ཟླ་ཟེར།
འཇིག་རྟེན་འདི་མུན་ནག་གིས་ཡོངས་སུ་འཇབས་ནས། མཚམས་མཚམས་སུ་རྒྱང་རིང་ནས་གྲགས་འོང་བའི་སྙིང་ལ་གཟན་ཞིང་མཚན་མོའི་ལྷིང་འཇགས་ལ་རྒོལ་བའི་སྒོ་ཁྱིའི་ངུ་ཟག་ཙམ་དང་། ས་མཐའི་གྲོང་ཁྱེར་འདི་ནས་རྒྱང་རིང་དུ་གྱེས་འགྲོ་བའི་མེ་འཁོར་གྱི་དུང་བརྡ་ཙམ་མ་གཏོགས་གོ་རྒྱུ་མེད་པའི་མཚན་གཞུང་རེ་སླེབས་དུས། ངས་མིག་ཟུང་གིས་ཟླ་བ་ལ་ཅེར་བཞིན་ལག་པས་བྲང་གཞུང་བསྣན་ཏེ། ཁྱོད་རང་ལ་བྲིས་པའི་སྙན་ངག་ལ་གྲངས་ཀ་མེད་ལ། ངའི་སྙན་ངག་གི་བརྗོད་གཞི་ཡོངས་རྫོགས་ཀྱང་ཁྱོད་རང་ཡིན་པར་གདོན་མི་ཟ།
ཡིན་ནའང་། དོ་དགོང་ནི། ཟླ་བ་ཡང་མི་འདུག་པས། ངས་ཁྱོད་རང་ལྷག་པར་དུ་དྲན་ཏེ། ཁྱོད་མེད་པའི་དོ་དགོང་ནི། ང་ལ་མཚོན་ན་འཇིག་རྟེན་ཧྲིལ་པའི་འདིའི་སྟེང་དུ་རང་ཉིད་གཅིག་པུར་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་དགོང་མོ་ཞིག་ཡིན་འདུག་ལ། བརྩེ་བ་ཟབ་མོ་ཞིག་གིས་སེམས་པ་དུམ་བུར་གཏོང་བའི་དགོང་མོ་ཞིག་ཀྱང་ཅི་ནས་མིན་ཏེ། དོ་དགོང་ནི་ཁྱོད་ལ་སྐྱོང་བའི་ལྷད་མེད་ཀྱི་བརྩེ་སེམས་འདིས་ང་རང་ཤ་འཐེན་རུས་འཐེན་དུ་བྱས་པས། བཟོད་མི་ཐུབ་པའི་ན་ཟུག་འདིའི་ཆེད་དུ། ངས་ཀྱང་ཐ་མག་རྐང་རེ་རེ་གཅིག་རྗེས་གཉིས་མཐུད་དུ་རྔམ་འཐེན་བྱས་ནས། སང་ཉིན་གྱི་སང་ཉིན་གྱི་ཞོགས་པ་དེར། འུ་གཉིས་སླར་ཡང་ལྷན་འཛོམས་ཡོང་རེ་སྨོན་ཁྲི་ཕྲག་བྱས།