དགེ་འདུན་རྒྱ་མཚོ།
རྗེས་འཇུག་སློབ་མ་ཚོས་ཀྱང་ཉིན་མཚན་དབྱེར་མེད་དུ་གདུང་མཆོད་བསྒྲུབས། བླ་མ་མ་བཞུགས་ཚེ་དགོན་པའི་ནང་གི་དབང་འཛིན་ཆེས་ཤོས་ནི་ཨ་ཁུ་རྡ་རྡ་ཡིན། བླ་མ་ཡོད་དུས་ཕྱག་མཛོད་ཡིན་ལ་བླ་མ་མེད་དུས་བླ་ཚབ་ཡིན། དགེ་ཕྲུག་གཞན་དག་ཚོས་ཨ་ཁུ་རྡ་རྡ་ལ་བླ་མའི་ཞལ་ཆེམས་ཅི་གསུངས་དྲན་གསོ་གཏོང་དུ་བཅུག་པ་རེད། བླ་མས་ཉིན་མ་གསུམ་གྱི་ནང་ཚུན་ལ་སྐུ་གདུང་ས་འོག་ལ་སྦས་གསུངས་སོང་། ཡིན་ཡང་དེའི་སྐོར་དགོངས་ཞག་ཚང་ན་བསམ་བློ་གཏོང་རྒྱུ་ཡིན། ཨ་ཁུ་རྡ་རྡས་སྐད་ཆ་དེ་འདྲ་ཞིག་བཤད་ནས་གཞན་གྱི་ཁ་འགོག་ཐབས་བྱས།
བླ་མའི་གདུང་མཆོད་ནི་དགོང་ཞག་བཞི་བཅུ་ཞེ་དགུ་རིང་སྒྲུབ་རྒྱུ་དང་དེ་མ་བྱུང་ན་བདུན་གསུམ་ཉེར་གཅིག་ལ་སྒྲུབ་དགོས། མ་མཐའ་ཡང་ཉིན་མ་བདུན་ལ་སྒྲུབ་ངེས་པར་དུ་དགོས། དེ་ལྟར་མ་བྱས་ཚེ་ཐག་ཉེ་རིང་གི་དགོན་པ་གཞན་ཚོས་འཕྱ་སྨོད་བྱེད་རྒྱུ་ཉག་གཅིག་རེད། ཨ་ཁུ་རྡ་རྡས་དེ་ལྟར་ཐག་བཅད་ནས་བཤད། ཨ་ཁུ་རྡ་རྡ་ནི་བཙན་པོ་ཐོག་འདྲ་བོ་ཡོད་པས་སུས་ཀྱང་ངོ་ཡ་བྱེད་མི་ཕོད། རྒྱུ་མཚན་དེ་ཨ་ཁུ་རྡ་རྡ་ཁོ་རང་ཉིད་ཀྱི་སེམས་ན་ཡང་གསལ་བོ་ཡོད།
བླ་མའི་གདུང་མཆོད་ཉིན་བདུན་ཡིན་པ་དང་དེའི་བར་དུ་ཉིན་ཞག་རེས་མོས་ཀྱིས་གྲྭ་བ་ལྔ་བཅུ་རེས་འཁོར་དགོས་པ་དང་བང་རིམ་ཡང་བསྒྲིགས། དེ་ལྟར་བདུན་ཚུགས་བཏབ་ནས་ཉིན་དྲུག་པའི་དགོང་མོ་དེར། མི་ལྔ་བཅུ་ཐམས་པ་མཚན་ཕུད་ལ་ཁེལ་ཡོད། མཚན་མོ་དེར་ཡང་མཆོད་དཔོན་དང་མཆོད་གཡོགས་སོགས་སྐོ་བཞག་བྱས་ཡོད། ད་དུང་བན་ཆུང་དེ་འདྲ་ཡང་ཁ་སྣོན་བྱས་ཡོད་པས་བསྡོམས་ན་མི་ང་ལྔ་ཡོད། ཞལ་འདོན་ཅི་ཡང་མ་ཤེས་ཀྱང་དཀྱིལ་འཁོར་ཞིག་གི་ཞལ་ཕྱེས་ཡོད་པ་སྨོས་ཅི་དགོས།
