ཐེ་བོ་སངས་རྒྱས།
ཕེ་ཐྲ་ར་Petra,ནི་ལ་ཏིན་ལས་རྡོ་ཡི་སྐད་དོད་ཡིན་ལ་(དེ་ནི་གྷི་རི་སེའི་སྐད་དུ་བྲག་གི་དོན་ཡིན་ཞེས་བཤད་མཁན་ཡོད།)མིང་གཞན་པ་གཏེར་མཛོད་དང་མེ་ཏོག་རྒྱ་སེ་དམར་པོའི་གྲོང་ཁྱེར་དུའང་འབོད། བྲག་རི་ལས་བརྐོས་པའི་ལྷ་ཁང་ངམ་ཆོས་ཁང་དེ་ནི་ཕྱི་ལོའི་སྔོན་གྱི་312 ཡས་མས་སུ་དཀྱིལ་ཤར་ཨེ་ཤ་ཡའི་ Middle Est,ཇོར་ཌན་རྒྱལ་ཁབ་ལས་Jordan, མཚོ་ཤི་རོ་Dead Sea, ཡི་ལྷོ་ངོས་ལེ་དབར་བརྒྱད་ཅུ་ཙམ་གྱི་བྱེ་ཐང་ཁྲོད་དུ་བྲག་རི་ཞིག་ལ་བརྐོས་ཡོད་ཅིང་ཇོར་ཌན་གྱི་མཚོན་རྟགས་ལྟ་བུར་ངོས་འཛིན་བྱེད། དེའི་ཐུན་མོང་མ་ཡིན་པའི་བཟོ་རིག་ལག་རྩལ་དང་ཆུ་རྐ་འདྲེན་སྟངས་ཀྱི་བཟོ་བཀོད་དག་གིས་མི་ལ་རྣམས་ཡ་མཚན་ཚད་མེད་པ་སྟེར་བར་བྱས།
དེ་ནི་འགྲོ་བ་མིའི་ཡབ་མེས་ཀྱི་ཤུལ་བཞག་རིག་དངོས་སམ་གཅེས་ནོར་ཁྱད་འཕགས་ཅན་ཞིག་ཡིན་པར་བསྒྲགས་པ་འུད་བསྟོད་དུ་སོང་མེད། གང་ཡིན་ཟེར་ན་གནའ་ཤུལ་དེ་ས་སྟེང་གི་ངོ་མཚར་ཅན་བདུན་གྱི་གྲས་བརྩིས་པར་མ་ཚད་འཛམ་གླིང་ལོ་རྒྱུས་ནང་རྡོ་བ་འབུར་བརྐོས་སྒྱུ་རྩལ་གྱི་ཚབ་མཚོན་རང་བཞིན་ཅན་དུ་འཇོག་ལ་སྐད་གྲགས་ཅི་བས་ཆེ་སྟབས། ཁྱོད་ཀྱི་མིག་མ་བཙུམ་པའི་སྔ་རོལ་ཏུ་ངེས་པར་ལྟ་སའི་གནས་གཅིག་ཅེས་པའི་གཏམ་དཔེ་འདུག འདི་ནི་འདས་པའི་ལོ་རྒྱུས་ནང་ཨེ་རྗིབ་པའི་རྒྱལ་ཐོག་རིམ་པས་བཟུང་བ་མ་ཟད་ནྰ་བྷ་ཋེན་སི་རྒྱལ་ཕྲན་nabataeans kingdom. གྱི་རྒྱལ་སའང་བྱས་མྱོང་། དེར་བརྟེན་འདི་ལ་རང་བཞིན་གྱིས་ནཱ་བྷ་ཋེན་གྱི་རིག་གཞུང་གི་ཤན་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་ཞུགས་ཡོད་བཤད་མ་དགོས། དེར་གཤིན་པོའི་དུར་མཆོད་ཆོ་ག་སྤེལ་སའི་བྲག་ཕུག་ཅིག་ལོགས་སུ་བརྐོས་ཡོད་སྐད།
ཕྱི་ལོ་363 ལོར་ཇོར་ཌན་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབས་པས་གྲོང་ཁྱེར་གྱི་ཕྱེད་ཀ་གཏོར་བཤིག་ཐེབས་ཡོད་ཚོད་རེད། ཡེ་ཤུ་གནམ་བདག་ཆོས་ལུགས་པས་ཁོང་ཚོའི་ཆོས་ཁང་དུ་ངོས་བཟུང་ནས་བདག་ཉར་བྱས་པའི་སྐབས་ཀྱང་བྱུང་། ཕྱི་ལོ་1812ལོར་སུད་སིའི་Swiss,གནས་མྱུལ་བ་བྷར་ཁཱར་ཌི་ཋིས་ Johann Ludwig Burckhardt.