་ཆེས་ཤོས་དེ་ཡང་ཁོ་ཡིན། ཁོའི་ཁ་ལ་མི་མཉན་མཁན་ཚོར་ཁོས་རྟ་ལྕག་གིས་ཉེས་ཆད་བཏང་ན་ཡང་ཆོག དགོན་པའི་གྲྭ་བ་རྒན་གཞོན་དང་གཟིམ་ཁང་གི་འཁོར་གཡོགས་ཚང་མས་ཁོ་མཐོང་ན་གཉའ་སྒུར་སྒུར་དང་སྒྱིད་པ་གུག་གུག་བྱེད་དགོས།
བླ་མའི་ཕྱག་རྒྱུ་ཐམས་ཅད་ཁོའི་ལག་ཏུ་ཡོད་པ་དང་། མཛོད་ཁང་གི་ལྡེ་མིག་མ་ལུས་ཁོའི་རུམ་ན་ཡོད། ཁོས་ཉིན་ལྟར་གཡུ་འབྲུག་སྔོན་པོ་ལ་རྩྭ་གང་བཟང་དང་ཆུ་གང་ཞིམ་ལྡུད། དེ་ནི་ཁོའི་ལས་འགན་གཙོ་བོ་དེ་ཡང་རེད། ཉིན་ཞིག་ཁོས་གཡུ་འབྲུག་སྔོན་མོ་ཁྲིད་ནས་ཆུ་འགོ་མེར་མེར་གྱིས་ནང་དུ་སོང་། ཁོ་རྟ་ལ་ཆུ་ལྡུད་དུ་མ་སོང་བའི་ཞོགས་པ་དེར་དགེ་བཤེས་ཤེས་རབ་ཀྱིས་མདང་ནུབ་ཀྱི་རྨི་ལམ་དང་རྨི་ལྟས་བཤད། དེ་རིང་ས་ཆ་གང་དུ་སོང་ན་ཡང་ཕྱིའི་ཅ་དངོས་ནང་དུ་ཁྱེར་ཡོང་མི་ཉན་པའི་བསླབ་བྱ་ཡང་བརྒྱབ་པ་རེད། སྐད་ཆ་དེ་ཨ་ཁུ་རྡ་རྡ་ཁོ་ན་ལ་དམིགས་ནས་གསུངས་པ་ཞིག་རེད་མནའ་བསྐྱལ་ནས་བཤད་ཀྱང་རྫུན་དུ་མི་འགྲོ།
ཨ་ཁུ་རྡ་རྡ་ནི་རྒྱུ་ནོར་ལ་ཆོག་ཤེས་མེད་པ་དང་ལོག་འཚོ་ལ་ཡིད་དང་བས་ཕྱོགས་པ་ཞིག་ཡིན། ད་དུང་སེར་སྣ་ཧ་ཅང་ཆེ་བས་གཟིམ་ཁང་ལས་བྱེད་མང་བོ་ཞིག་ཁོ་ལ་དེ་ཙམ་མི་དགའ། དགེ་བཤེས་ཤེས་རབ་ཁོང་རང་གི་རྩ་བའི་བླ་མ་ཡིན་པ་དང་དེ་ལས་གཞན་མི་སུས་བཤད་ཀྱང་ཁས་ལེན་དགོས་དོན་མེད་བསམ་ཡོད། ཁོས་གཡུ་འབྲུག་སྔོན་མོ་ཁྲིད་ནས་ཆུ་འགོ་མེར་མེར་གྱི་ཁར་བསླེབས་དུས་ཆུ་ནང་ན་འོད་ཅན་ཞིག་ཡོད་པ་མཐོང་། འོད་ཅན་དེ་ཆུའི་གཏིང་ན་ཡོད་ཀྱང་འོད་ཟེར་ནམ་མཁའ་ལ་འཕྲོས་ཡོད། དེ་མཐོང་ནས་ཁའི་ཡིད་ལ་དགའ་སྤྲོ་ཚད་མེད་ཞིག་སྐྱེས། ཡིན་ཡང་བླ་མས་དེ་རིང་ཅ་ལག་ཅི་ཞིག་རྙེད་ཀྱང་ནང་དུ་ཁྱེར་ནས་མ་ཡོང་ཟེར། འདི་ནི་ནོར་བུ་ཞིག་ཡིན་པ་ནི་ཐག་གིས་ཆོད། མ་ཁྱེར་ན་སྡུག་གྱོང་རེད། རིན་ཐང་བྲལ་བའི་ནོར་བུ་འདིའི་བདག་པོ་ང་ཡིན་ཁོ་ཐག་རེད་སྙམ།