ཁོ་ཚོས་ཆོ་ག་ཞིག་འདོན་བཞིན་ནམ་སྨད་དུ་སྐྱེལ། གྲྭ་བ་ཚོ་ཕལ་ཆེར་ཐང་ཆད་པ་དང་གཅིག་རྗེས་གཉིས་མཐུད་ཀྱིས་གཉིད་དུ་ཡུར། གཉིད་ཐུབ་ཀྱི་མེད་པ་དེ་ནི་བསྟན་འཛིན་ཁ་ན་རེད། ཁོ་ལོ་ན་ཆུང་ལ་སྙིང་མེད་ཞིག་ཀྱང་ཡིན། བླ་མའི་གདུང་མདུན་ལ་མར་མེ་ཚེ་འབར་ཞིག་ཕུལ་ཡོད་པས་དེའི་འོད་སྣང་ཕྱོགས་ཀུན་ཏུ་འཕྲོས། འོད་སྣང་ཤིན་ཏུ་གསལ་བས་སྐུ་ཕུང་ཡང་གསལ་བོར་མཐོང་། སྐུ་པང་ལ་རས་སེར་བོ་ཞིག་གིས་བཀབ་ཡོད་པ་དང་མགོ་ལ་རིགས་ལྔའི་དབུ་རྒྱན་ཞིག་ཀྱང་གསོལ། ཞལ་རས་ནི་དབུ་རྒྱན་གྱིས་ཙོར་ལོས་བསྒྲིབས་པས་ཕྱེད་ཙམ་མ་གཏོགས་མཐོང་མི་ཐུབ།
དགོང་མོ་དེར་བསྟན་འཛིན་ཟེར་བའི་བན་ཆུང་དེ་སྔར་ནས་སྐྲག་གིན་ཡོད་པས་གཉིད་མ་ཁུག་པར་བསྡད་ཡོད། ཁོ་གཅིག་པུ་ཁུ་སིམ་མེར་བླ་མའི་སྐུ་ཕུང་ཅེ་རེར་བལྟས་ནས་བསྡད་ཡོད། ཀུན་དགའ་ར་བའི་ནང་ནས་ཚག་སྒྲ་ཞིག་གྲགས་པ་དང་སྐུ་ཕུང་དེ་ཅུང་འགུལ་བའི་རྣམ་པ་བྱུང་། ཁོ་སྔར་བས་ཀྱང་སྐྲག་ནས་མར་ཉལ་ཁུལ་གྱིས་མགོ་རུམ་ལ་བཏང་། ཟླ་གམ་གྱིས་མགོ་བཏུམས་པ་དང་གོང་བའི་བར་ནས་ལྐོག་ལྟ་བྱས།
དུས་ཡུན་གང་མཚམས་ཞིག་ཏུ་གྲགས་འགུལ་ཅི་ཡང་མེད་པར་གྱུར། ཚུར་ཡོང་མཁན་གཅིག་ཀྱང་མ་བྱུང་བས་གཅིག་བྱས་ན་རང་ཉིད་ལ་འཁྲུལ་སྣང་འདྲ་བྱུང་བ་ཡིན་ཡང་སྲིད་སྙམ། ཁོ་རང་གི་མིག་ལ་ཡང་རང་ཉིད་ཡིད་མ་ཆེ་བ་ཞིག་ཏུ་གྱུར། རོགས་པ་འགའ་ཤས་ཀྱིས་ད་དུང་སྔུར་བ་ཡང་འཐེན་བཞིན་འདུག ཁོས་མུ་མཐུན་ནས་བལྟས་བསྡད་ཡོད། སྐུ་ཕུང་སླར་ཡང་འགུལ་བ་དང་པང་ཁེབས་དེ་ཡང་མར་ལྷུང་། ལག་པ་སྔུན་ལ་བརྐྱངས་ནས་དབུ་རྒྱན་འཇུས།
བསྟན་འཛིན་གྱིས་ལྟ་མ་བཟོད་པར་ཉེ་འཁྲིས་ཀྱི་གྲོགས་པོ་དེར་རྡོག་ཐོ་ཅིག་ཞུས། ཁོ་གཉིད་ལས་སད་པ་ན་བསྟན་འཛིན་གྱིས་ཁོ་ལ་རྣམ་འགྱུར་གྱིས་བརྡ་བསྟན། དེས་ཀྱང་བླ་མའི་སྐུ་ཕུང་ལ་བལྟས་བ་ན་བླ་མའི་སྤྱན་བཙུམ་ནས་ཡོད་ཀྱང་དབུ་རྒྱན་