སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ།
ནང་པ་སངས་རྒྱས་པའི་ལུགས་སྲོལ་ལ་བླ་མ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་སངས་རྒྱས་ཤྰཀྱ་ཐུབ་པ་དང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་ས་སྐྱ་གོང་མ་རྣམ་ལྔ་དང་མར་མི་དྭགས་གསུམ་ལྟ་བུའི་སངས་རྒྱས་བྱང་སེམས་སུ་ཞིག་ཡིན་ཡང་དང་པོར་བླ་མའི་མདུན་ནས་ཆོས་མཉན་ཏེ་རྟོགས་པ་མཐོན་པོར་ཕེབས་པ་ཤ་སྟག་རེད། རང་ཉིད་མི་རིགས་པ་ཡག་པོ་ག་འདྲ་ཞིག་ཡིན་ན་ཡང་སྟོན་པ་སངས་རྒྱས་དང་རང་གི་བླ་མའི་བར་དུ་བརྒྱུད་པའི་ཆོས་ཤིག་ཉམས་སུ་བླངས་ན་མ་གཏོགས་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེ་མི་ཐུབ། རྒྱུ་མཚན་ནི་རྟོགས་པ་ཁྱད་པར་ཅན་རང་གི་རྒྱུད་ལ་སྐྱེ་བ་ལ་བརྒྱུད་པ་དམ་པ་བར་མ་ཆད་པའི་ཆོས་ཀྱི་བྱིན་རླབས་དེ་ཐོབ་དགོས་པ་རེད། རྒྱ་གར་གྱི་པཎ་ཌི་ཏ་ཆེན་པོ་ནྰ་རོ་པས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད།། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བསྟེན་ནས་བྱུང་།། ཞེས་གསུངས་ཡོད་པ་རེད།
ཐེག་པ་ཆུང་ངུའི་ལུགས་ལ་བླ་མར་དགེ་བའི་བཤེས་གཉེན་དུ་ལྟ་བ་དང་། ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་དུ་སྔགས་ལུགས་ལ་བླ་མར་སངས་རྒྱས་དངོས་སུ་ལྟ་དགོས་པ་རེད། དེ་ཡང་བླ་མས་རང་ལ་ཚེ་འདིར་སངས་རྒྱས་ཐོབ་ཐུབ་པའི་བཀའ་ཆོས་གསུངས་པའི་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་རེད།
བླ་མ་བསྟེན་ཚུལ་དེ་ལ་བསམ་པས་བསྟེན་ཚུལ་ཟེར་བ་ཞིག་དང་། སྦྱོར་བས་བསྟེན་ཚུལ་ཟེར་བ་གཉིས་ཡོད་པ་རེད།
བསམ་པས་བསྟེན་ཚུལ་ཟེར་བ་ནི། བླ་མ་དེ་ལ་སེམས་ཁོང་རུས་པའི་གཏིང་ནས་དད་པ་བྱེད་པ་དང་། གསོལ་བ་འདེབས་པ། བླ་མའི་རྣལ་འབྱོར་སྒོམ་ཟློས་བྱེད་པ་སོགས་རེད། ཚེ་འདི་ལ་སྐྱིད་ན། སྡུག་ན། འབྱོར་ན། སྤྲང་ན། ན་ན། དྲག་ན། མདོར་ན་སྐྱིད་སྡུག་གང་བྱུང་ཡང་བླ་མ་ཁྱེད་རང་མཁྱེན་ཟེར་བའི་དད་པ་ཡིད་ཆེས་དྲག་པོ་ཞིག་དགོས་པ་རེད།