ནོར་བུ་རང་ལ་ཡོད་དུས།། ནོར་བུས་ནོར་སྙིང་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་སོང་།། རང་གིས་མ་བླངས་ན་གཞན་གྱིས་འཁྱེར་ངེས་ཡིན་པས་གཞུག་ནས་འགྱོད་པ་སྐྱེས་ན་འཕྱིས་སོང་བ་མ་རེད་དམ། དེས་ན་ནོར་བུ་འདི་བླ་མས་ཤེས་ན་ཅི་བྱ་སྙམ། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་དང་བློ་རྩིས་ཉི་ཤུ་རྩ་ལྔ་བརྒྱབ་དུས་བློ་བཀོད་ཞིག་དྲན། དེ་ནི་ནོར་བུ་འདི་ས་ཆ་གཞན་ཞིག་ཏུ་ཁྱེར་ནས་སྦས་ཆོག་པ་དང་སང་ཉིན་གོ་སྐབས་དང་བསྟུན་ནས་བླ་མ་ལ་གསར་དུ་རྙེད་པ་ཡིན་ཚུལ་ཞུ་དགོས་བསམ་པ་རེད། ཁོས་ནོར་བུ་འོད་ཅན་དེ་རུམ་ལ་བཅུག་ནས་གསང་བ་དམ་གཉེར་གྱིས་རྟ་རའི་ནང་དུ་སྦས། སྟེང་དུ་ས་བཀབ་ནས་གཞན་གྱིས་མི་མཐོང་བར་བྱས། ཡིན་ལུགས་དང་ཚུལ་མཐུན་གྱིས་བླ་མའི་མདུན་དུ་བཅར་ནས་བསྡད།
ཉིན་གུང་ལ་བསླེབས་པས་བླ་མ་དང་བླ་མའི་འཁོར་རྣམས་མཉམ་དུ་འཛོམས་ནས་གུང་ཚིགས་བཞེས། སྐབས་དེ་དང་བསྟུན་ནས་བླ་མས་ཡང་བསྐྱར་མདང་ནུབ་ཀྱི་རྨི་ལམ་དང་རྨི་དང་འབྲེལ་བའི་ལྟས་གསུངས། འཁོར་གཡོགས་རྣམས་ལ་དེ་རིང་གཞན་གྱིས་ཕུལ་བ་དང་ཐང་ནས་རྙེད་པའི་དངོས་པོ་གང་ཡིན་ཡང་གཅིག་ཀྱང་ནང་དུ་ཁྱེར་ནས་ཡོང་མི་ཉན་ཚུལ་བསླབ་བྱ་ནན་བཤད་བྱས། ཨ་ཁུ་རྡ་རྡས་རྙེད་པའི་ནོར་བུ་ཡིན་ན་ནང་དུ་ཁྱེར་ནས་ཡོང་ན་སྐྱོན་ཅི་ཡོད་དྲིས། བླ་མས་དེ་ལྟར་བྱུང་ན་ང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོང་གི་རེད། དགོན་པའི་ཆགས་འཇིག་དང་ཡང་འབྲེལ་བ་ཡོད་ཚུལ་གསུངས། སྐད་ཆ་དེ་གོ་བ་དང་ཨ་ཁུ་རྡ་རྡ་ལ་སྐྲག་སྣང་སྐྱེས། རང་ནོངས་ཀྱིས་འཚབ་བ་འཚུབ་བེར་གྱུར་བ་དང་དེ་མཐོང་བས་ནང་འཁོར་ཚོའི་སེམས་ལ་ཡང་དོགས་པ་འདྲ་མིན་བྱུང་།
ཞིབ་ཏུ་དྲིས་ཚེ་ཨ་ཁུ་རྡ་རྡས་རང་གིས་རྙེད་པའི་ནོར་བུ་དང་ནོར་བུ་དེའི་འོད་མདངས་དང་ཆེ་བ་བརྗོད། ཁོས་གསང་མ་ཚུགས་པས་རྟ་རའི་ནང་གི་ནོར་བུ་ཁྱེར་ཡོང་ནས་བླ་མ་ལ་ཕུལ། བླ་མ་ནི་སེམས་སྐྱོ་བ་དང་ཡིད་ཐང་ཆད། ཐབས་ཤེས་ཞིག་བཙལ་ན་མ་གཏོགས་འགྲིག་མ་སོང་ཟེར། འཁོར་གཡོགས་ཚོ་ཡང་སྐྲག་ནས་ཕྱི་ལ་འབྲོ་རྒྱུར་བྲེལ་བ་ལངས། བླ་མས་ཨ་ཁུ་རྡ་རྡ་ལ་ཁྱོད་ཁང་ཐོག་ཏུ་བུད་ནས་ཕྱི་ལ་ཅི་ཞིག་ཡོད་མེད་བལྟས་ནས་ཤོག་ཟེར། བླ་མས་ཡི་དམ་གྱི་ལྷའི་དཀྱིལ་འཁོར་སྒོམ་ནས་གནོད་པ་ཕྱིར་ཟློག་བྱེད་དགོས་དགོངས། ཨ་ཁུ་རྡ་རྡས་གཟིམ་ཁང་གི་རྩེ་ནས་ལྟ་དུས་དགོན་པའི་མཐའ་འཁོར་ཡོངས་རྫོགས་སྦྲུལ་ཆེན་པོ་ཞིག་གིས་དཀྲིས་བརྒྱབ་ནས་འདུག་པ་མཐོང་། ཨ་ཁུ་རྡ་རྡ་སྐྲག་ནས་སྐད་ཤོར་བ་དང་བརྒྱུགས་ཡོང་ནས་གནས་ཚུལ་ཅི་མཐོང་བླ་མར་ཞུས།
བླ་མས་རང་གི་ཡི་དམ་ཡང་སྒོམ་ཁོམ་མ་བྱུང་བ་དང་ཐབས་ཤེས་གཞན་ཞིག་མི་འཐེན་ཀ་མེད་རེད། གྲྭ་བ་གཞན་དག་གིས་ཀྱང་སྦྲུལ་དེ་མཐོང་ནས་གང་སར་སྐད་ཅོར་སྒྲོག་གིན་ཡོད། རེ་ཞིག་དགོན་པའི་གླིང་བར་དུ་འུར་འུར་ཟང་ཟིང་དུ་བཏང། བླ་མས་ཁོ་ལ་ཐབས་ཤེས་ཞིག་ཡོད་ཚུལ་བཤད་ནས་གྲྭ་བ་རྣམས་འདུ་ཁང་ཆེན་མོར་སྐོང་དགོས། གྲྭ་རྨང་ཡོངས་ལ་རང་རང་ས་ནས་ཐག་པ་རེ་ཁྱེར་ནས་ཤོག་ཅེས་བཀའ་གནང་། ཐག་པ་རྣམས་གཞི་གཅིག་ཏུ་མཐུད་པ་དང་མདུད་སྣེའི་ཕྱོགས་གཅིག་བླ་མའི་ཞབས་ལ་བཏགས། ཕྱོགས་གཞན་དེ་གྲྭ་མང་གིས་བཟུང་ནས་ཅི་ལྟར་བྱེད་དགོས་མིན་གྱི་བཀའ་བཀོད་ཚང་མ་བསླབ། བླ་མ་གློ་བུར་དུ་ཁྱུང་ཆེན་ཞིག་ཏུ་སྤྲུལ་ནས་མཁའ་ནས་ལྡིང་སྐོར་བྱས། གྲྭ་བ་ཚོས་ཀྱང་བླ་མའི་འཕུར་རྩལ་དང་བསྟུན་ནས་ཐག་པའི་དམ་གློད་ལ་ཚད་འཛིན་བྱས། བླ་མས་སྦྲུལ་ཆེན་དེའི་མགོ་ལ་བརྙབས་ནས་འཛིན་གྲབས་ཡོད་སྐབས་དགེ་ཕྲུག་ཚོས་ཕྱིར་འཐེན་ནས་སྦྲུལ་འཛིན་དུ་མ་བཅུག
དེ་ལྟར་ཐེངས་འགར་བྱས་པས་སྦྲུལ་ཆེན་ཡང་སྐྲག་ནས་རིམ་པས་ལུས་པོ་ཡོངས་རྫོགས་ས་ལ་ཐིམ་ལ་ཁད་བྱེད། ཨ་ཁུ་རྡ་རྡ་དགའ་ཐག་ཆོད་ནས་ད་ནི་སྦྲུལ་ངན་ཁོ་ས་ལ་འཛུལ་སོང་བས་ཐག་པ་ཀློག་རོགས་ཟེར། དོན་ལ་སྦྲུལ་དེའི་མགོ་བོ་ས་འོག་ལ་ནུབ་ཚར་མེད་པར་ལྷག་ཡོད་པ་གྲྭ་བ་མང་བོས་མཐོང་ཡོད། ཡིན་ཡང་ཨ་ཁུ་རྡ་རྡའི་ཁ་ལ་མི་ཉན་ཐབས་མེད་རེད། ཨ་ཁུ་རྡརྡ་ཁོང་ཁྲོ་ལགས་པར་དོགས་ནས་རོགས་པ་ཚོས་ཐག་པ་ཀློད། སྐབས་དེར་ད་དུང་བླ་མ་བར་སྣང་ན་འཁོར་བཞིན་ཡོད་པས་གཤོག་རྩལ་སྒྲིམ་ནས་སྦྲུལ་གྱི་མགོ་ལ་ལག་རྙོབ་བྱས། ཐག་པ་སྔར་ནས་ཀློད་ཡོད་པས་བླ་མས་ཚད་མ་ཟིན་པར་སྦྲུལ་གྱི་གདེངས་ཀ་ནས་འཇུས་ནས་ཤུགས་ཆེན་པོས་ཡར་འཐེན། སྦྲུལ་དེའི་ལུས་པོ་ཡོངས་རྫོགས་ས་ཁ་ལ་དབྱུངས། དེ་མ་ཐག་སྦྲུལ་ལུས་ཁྱུང་ཆེན་གྱིས་མིད་ནས་ཁྱུར་མིད་བཏང་། བླ་མ་མར་འདུ་ཁང་ཆེན་མོའི་མདུན་ཐང་དུ་དལ་གྱིས་བབས་ནས་རང་གི་སྤྲུལ་ལུས་བཤིགས།
དུས་དེ་ནས་བཟུང་སྟེ་བླ་མའི་ཞལ་ལྐུག་པར་གྱུར། གཟུགས་པོ་ཡོངས་རྫོགས་སྦྲུལ་དུག་ཕོག་ཟིན་པས་རིམ་གྱིས་ནག་པོར་གྱུར། ད་གཟོད་བླ་མ་འཆི་བ་ལས་ཐབས་གཞན་མེད་པར་གྱུར། བླ་མས་ཞལ་ཆེམས་ཞིག་བྲིས། དེ་ནི་ཁོ་ཤི་རྗེས་དེ་མ་ཐག་སྐུ་ལུས་མེ་ལ་མ་བསྲེགས་པར་མཆོད་རྟེན་ནག་པོ་ཞིག་བཞེངས་ནས་དེའི་ནང་དུ་བཞག་ནས་གསང་བ་ད་པོ་བྱོས། མཆོད་རྟེན་དེའི་མགོ་བརྟིང་སློག་ནས་ས་འོག་ལ་གཏེར་དུ་སྦས་རོགས། དེ་ལྟར་བྱས་ནས་ས་བདག་གི་ཁ་གནོན་དུ་འགྱུར་བས་ཕྱིན་ཆད་དགོན་པ་དང་དགོན་པའི་གྲྭ་བ་སུ་ལ་ཡང་གནོད་སྐྱོན་མི་འོང་བ་དང་ཀླུ་ཡི་ནད་ཡམས་སོགས་འགོག་ཐུབ་ཟེར། བླ་མའི་མིད་པར་ཟས་དང་ཆུ་གང་ཡང་མི་འགྲོ་བར་ཉིན་གསུམ་འགོར་རྗེས་སྐུ་གྲོངས། ་་་་་་་
དེ་རིང་ང་ཚོའི་འདིར་དྲྭ་ལམ་ཡག་པོ་མེད་བས་རྩོམ་སྐུར་དཀའ་སེ་བྱུང་བ་དང་། དག་བཅོས་ཀྱང་བྱེད་ལོང་མ་བྱུང་བས་ཀློག་མཁན་ཚོར་དགོངས་དག་ཡོང་བར་ཞུ།
ངལ་བས་བྲིས་བ་ལ་ཐུགས་རྗེ་ཆེ།
ཨ་ཁུས་འཛིན་གྲྭའི་ནང་དུ་འདྲེ་སྒྲུང་འདི་ཚོ་བཤད་ནས་བསྡད་མེད་པར་ཤོག
ཨ་ཁུ་དགེ་འདུན། སྒྲུང་བ་ཟིག་གི་ཚུགས་ཀ་ཡོད་ཀི། བཤད་ཤེས་འི། འབྲི་ཤེས་འི། ཁ་བརྡ་དྲ་བར་སྒྲུང་མགོ་རྔ་ཚང་ནི་ཟིག་འབྲི་དགོས་ན་ཁྱོད་རང་རེད་ཟེར་རྒྱུ་ཡིན། མིང་ཚིག་ལ་བསམ་བློ་གཏང་ནས་འདྲ་མིན་བཙན་སྒྲུག་བྱེད་བཞིན་པའི་སྣང་བ་མ་བྱུང་། ཁ་ནས་ཅི་ཐོན་དང་ཡིད་ལ་གང་འཆར་ལྟར་ཅི་བཞིན་དུ་བྲིས་བའི་སྒྲུང་ཐུང་ཡིད་སྤྲོད་བོ་འདི། མ་སྐད་དང་ཐག་ཉེ་བས་མགོ་བོ་མདུན་ལ་གུག་ཙམ་གྱིས་གུས་བ་བྱས་ཡོད།
སྙན་པོ་བྱུང་། ཐུགས་རྗེ་ཆེ། ཁ་བརྡ་དྲྭ་ལམ་ལ་སྒྲུང་རེ་ངེས་པར་དུ་དགོས་ཀྱི་རེད།
ད་དུང་གང་མང་འབྲི་བའི་རེ་བ་ཡོད་ལགས། འདྲེ་སྒྲུང་ནི་བོད་པའི་རིགས་གནས་ཤིག་རེད། ཕྲག་དོག་ཅན་ཚོས་ཅི་བཤད་ལ་ཉན་དགོས་མ་རེད། མུ་མཐུད་ནས་འབྲི་རོགས།
དགེ་འདུན་རྒྱ་མཚོ་ལགས
སྙན་པོ་བྱུང་།
ཐུགས་རྗེ་ཆེ།
འོ་སྙན་ཐལ། མུ་མཐུད་ནས་ཡིན་ད།
ཡག་གི་
སྒྲུང་ལ་ཁྱད་ཆོས་གང་མང་ཞིག་དགོས་རབས་བཤད། དེ་དག་འདི་ལ་ཚང་མིན་མི་ཤེས་མོད་གོ་བདེ་ཞིང་བྲོ་བ་ཅན་ཞིག་བྲིས་འདུག
ཁ་བྲོ།
གུས་རང་རྒྱལ་དབང་ཚངས་དབང་གི་རྣམ་ཐར་མཇལ་འདོད་ཆེ་བ་ཞིག་ཡིན་ལགས