སླར་གསར་རྙེད་བྱུང་རག་བར་དུ་དཀྱིལ་ཤར་ཨེ་ཤ་ཡའི་Middle Est,བྱེ་ཐང་ཁུགས་ན་གོ་མེད་ཚོར་མེད་ངང་མི་རབས་མང་པོའི་རིང་སྦས་པར་སྣང་། ཕེ་ཐྲ་ར་ནི་ཕྱི་ལོའི་སྔོན་གྱི་1550-1292 བར་ཨེ་རྗིབ་རྒྱལ་རབས་བཅོ་བརྒྱད་པའི་རིང་གསར་བཞེངས་རྒྱ་བསྐྱེད་ངེས་ཅན་བྱས་པ་གནའ་རྫས་རྟོག་ཞིབ་པ་ཚོར་ར་འཕྲོད་བྱུང་ཡོད་མོད། དོན་དངོས་ཐོག་དེ་བསྐྱར་དུ་རྙེད་པའི་དུས་ཚོད་འཕྱི་བོ་ཡིན་སྟབས་ཞིབ་ཕྲའི་ལོ་རྒྱུས་དག་རྟོགས་དཀའ་བ་གསང་བའི་ངོ་བོར་ལུས། སྤྱིར་བཏང་འདིའི་ངོ་སྤྲོད་དག་དེ་ཙམ་གསལ་ཁ་མེད་པའི་ཁར་དུས་རབས་སོ་སོར་བདག་དབང་རྩོད་ལེན་སོགས་ཀྱི་ཐད་མགོ་རྙོག་པོ་ཞིག་ཏུ་མཐོང་།
རང་རེ་བོད་པ་ཆོས་དད་ཅན་དག་སངས་རྒྱས་ག་གེ་མོའི་གནས་ལས་ཆོས་ལུགས་གཞན་པའི་ཆོས་ཁང་གྲགས་ཅན་སོགས་ཀྱི་སྐོར་བཤད་ན་སྣ་སྙེར་སྙེར་བྱེད་པ་ངའི་སེམས་ན་ཁྲིགས་སེ་ཡིན་མོད། གཞོན་སྐྱེས་དོ་སྣང་ཅན་ཚོར་ཅུང་ཟད་ཕན་ལས་ཆེ་སྙམ་ནས་མདོར་བསྡུས་ཙམ་བཀོད་པའི་ཁུལ་ཡིན། ཕྱི་ལོ་1985ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO) ཕེ་ཐྲ་ར་འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་གྲས་སུ་བླངས་འདུག་པ་བཅས་སོ།།
འདིའི་སྐོར་ན་ནིང་ཞིག་ལ་ཡོ་ཁྲོབ་ལས་མང་ཙམ་མཐོང་སྟེ་དེ་ནས་བཟུང་དོ་སྣང་བྱེད་མགོ་བཙུགས་པ་ཡིན། ང་ནི་དབྱིན་ཡིག་གི་འགག་སྒོ་འདི་ལས་ཆེ་ཙམ་ཐར་བ་བྱུང་ན། ཨེ་ཇིབ་པ་དང་སྒི་རི་སའི་རིག་གནས་ལ་ཞིབ་འཇུག་བྱེད་ཐག་ཆོད་ཡིན།
Dead Sea, མཚོ་ཤི་རོ་ཞེས་བསྒྱུར་བ་ལས་མཚོ་སྐམ་པར་བསྒྱུར་ན་བོད་སྐད་ཀྱི་གཤིས་དང་མཐུན་པའི་བསམ་བློ་འཁོར་བྱུང་།
ལེགས་བྱས་ལ་དགའ་བསུ་ཞུ། སྣ་མ་ལུག་ཐ། བཟང་གི
འདིར་བཀོད་གནང་བར་དགའ་བསུ་ཞུ།
ཐེ་བོ་སངས་རྒྱས་མཆོག་གིས་ཕེ་ཐྲ་ར་ཡི་རྡོད་བརྐོས་ལྷ་ཁང་གི་ངོ་སྤྲོད་མཛད་པ་དགའ་བསུ། རང་རེའི་སངས་རྒྱས་པའི་རྡོ་བརྐོས་ལྷ་ཁང་ཨེ་ལོ་ར་དང་འདྲ། མ་འོངས་པ་ན་བོད་མི་འབྱོར་ལྡན་འགའ་དེར་གནས་གཟིགས་སུ་འབྱོར་བའི་རེ་འདུན་བཅས་སོ།