སྦྱོར་བས་བསྟེན་པ་ཟེར་བ་དེ་ནི། བླ་མ་ལ་ཕེབས་བསུ་དང་གུས་ཞབས། ཞེ་ས། བཞེས་ལག་ཕུལ་བ་དང་གསོལ་ཇ་འབུལ་བ་ལྟ་བུ་དེ་ཚོ་རེད།
གུས་ཞབས་བྱེད་དུས། བླ་མའི་གྲིབ་མ་ལ་ཡང་གུས་ཞབས་ཀྱིས་གོམ་པས་མི་འགོམ་པ་དང་། བླ་མ་བཞུགས་ས་དང་བླ་མའི་ན་བཟའ་ལ་གུས་ཞབས་ཀྱིས་གོམ་པས་མི་འགོམ་པ། རང་གི་ཅ་ལག་དང་དུག་ལོག་སོགས་བླ་མའི་ཅ་ལག་དང་ན་བཟའ་སོགས་ཀྱི་སྟེང་དུ་མི་འཇོག་པ་སོགས་རེད།
བླ་མ་གཅིག་ལ་དམ་ཚིག་ཉམས་ན། བླ་མ་གཞན་དག་ལ་ཡང་རང་ཤུགས་ཀྱིས་དམ་ཚིག་ཉམས་འགྲོ་བས། ཆོས་ཚིག་བཞི་ཞིག་ཞུས་པ་ཡན་ཆད་ལ་བླ་མའི་འདུ་ཤེས་བཞག་སྟེ་གུས་ཞབས་བྱེད་དགོས་པ་འདི་ཧ་ཅང་གལ་ཆེན་པོ་རེད།
ཡང་རང་ཉིད་ཀྱི་བླ་མ་ལ་གུས་ཞབས་བྱས། གཞན་གྱི་བླ་མ་ལ་སྐུར་འདེབས་ཁ་གཏོང་བ་སོགས་བྱེད་པ་ནི་མི་རུང་བ་ཡིན་པས། རང་ལ་ཆོས་འབྲེལ་ཡོད་ན་རེད། མེད་ན ་རེད། བླ་མ་ཐམས་ཅད་ལ་གུས་ཞབས་བྱེད་དགོས།
རང་གིས་གོམ་པ་བརྒྱབ་ནས་འགྲོ་བ་དང་། མོ་ཀྲ་བསྐོར་ནས་འགྲོ་བའི་ཚེ་བླ་མ་རང་གི་སྤྱི་བོར་བསྒོམས། ཁ་འདོན་དང་ཉམས་ལེན་བྱེད་པའི་དུས་སུ་བླ་མ་རང་གི་མདུན་གྱི་ནམ་མཁར་སྒོམས། དགོང་མོར་གཉིད་ཉལ་བའི་སྐབས་སུ་བླ་མ་རང་གི་སྙིང་ཁར་བསྒོམ་དགོས།
སྐྱིད་པོ་བྱུང་བའི་དུས་སུ་བླ་མའི་ཐུགས་རྗེ་བཀའ་དྲིན་གྱིས་ཆོས་སྒྲུབ་པའི་ལུས་རྟེན་ཐང་པོ་ཞིག་བྱུང་སོང་སྙམ་ནས་གསོལ་བ་འདེབས་དགོས།
སྡུག་པོ་བྱུང་བའི་དུས་སུ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱིས་རང་གི་ལུས་ངག་ཡིད་གསུམ་གྱི་ལས་ངན་སྡིག་སྒྲིབ་འདག་པའི་སྐལ་བ་བཟང་པོ་བྱུང་སྙམ་ནས་བླ་མར་གསོལ་བ་འདེབས་དགོས།
བླ་མ་ཞིག་དང་རང་གི་བར་དུ་གསང་སྔགས་ཀྱི་དབང་སྐུར་བ་གཅིག་པོའི་ཆོས་འབྲེལ་ཡོད་ན་བཀའ་དྲིན་གཅིག་ལྡན་གྱི་བླ་མ་ཟེར། དེའི་སྟེང་དུ་བདེན་པ་བཞི་དང་ཕར་ཕྱིན་དྲུག་ལྟ་བུའི་ཆོས་འབྲེལ་ཡོད་ན་བཀའ་དྲིན་ཉིས་ལྡན་གྱི་བླ་མ་ཟེར། དེའི་སྟེང་དུ་མདོ་དང་གསང་སྔགས་ཀྱི་ཉམས་ལེན་ཁྱད་པར་ཅན་བྱེད་སྟངས་ཀྱི་ཆོས་འབྲེལ་ཡོད་ན་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཟེར་བའི་ཧ་ལས་པའི་རྩ་ཆེན་པོ་རེད།