གྱི་ཅོད་པན་ལག་པས་ཕར་གཡགས་པ་མཐོང་། དེ་ནས་ཅང་མ་འགོར་བར་བླ་མ་ཁྲི་ཁ་ནས་བཞེངས་ཏེ་དལ་བུས་འབབ་སྟེགས་ལས་མར་བབས། མཆོད་དཔོན་གྱི་མདུན་ན་ཡོད་པའི་ཅོག་ཙེའི་སྟེང་གི་བུམ་པ་ལག་ཏུ་བཟུང་། དང་པོར་མཆོད་དཔོན་གྱི་མགོ་ལ་བུམ་ཆུ་ཞིག་བླུགས། མཆོད་དཔོན་ཡང་རོ་ལངས་སུ་གྱུར་ནས་ཡར་ལངས། དེ་ནས་རིམ་པ་བཞིན་དུ་གྲལ་ཤུར་ལྟར་ཡོང་ནས་མི་རེ་རེའི་མགོ་ལ་ཆུ་གཏོར། གང་ལ་གཏོར་བ་དེ་རོ་ལངས་སུ་གྱུར། རོ་ལངས་ཚོས་ཞབས་བྲོ་ལྟ་བུ་ཞིག་ཀྱང་འཁྲབ་འགོ་བརྩམས།
བསྟན་འཛིན་ཕྱིར་ནུར་བརྒྱག་བཞིན་སྒོ་ཆེན་ལས་ཐོན། གྲོགས་པོ་དེ་ནས་སྔར་ནས་བྲོས་ཏེ་སྒོ་ལ་ཐོན་ཟིན། བསྟན་འཛིན་ནི་སྒོ་བར་ནས་འཛུལ་ནས་མར་ཐར་ཙམ་བྱུང་། གྲོགས་པོ་དེ་ཅུང་རིག་པ་རྒོད་པོ་དང་སྙིང་སྟོབས་ཅན་ཞིག་རེད། ཁོས་བསྟན་འཛིན་ལ་ཁྱོད་རྒྱུགས་ནས་གྲྭ་མང་ལ་བརྡ་རྒྱོབས། ངས་སྒོ་བརྒྱབ་ནས་བརྟན་སྲུང་བྱེད་དགོས་ཟེར། བསྟན་འཛིན་གཟིམ་ཁང་ལ་མྱུར་དུ་སོང་ནས་བརྡ་བརྒྱབ་པ་དང་དགོན་པའི་ལས་སྣེ་དག་ལ་ཡང་ལན་སྐྱེལ། གྲྭ་མང་རྣམས་གཅིག་རྗེས་གཉིས་མཐུད་དུ་འབྱོར་བ་དང་། ཁོ་ཚོས་སྒོ་ཆེན་གྱི་ཧྲག་བར་ནས་བལྟས་བ་ན་ནང་གི་གྲྭ་བ་ཚང་མ་རོ་ལངས་དུ་གྱུར་བ་མ་ཟད་ཕར་འགྲོ་ཚུར་ཡོང་ལ་བྲེལ་འདུག་པ་མཐོང་།
ཁོ་ཚོ་མི་སུ་ལ་ཡང་རོ་ལངས་ཀྱི་ཉམས་མྱོང་བཤད་རྒྱུ་མེད་པས་ཅི་བྱ་གཏོལ་མེད་དུ་གྱུར། ཨ་ཁུ་རྡ་རྡ་ལ་འཁྱག་འདར་ལྟ་བུ་ཞིག་ཀྱང་བརྒྱག་གིན་ཡོད། མི་འུ་ཐུག་ན་ལས་ཀ་ཁྱི་ལ་བཅོལ། ཁྱི་ཡིས་མ་ཤེས་པར་རྔ་མ་གཡུགས་ཟེར་བ་ལྟར་ཁོ་ཚོ་ནང་ཕན་ཚུན་ལ་རེ་བ་བཅོལ། རེ་བ་དེ་སུས་ཀྱང་སྒྲུབ་མི་ནུས། ཨ་ཁུ་རྡ་རྡ་དོན་མེད་ལ་ཁོང་ཁྲོ་ལངས་པ་དང་སུ་ཡིན་ཚང་མའི་ངོ་ལ་བལྟས་ནས་ཁ་རྡུང་གཏོང་། དེས་རྐྱེན་གྱིས་ཁོ་ཚོའི་བར་ལ་ཁ་རྩོད་ཤོར། གྲྭ་གཞོན་མང་བོ་ཞིག་གིས་དེ་རིང་གི་དོན་རྐྱེན་འདིའི་འབྱུང་རྩ་ནི་ཨ་ཁུ་རྡ་རྡ་ཡིན་པ་དང་། ཨ་ཁུ་རྡ་རྡའི་སྒེར་གཅོད་དབང་ཤུགས་ལ་རྟེན་ནས་བྱུང་བ་ཡིན་པ་ནས་མགོ་བཙུགས། ཁ་ལན་སློག་པ་དང་འཁང་ར་རྒྱུན་ཆད་མེད་པར་བྱས།
ཨ་ཁུ་རྡ་རྡས་ཀྱང་རྒྱུ་མཚན་མང་བོ་བགྲང་བཞིན་ལན་བརྒྱབ། རྒྱུ་མཚན་སུ་ལ་ཡང་བཤད་རྒྱུ་ཡོད། ཕ་གསོད་ཀྱི་བུ་ལ་ཡང་རྒྱུ་མཚན་བཤད་རྒྱུ་ཡོད་ཟེར། སྐད་ཆའི་མཇུག་མ་རྫོགས་གོང་ནས་ནམ་ལངས། འདི་དགོན་པ་དང་གྲྭ་བ་གཅིག་པུས་ཐག་གཅོད་དཀའ་བས་གྲོང་བའི་རྒད་པོ་ཚོ་ཡང་འབོད་རྒྱུ་བྱས། སྐད་ཆ་དེ་གོ་བ་དང་གྲོང་གི་རྒན་དར་གཞོན་གསུམ་ཆུ་བཞུར་བ་བཞིན་དགོན་པའི་ནང་དུ་བསླེབས། མི་འགའ་ཤས་ཀྱིས་ཕོ་རྒོད་བློ་ཁོག་ཅན་ཚོ་སོང་ནས་གྲི་མདུང་བསྣུན་ནས་རོ་ལངས་ཚང་མ་ཐང་ལ་བསྒྱེལ་དགོས་ཟེར། འགའ་ཤས་ཀྱིས་དེ་ལྟར་བྱས་ན་སོ་སོ་ཡང་རོ་ལངས་སུ་འགྱུར་ཉེན་ཆེ་བས་ཐབས་ཤེས་གཞན་བཙལ་དགོས་ཟེར།
འགའ་ཤས་ཀྱིས་གང་མགྱོགས་བྱས་ན་མ་གཏོགས་ཁོ་ཚོ་ཕྱི་ལ་ཤོར་ན་འཇིག་རྟེན་ཐམས་ཅད་རོ་ལངས་སུ་འགྱུར་རྒྱུ་རེད་ཟེར། ཐབས་བཀོད་གཞན་ཞིག་ཡོད་པ་དེ་ནི་འདུ་ཁང་དང་བཅས་མེ་ལ་བསྲེགས་ནས་རོ་ལངས་རྩ་མེད་བཟོ་དགོས་ཟེར། དེ་བདེན་པ་རེད་ཟེར་ནས་མང་བོ་ཞིག་འུར་ལངས། འགའ་ཤས་ཀྱིས་འབུད་ཤིང་ཁུར་ཡོང་ནས་སྒོ་འགྲམ་ལ་བརྩིགས། གྲོག་མའི་ཚང་སྤོ་བ་ལྟར་ཚ་ཚ་འུར་འུར་གྱིས་ལས་འགུལ་སྤེལ། འདུ་ཁང་གི་སྒོ་འགྲམ་ཡོངས་རྫོགས་འབུ་ཤིང་གིས་བཀང་། མེ་གཏོང་མིན་ཨ་ཁུ་རྡ་རྡའི་བཀའ་ལ་སྒུག་ནས་བསྡད་ཡོད།
དེ་འདྲ་བྱེད་མི་དགོས། ང་ལ་ཐབས་བཀོད་ཞིག་ཡོད་ཟེར། མཐོང་མ་མྱོང་བའི་བླ་རྒན་རྒྱུས་མེད་ཞིག་བསླེབས། ཐག་རིང་ནས་ཡོང་བའི་འགྲུལ་པ་ཞིག་རེད། རྒྱབ་དུ་ཅ་ལག་མང་བོ་ཁུར་འདུག་ལ་ལག་ན་འཁར་བ་ཞིག་ཀྱང་བཟུང་འདུག འཁར་བ་ལ་ཁེན་པའི་མི་འདི་སུས་ཀྱང་མཐོང་མ་མྱོང་བས་ཚང་མ་ཡ་མཚན་སྐྱེས། ཁོའི་ཐབས་ཤེས་ནི་ཁོ་གཅིག་པུ་འདུ་ཁང་ནང་དུ་སོང་ནས་རོ་ལངས་རྣམས་བཏུལ་ནས་ཚར་གཅོད་རྒྱུ་དེ་རེད།
ཐབས་བཀོད་འདི་ལ་སུས་ཀྱང་ཡིད་ཆེས་དཀའ་ལ། གྲོང་བའི་རྒད་པོ་ཚོས་ཁོ་ལ་ཞུ་བ་ཕུལ། ཁྱོད་གཅིག་པུ་ནང་ལ་གཏོང་ཕོད་ཀྱི་མི་འདུག་ཟེར། སྡེ་བའི་རྒད་པོ་ཚོས་བླ་རྒན་ལ་ཞུ་བ་ཅི་ལྟར་ཕུལ་ཡང་ཁོས་ཁ་མི་ཉན། བླ་རྒན་གད་མོ་ཞིག་བརྒད་པ་དང་སྐྱོན་མེད། དེ་ནི་མི་གཅིག་གི་དོན་དག་རེད། ང་ནི་བདག་མེད་ཞིག་ཀྱང་ཡིན་པས་ཤི་སོང་ན་རྗེས་ལ་རྩད་གཅོད་བྱེད་མཁན་མེད། ཡིན་ཡང་ང་ཡོང་པ་ཅུང་འཕྱིས་སོང་བས་ཤིན་ཏུ་འགྱོད་ཡོད་ཟེར། ཁོ་འགྱོད་དོན་ཅི་ཡིན་སུས་ཀྱང་མ་ཤེས།
གང་ལྟར་དགེ་བཤེས་ཚང་དང་མཉམ་དུ་ཕེབས་མཁན་གྱི་གྲྭ་བ་ཞིག་ཡོད། དེའི་མིང་ལ་བརྩོན་འགྲུས་ཟེར། ཁོ་རང་བོར་བརླགས་སུ་སོང་ནས་མི་ལོ་ཉི་ཤུ་ལྷག་ཕྱིན་སོང་། དགོན་གྲོང་གི་ན་གཞོན་ཚོས་ཁོ་རིག་མ་མྱོང་བས་ངོ་ཅི་ལྟར་ཤེས། ཡང་གཅིག་བཤད་ན་རྒན་པོ་རེ་གཉིས་ཡོད་པ་ཁོ་ཚོས་དགེ་བཤེས་བརྩོན་འགྲུས་མཐོང་མྱོང་ཡོད་ན་ཡང་ཐང་། གང་ལྟར་བརྗེད་ནས་དྲན་ཡུལ་ན་མེད་པས་ངོ་རྟགས་ཆོད་དཀའ། འོན་ཀྱང་བླ་རྒན་འདི་ལ་ཡིད་ཆེས་བྱེད་རྒྱུ་དང་ཁོའི་ཁ་ལ་ཉན་རྒྱུ་ལས་ཐབས་གཞན་མེད། བླ་རྒན་ཁོ་བོ་ནང་དུ་འཛུལ་བ་དང་སྒོ་རྒྱོབས། ད་དེ་ལྟར་ཐག་གཅོད་མི་བྱེད་ཐབས་མེད་རེད། ཨ་ཁུ་རྡ་རྡས་དེ་ལྟར་མཇུག་སྡོམ་བརྒྱབ་པ་རེད།
རོ་ལངས་འདུལ་ཐུབ་པར་ང་ལ་ཡིད་ཆེས་དང་གདང་ཚོད་ཡོད། གལ་ཏེ་ལམ་སློང་མ་བྱུང་བའི་དབང་དུ་བཏང་ཡང་ད་དུང་འདུ་ཁང་མེ་ལ་བསྲེགས་ཀྱང་འཕྱིས་མེད་ཟེར། ཁོ་ཚོས་ཕར་བཤད་ཚུར་བཤད་མང་བོ་བྱས་པའི་མཐར་བླ་རྒན་ཁོ་ནང་དུ་སོང་། ཁོ་ནང་དུ་སོང་བ་དང་རོ་ལངས་ཚོ་ཡར་རྒྱུག་མར་རྒྱུག་གིས་དིག་སྒྲ་སོགས་གྲགས་པ་དང་། རོ་ལངས་ཚོ་བགད་པའི་གད་མོ་ཡང་ཕྱི་ནས་གོ་ཐུབ། འུ་འུར་ཟང་ཟིང་གི་རྣམ་འགྱུར་དེས་རྟ་རྒྱུག་པ་དང་སྐབས་རེར་ཕན་ཚུན་དམག་འཛིང་བྱེད་པ་དང་ཀུན་ནས་མཚུངས།
སྐབས་རེར་འབུད་བརྡུང་གི་སྒྲ་དབྱངས་ལྟ་བུ་རེ་གྲགས་ནས་གདངས་ཇེ་མཐོ་ནས་ཇེ་མཐོར་འགྲོ་ལ། སྐབས་རེར་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ནས་ཁུ་སིམ་མེར་འགྱུར། དེ་ལྟའི་འགྱུར་ལྡོག་གི་རོལ་དབྱངས་དང་ཆོ་ངེ་དང་རྔ་སྦུབ་དཀྲོལ་བ་སོགས་གཞི་གཅིག་ལ་འདྲེས། འདུ་ཁང་ནང་ཡོངས་རྫོགས་སྒྲ་སྣ་ཚོགས་ཀྱིས་འུར་ཟིང་ཆེན་པོས་བཀང་། འོན་ཀྱང་སུ་ཞིག་གིས་འདུ་ཁང་གི་སྒོ་འབྱེད་མི་ཐུབ་ལ། ཕྱེ་དགོས་པའི་རེ་བ་འདོན་མཁན་ཡང་མ་བྱུང་། དེ་ལྟར་ཉིན་གཅིག་འགོར་བའི་ཕྱི་ཉིན་ནས་བཟུང་འདུ་ཁང་ནང་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད། སྐྱ་སེར་ཚང་མས་འདུ་ཁང་གི་གཡས་གཡོན་སྐོར་ནས་བླ་རྒན་དེ་ཕྱིར་ཨེ་ཡོང་ལ་སྒུག་ཡོད།
བླ་རྒན་ཡང་ཅི་ཞིག་ལ་མཉམ་པར་བཞག་པ་ལྟར་ཕྱིར་འབུད་རྒྱུ་བརྗེད། ཉིན་གསུམ་འགོར་བའི་ཞོགས་པ་དེར་དགོན་གྲོང་གི་རྒན་གཞོན་ཚང་མ་ཁ་གཅིག་མཐུན་གྱིས་འདུ་ཁང་གི་སྒོ་ཕྱེས་ནས་ལྟ་དགོས་ཟེར། ཁོ་ཚོས་ཅུང་ཟད་ཕྱེས་པའི་སྲུབས་ཀ་ནས་ཡར་བལྟས་ཚེ་བླ་རྒན་དེས་རོ་ལངས་ཚང་མ་བཏུལ་བ་མ་ཟད་རོ་ཐམས་ཅད་བརྩིགས་ནས་ཁོ་ལ་བཞུགས་ཁྲི་བརྒྱབ། ཁོ་རོ་ཡི་ཁྲི་འཕང་སྟེང་ན་ལྷམ་མེར་ལྷང་ངེར་བཞུགས།
དེ་མཐོང་ནས་སྐྱ་སེར་ཚང་མའི་ཡིད་ལ་དགའ་སྤྲོ་ཚད་མེད་སྐྱེས། དད་པའི་སྤུ་ལོང་གཡོས། བླ་རྒན་དེ་གདན་དྲངས་ནས་ཇ་བསུ་ཞུས། བླ་རྒན་གྱིས་རོ་ལངས་ལ་རྨས་ལངས་དང་ཁྲག་ལངས་སོགས་མང་བོ་ཡོད་ཀྱང་འདི་ནི་འབྱུང་བོའི་གནོད་པ་ལས་ལངས་པའི་ཐུན་མོང་མ་ཡིན་པའི་རོ་ལངས་ཞིག་ཡིན་ཚུལ་གསུངས།