ཕྱོགས་ཡོངས་ཀྱི་གནས་ཚུལ་འདི་འདྲ་པོ་ལ་དོ་སྣང་བྱས་པ་ཡིན་ན་ད་གཟོད་བོན་གཞུང་ཁག་ནས་བཤད་པའི་སྔ་རབས་ཀྱི་ང་ཚོའི་་་ཞང་ཞུང་་་ཟེར་བའི་ཡུལ་ལུང་དེའི་བྱུང་རབས་ཀྱི་སྐོར་ལ་དམིགས་བསལ་དོ་སྣང་བྱེད་དགོས་པ་ཆགས་ཀྱི་རེད། དཔེར་ན་ལོ་ཤས་སྔོན་ལ་དེང་སང་བལ་ཡུལ་ཆར་གཏོགས་གློ་སྨན་ཐང་༼དག་ཆ་ཚད་ལྡན་མི་ཤེས༽ཟེར་བ་དེ་ནས་བྲག་ཕུག་ངོ་མཚར་ཅན་མང་པོ་ཐོན་འདུག། བྲག་ཕུག་འདི་ཚོ་བྲག་རྡོ་ཕྲག་པོ་རྐྱང་རྐྱང་ལས་གྲུབ་པ་དེ་འདྲ་རེད་འདུག། དེ་དུས་ཀྱི་མིས་སྩོལ་བས་བརྐོས་ནས་བཟོས་བཞག་པ་དེ་འདྲ་རེད། ལས་བསླ་པོ་བྱས་ནས་བཟོས་བཞག་པ་དེ་འདྲ་རེད་མི་འདུག། བྲག་ཕུག་འདི་ཚོའི་ཁང་མིག་རྣམས་མཛོད་ཁང་། ཉལ་ཁང་། ཇ་ཁང་། མཆོད་ཁང། སོགས་ཆ་ཚང་བཟོས་འདུག་ཟེར་གྱི་འདུག། ཕལ་ཆེར་དགོན་པ་ཡང་ཕྲག་ཕུག་བརྐོས་ནས་བཟོས་ཡོད་པ་འདྲ། ངལ་རྩོལ་རིག་གནས་སམ་ངལ་རྩོལ་བརྩོན་འགྲུས་བྱེད་སྟངས་འདི་ཚོ་ཧ་ལས་དགོས་པ་རེདའདུག། འདིར་བྲག་ཕུག་དེ་ཚོའི་ཆགས་ཚུལ་དཔེ་སྟོན་ཙམ་ཕྱི་རྒྱལ་ཞིབ་འཇུག་པས་བྲིས་པ་འདི་འདྲ་འདུག་གཟིགས་པར་འཚལ། བསམ་ཤེས་ན་ང་རང་ཚོའི་མི་རབས་གོང་མ་རྣམས་ཀྱི་བྱས་རྗེས་རེད། །
http://juanvelascoblog.files.wordpress.com/2012/10/0-primera-idea-ciudad.jpg
Dead sea བོད་སྐད་དང་མཐུན་པ་དགོས་ན། ཚྭ་མཚོ་སྲོག་སྟོང་ཟེར་ན་ཡག། དེ་ནི་ཉ་རིགས་སྲོག་ཆགས་གནས་མི་ཐུབ་པས་དབྱིན་སྐད་ལ་dead seaཟེར་བའི་མྱིང་དེ་འབོད་པ་དང་། ས་དེའི་ཡུལ་མི་ཚོས་དེ་ལ་ཚྭ་མཚོ་རང་ཟེར། ཡིན་ན་ཡང་། ཁོང་ཚོའི་ཆོས་དཔེ་ན། འདྲེ་ལུང་གཞོང་འབོད་པ་རེད་ཟེར་བ་གོ་མྱོང་།
པགས་ནད་ལ་ཕན་པའི་ཚྭ་མཚོ་ཞིག་ཡིན་པས། པགས་ནད་ཅན་མང་པོ་རྒྱལ་ཁབ་ཕྱོགས་སོ་སོའི་ས་ནས་ཡོང་གི་ཡོད་པ་རེད་ཟེར་བ་མང་པོ་གོ་ཐལ། བདེན་ཚོད་རེད།
https://www.youtube.com/watch?v=o_BemRIJcp8
འདི་ལ་ཡང་གཟིགས།
http://www.bbc.com/future/story/20130122-himalayas-water-towers-of-asia
འདི་ལ་ཡང་གཟིགས།
འདི་མིག་གིས་དངོས་སུ་མཐོང་མྱོང་མཁན་འདྲ་ཨེ་ཡོད་དྲྭ་གྲོགས་ཚོ།
ཡག་པོ་ངོ་སྤྲོད་གནང་འདུག ཐུགས་རྗེ་ཆེ།