བླ་མ་ཞིག་རང་གི་བླ་མ་ལ་མ་བསྟེན་པའི་སྔོན་དུ་མི་གཞན་ལ་སྐད་ཆ་དྲིས་ནས་བླ་མ་དེ་ག་འདྲ་ཡོད་པ་རེད་ཅེས་བརྟག་དཔྱད་བཏང་། རང་གིས་ཀྱང་གང་ཐུབ་ཀྱིས་བརྟག་དཔྱད་བཏང་ན་ཡག་པོ་ཡོད་པ་རེད། བརྟག་དཔྱད་བཏང་ན་སངས་རྒྱས་ནང་བཞིན་སྐྱོན་གཅིག་ཀྱང་མེད་པ་ཞིག་རྙེད་དཀའ་ན་ཡང་། གང་ལ་གང་འཚམ་གྱིས་ཁོང་བླ་མ་ཡག་པོ་ཞིག་ཡིན་ས་རེད་བསམས་པ་ཞིག་བྱུང་ན། གཞི་ནས་བླ་མ་དེ་ལ་ཆོས་འབྲེལ་ཞུས་ན་ཆོག
ཆོས་འབྲེལ་ཞུས་ཚར་བའི་རྗེས་སུ་བླ་མ་དེ་དུག་ལོག་རྙིང་པ་ནང་བཞིན་བསྐྱུར་ཆོག་ཆོག་གཡུག་ཆོག་ཆོག ཁ་གཏོང་ཆོག་ཆོག་དེ་འདྲ་ཡོད་པ་མ་རེད། བླ་མ་དེ་དང་རང་གི་བར་དུ་དམ་ཚིག་གི་འབྲེལ་བ་ཆགས་ཚར་བ་རེད། དེ་ལ་འགན་ཁུར་ཆེན་པོ་ཞིག་བསླེབས་པ་རེད།
ཡང་བླ་མ་དེས་གསུངས་པའི་ཆོས་དང་མཐུན་པའི་བཀའ་སློབ་ག་རེ་ཡིན་ན་ཡང་ཉན་དགོས་པ་རེད་མ་གཏོགས། བླ་མ་དེས་སོ་སོ་གནས་སའི་རྒྱལ་ཁབ་ཀྱི་ཁྲིམས་དང་མི་མཐུན་པ། སྤྱིར་བཏང་གི་མིའི་འགྲོ་སྟངས་དང་མ་མཐུན་པ་དེ་འདྲ་སྒྲུབས་ཤོག་གསུངས་ན་བསྒྲུབ་དགོས་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་དེ་ལ་གསལ་བཤད་བྱེད་དགོས་པ་རེད། དགོངས་དག ངས་དེ་འདྲ་བསྒྲུབ་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་འདི་འདྲ་རེད་་་དེ་འདྲ་རེད་ཞུས་ན་འགྲིག་གི་ཡོད་པ་རེད།
གསང་སྔགས་ཉམས་སུ་ལེན་དུས། རང་གི་ཡི་དམ་གྱི་ལྷ་དང་རང་གི་བླ་མ་དེ་གཉིས་ནམ་ཡང་གཅིག་ཏུ་སྒོམ་དགོས་ཀྱི་རེད་མ་གཏོགས། བླ་མ་ཟེར་དུས་གལ་ཆུང་ཆུང་ཡིན་པ་འདྲ་བོ། ཡི་དམ་ཟེར་དུས་ཞེ་དྲགས་རྩ་ཆེན་པོ་ཡིན་པ་འདྲ་བོ་དེ་འདྲ་བསྒོམ་རྒྱུ་ཡོད་པ་མ་རེད། གསང་སྔགས་ཀྱི་ལུགས་ལ་ཡི་དམ་གྱི་བསྐྱེད་རིམ་དང་རྫོགས་རིམ་ཟེར་བ་དེ་ཚོ་ཡག་པོ་ཞིག་ལམ་དུ་འགྲོ་དང་མི་འགྲོ་དེ། རང་དང་བླ་མའི་བར་གྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཚུལ་བཞིན་དུ་བསྲུངས་དང་མ་བསྲུངས་ལ་རག་ལས་པ་རེད།