དགོན་གྲོང་མཉམ་འདུས་ཀྱིས་ཁོང་ཉིད་ས་འདིར་རྒྱུན་རིང་བཞུགས་དགོས་ཚུལ་གྱིས་ཞུ་བ་ཕུལ། འོན་ཀྱང་བླ་རྒན་ཁོས་ད་དུང་སྲིན་པོ་ཞིག་འདུལ་བའི་དུས་ལ་བབས་ཡོད་པས་འགྲོ་དགོས། ཁོམ་པོ་རེ་ཡོད་ན་གཞུག་ནས་ཡོང་གི་ཡིན་ཟེར། བླ་རྒན་དེས་ཕྱི་ལྟས་དང་འཁྲེང་སེམས་ཅི་ཡང་མེད་པར་ལམ་ལ་ཆས། སྐྱེ་བ་ཕོ་མོ་ཚོས་རྗེས་ལ་ཅེར་ནས་སྐྱོ་ཉམས་སྟོན། ལག་པ་ཐལ་མོ་སྦྱར་བ་དང་མིག་ཆུ་མང་བོ་མང་བོ་ཕུད་ནས་སྐྱེལ་མ་བྱས། བླ་རྒན་འདི་སུ་ཡིན་ཡང་འདྲི་ལོང་མ་བྱུང་བས་མང་བོ་ཞིག་ལ་ཕངས་སེམས་དང་འགྱོད་གདུང་དུས་གཅིག་ལ་སྐྱེས།
གཏམ་རྒྱུད་འདི་རླུང་གིས་ཁུར་ནས་ཕྱོགས་ཀུན་ཏུ་ཁྱབ། ཕྱོགས་རུས་ཅན་འགས་གང་ལ་དད་པའི་བླ་མའི་རྟོགས་བརྫོད་ཀྱི་གསེབ་ཏུ་བྲིས། གཅིག་ལས་གཉིས་བརྒྱུད་ཀྱི་གཏམ་རྒྱུད་འདི་ཐོལ་གྱིས་དྲན་ཚེ་དགེ་འདུན་རྒྱ་མཚོས་མྱུར་དུ་ཟིན་ཐོར་བཀོད།
བྲིས་འི་བྲིས་འི་ཇེ་དགའ་དང་ཇེ་དག་ལ་གཏོང་བའི་རེ་བ་ཆུང་ཆུང་ཞིག་ཞུ་འདོད་བྱུང་། བྲིས་ནས་དང་གྲགས་ནས་ཚད་ཅིག་ལ་བསླེབས་ན། འགན་ཆེན་པོ་རེད།
སྙན་པོ་རང་བྱུང་མི་འདུག་ཞུ་ཚོད་མ་ཐུག་ཐལ། སྒྲུང་བ་དགེ་འདུན་ལགས།
ལེགས་སོ་ལེགས་ོ་སྒྲུང་འདི་ལེགས། དགེ་འདུན་རྒྱ་མཚོ་ཡང་ལེགས།
ཡག་གི་སྙན་གི་འཇིག་གི
དཔེ་ཡག་པོ་བྲིས་འདུག ཀློག་ཟིན།
སྒྲུང་རིང་པོ་རེད་འདུག་ག
ཚན་པ་གཉིས་ཆར་ཆ་ཚང་ཞིག་ཀློག་པ་ཡིན་སྙན་པོ་བྱུང་སོང་།
དགེ་འདུན་རྒྱ་མཚོ་ལགས། ཁྱེད་ཀྱི་སྒྲུང་འདི་སྔོན་མའི་རྒྱ་འདྲེ་ཡི་སྒྲུང་དེ་ལ་བསྡུར་ན་འདི་་གཏིང་ཟབ་པ་དང་བོད་ཀྱི་ལྷ་འདྲེ་རིག་པའི་ཁྱད་ཆོས་ལྡན་པ་ཞིག་འདུག འདི་ལྟ་བུ་ལ་ད་གཟོད་བོད་ཀྱི་ལྷ་འདྲེའི་སྒྲུང་ཞེས་འདོགས་རིགས། ཐུགས་རྗེ་ཆེ།