གནས་ཚུལ་གཏོང་མཁན། ཚེ་རིང་དབང་ཕྱུག
མཁྱེན་གསལ་ལྟར་ ༢༠༡༣ ཟླ་ ༩ ཚེས་ ༢༡ ཉིན་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་འོས་འདེམས་བྱུང་བ་དང་འབྲེལ། གསར་འགོད་ཁག་ནང་”ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ནས་འོས་མི་འདེམས་སྒྲུག་གནང་བ་”ཞེས་འཁོད་འདུག་ན། དོན་དངོས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ།
དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།
༡ ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།
དགོངས་དོན་ལྟར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས། འདེམས་ལྷན་ཚོགས་གཙོ་ཟུར་པ་རྣམ་རྒྱལ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་བྱས་པའི་ཚོགས་ཆུང་ནས་འོས་མི་གཉིས་འདེམས་སྒྲུག་གནང་བའི་ཐོག་སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པའི་ནང་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་མང་མོས་འདེམས་ཐོན་བྱུང་བ་དེ་མཚུངས་ནོར་བཅོས་ཡོང་བ་ཞུ།།