བླ་མའི་རྣལ་འབྱོར་ཡག་པོ་ཤེས་ན་ཐེག་པ་ཆེན་པོའི་ཆོས་བསྒྲུབ་སྟངས་ཀྱི་ཕྱེད་ཀ་ཤེས་ཚར་བ་རེད། བླ་མའི་རྣལ་འབྱོར་མ་ཤེས་ན་ཐེག་ཆེན་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་རྣམ་གཞག་ག་ཚོད་མང་པོ་ཞིག་ཤེས་ན་ཡང་ཉམས་ལེན་བྱེད་དུས་གཞི་རྩ་མེད་པ་ཁུངས་ལུང་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད།
སངས་རྒྱས་ཤྰཀྱ་ཐུབ་པས་ཁོང་སངས་རྒྱས་ཚར་བའི་རྗེས་སུ་ཡང་ བྱང་ཆུབ་སེམས་དཔའ་རྗེ་བཙུན་འཇམ་པའི་དབྱངས་ལ་རྟག་པར་གུས་ཞབས་གནང་གིན་ཡོད་པ་རེད། ཁོང་གི་ཞལ་སློབ་ཚོས་དེའི་རྒྱུ་མཚན་དྲིས་པར། ཁོང་གིས་ འཇམ་པའི་དབྱངས་ངའི་སྐྱེ་བ་སྔོན་མ་མང་པོའི་བླ་མ་ཡིན་གསུངས་པ་རེད། དེ་ལ་དཔེ་བླངས་ནས། ང་ཚོས་ཀྱང་རང་གི་ཚེ་འདིའི་བླ་མ་དང་ཡང་ན་རང་གི་བླ་མའི་སྤྲུལ་སྐུ་དེ་ཚོ་ལ་དད་པ་དང་གུས་ཞབས་བྱེད་དགོས་པ་རེད།
ཡིན་ན་ཡང་། ཤར་ནུབ་ཀྱི་སྤྱི་ཚོགས་མི་འདྲ་བ་དང་རིག་གཞུང་མི་འདྲ་བ། མིའི་བསམ་བློ་གཏོང་སྟངས་མི་འདྲ་བས། ཤར་ཕྱོགས་བོད་དང་རྒྱ་གར་ནག་གི་ནང་པ་ཚོའི་བླ་མའི་རྣལ་འབྱོར་ལྟ་བུ་ཞིག་ནུབ་ཕྱོགས་སྤྱི་ཚོགས་སུ་ཡོང་ཁག་པོ་ཡིན་པས། ནང་པ་གསར་པ་ཚོས་དང་པོ་ཉིད་ནས་ཤར་ཕྱོགས་པར་དཔེ་ལེན་ཐུབ་རྒྱུ་མ་རེད། ཡིན་ན་ཡང་གང་ཐུབ་ཐུབ་ཅིག་གནང་གིན་བསྡད་ན། ཉི་མ་གཅིག་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཡག་པོ་ཞིག་འབྱུང་རྒྱུ་ཏན་ཏན་རེད།།
ཆོས་བཤད་དམ་ཡང་ན་རང་དོན་སྒྲུབ་ཀྱིན་ོཡད།
སྤྲུལ་མིང་པས་བོད་ཀྱི་ནང་ཆོས་དེ་བླ་ཆོས་ཡིན་པ་འདྲ་པོ་ལ་སོ་སོའི་འདོད་པ་མ་མཐུན་ན་དགོངས་དག་ལབ་དགོས་ལབ་འདུག་ཧ࿒ཧ་ཧ་བློ་ཁ་ནང་དུ་ཕྱོགས་ནས་བསམ་ན་བགད་མོ་ཤོར་ཡག་མ་ཏོག་ག་གང་ཡང་མི་འདུག།
སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་ལེགས་པོ་བྲིས་གནངས་འདུག རྗེས་སུ་ཡི་རངས་ཡོད། ཉམས་ལེན་ཐམས་ཅད་ཀྱི་ནང་ནས་དཀའ་ཤོས་ནི་བཤེས་གཉེན་བསྟེན་ཚུལ་ལེགས་པོ་ཞིག་འོང་རྒྱུ་དེ་རེད། འགོ་བཤེས་གཉེན་བསྟེན་ཚུལ་ལེགས་པོ་ཞིག་བྱུང་ན་གཞན་རྣམས་རིམ་གྱིས་འབྱུང་ཞེས་དམ་པ་དག་གིས་གསུངས་སོ། བཀའ་དྲིན་སུམ་ལྡན་ནི་དབང་སྐུར་རྒྱུད་བཤད་མན་ངག་གསུམ་པོ་བླ་མ་གཅིག་གི་དྲུང་ནས་ཐོབ་ན་སུམ་ལྡན་བླ་མ་ཞེས་གྲགས། བསམ་སྦྱོར་གཉིས་ཀྱིས་བསྟེན་ཚུལ་ནི། སྦྱོར་བའི་བསྟེན་ཚུལ་གཙོ་བོ་ནི། བླ་མས་ཅི་གསུང་སྒྲུབ་རྒྱུ་དེ་རེད།།
བླ་མའི་རྣལ་འབྱོར་ལ་བྱང་པ་ཅན་ཞིག་རེད་འདུག ཁ་བྱང་འདིས་བླ་མའི་རྣལ་འབྱོར་གྱི་སྒྲུབ་ཐབས་ལྟ་བུར་མཐོང་ཡང་ཀློག་ཡོང་དུས་བླ་མའི་རྣལ་འབྱོར་ངོ་སྤྲོད་རེད་འདུག ད་གཤམ་ལ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་གསུང་ན་ཨེ་འགྲིག
བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་དུ་གསོལ་བ་བཏབས་ན་བླ་མའི་རྣལ་འབྱོར་དེ་ཀ་རང་རེད། ལངས་ན་བླ་མ་སྤྱི་བོ་གཙུག་ཏུ་སྒོམ། ཉལ་ན་སྙིང་གི་དཀྱིལ་དུ་སྒོམ། ཉིན་མཚན་མེད་པར་གསོལ་བ་བཏབས།
འདི་འདྲ་ཞིག་འོང་དཀའ་མོ་རེད་ད། །
དེང་དུས་ཀྱི་བླ་མ་སྔོན་གྱི་བླ་མ་ཇི་བཞིན་མེད་ལ་དེང་དུས་ཀྱི སློབ་མ་ཡང་སྔོན་གྱི་སློབ་མ་ནང་བཞིན་མེད། སྤྱིར་དེང་དུས་ཀྱི་སྤྲུལ་སྐུར་མཚོན་ན་ཨ་ཁ་ཁ་ཇི་འདྲའི་སེམས་པ་སྐྱོ་འོས་པ་ཞིག་རེད། འཇིག་རྟེན་པ་དད་ལོག་སྐྱེ་བའི་རྒྱུ་ལས་དད་པ་སྐྱེ་བའི་རྒྱུ་ཧ་ལམ་ཉིན་མོའི་སྐར་མ་ཙམ་མོ། དེ་སྤྲུལ་སྐུ་རྣམས་ཀྱི་ངོས་ནས་མ་འགྲིགས་པ་རེད་དམ་འཇིག་རྟེན་པ་རྣམས་ཀྱིས་མ་འགྲིགས་པ་རེད།། །།
བླ་མའི་རྣལ་འབྱོར་ཞེས་པའི་གོ་དོན་དེ་་་་བླ་མའི་གནས་ལུགས་རྟོགས་པའི་ཡེ་ཤེས་་་་ཅེས་སུ་འགྲེལ་ན་འགྲིག་གམ། ཡང་ན་་་བླ་མ་ནི་རྩ་བའི་བླ་མ་གང་ཉིད་བཞག་དེས་གདམས་པའི་རྣལ་མ་འབྱོར་མཁན་དེ་སློབ་བུ་གང་ཉིད་བཞག་ནས་བླ་མ་དང་སློབ་བུའི་བར་གྱི་དད་པ་དང་དམ་ཚིག་གཙང་མ་དེ་ལ་བཞག་ན་འགྲིག་གམ། །
སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་མཆོག་གིས་ཐུགས་ལ་སྦྱངས་པ་དང་། ཡིག་ཐོག་ཏུ་བཀོད་པ་ལེགས་སོ་ཞུའོ།
་
དགོང་མོར་གཉིད་ཉལ་བའི་སྐབས་སུ་བླ་མ་རང་གི་སྙིང་ཁར་བསྒོམ་དགོས། ཞེས་པ་ན་དགོངས་མོར་ས་ཡང་འཇུག་མེད་པར་བྲིས་པ་ལ་སྔོན་གྱི་བླ་མ་རྣམས་ཀྱི་བཀའ་བཀྱོན་ཕེབས་པའི་རྒྱུ་རུ་ཕྱིན་འདུག་པས་སེལ་ཐབས་མཛད་དགོས།
་
བླ་མ་ཞིག་དང་རང་གི་བར་དུ་གསང་སྔགས་ཀྱི་དབང་སྐུར་བ་གཅིག་པོའི་ཆོས་འབྲེལ་ཡོད་ན་བཀའ་དྲིན་གཅིག་ལྡན་གྱི་བླ་མ་ཟེར། དེའི་སྟེང་དུ་བདེན་པ་བཞི་དང་ཕར་ཕྱིན་དྲུག་ལྟ་བུའི་ཆོས་འབྲེལ་ཡོད་ན་བཀའ་དྲིན་ཉིས་ལྡན་གྱི་བླ་མ་ཟེར། དེའི་སྟེང་དུ་མདོ་དང་གསང་སྔགས་ཀྱི་ཉམས་ལེན་ཁྱད་པར་ཅན་བྱེད་སྟངས་ཀྱི་ཆོས་འབྲེལ་ཡོད་ན་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཟེར་བའི་ཧ་ལས་པའི་རྩ་ཆེན་པོ་རེད།
ཅེས་པ་ལྟར་དང་པོ་གཉིས་ཏེ། བཀའ་དྲིན་གཅིག་ལྡན། བཀའ་དྲིན་གཉིས་ལྡན་ཞེས་ཡོངས་གྲགས་སུ་ཡོད་དམ།
་
རྟ་བདུན་དབང་པོས་བཀོད་པ་བཞིན་དུ།
༡ དབང་བསྐུར་ ༢ རྒྱུད་བཤད་ ༣ མན་ངག་བཅས་གསུམ་པོ་ཞུས་པའི་བླ་མ་ལ་བཀའ་དྲིན་གསུམ་ལྡན་ཞེས་པ་དོན་གཉེར་ཅན་ཀུན་གྱིས་བློ་ལ་འཛིན་དགོས་པ་ཞིག་ཏུ་མཆིས།
རྒན་ལ་དྭགས་པ་ལགས།
ཁམས་བཟང་།
འདྲི་བ་གཅིག་ཞུ་བར་འདོད་པས་གནང་བ་བསྩལ་ཏུ་གསོལ།
བོད་ཀྱི་བླ་མའི་རྣལ་འབྱོར་གྱི་སྲོལ་རྒྱུན་འདི་ལྟ་བུ་རྒྱ་གཞུང་ནང་ལ་ཡོད་དམ། དཔེར་ན་ང་ཚོར་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་དཔེ་ཆ་མང་པོ་ཡོད་པ་དཔེར་ན་དགའ་ལྡན་ལྷ་བརྒྱ་མ་ལྟ་བུ། རྒྱ་གཞུང་ནང་ལ་དེ་ལྟ་བུ་ཡོད་དམ། དཔེ་མཚོན་འགའ་སྤྲོད་ཐུབ་བམ། ཐུགས་རྗེ་ཆེ།
བསམ་ཤེས་མཆོག
དྲི་བ་མཛད་པར་སྤྲོ་བ་བརྟས། སྔོན་ཨ་རི་རུ་ལོ་ངོ་༣༥་སྔོན་དུ། ཧིནྡུའི་ལུགས་ཀྱི་རང་གི་བླ་མར་བསྔགས་པའི་དཔེ་ཆ་ཞིག་ལ་སློབ་སྦྱོང་བྱེད་མཁན་ཞིག་སླེབས་པ་དྲན། རང་རེའི་སངས་རྒྱས་པའི་གཞུང་ན། བསྟོད་པ་བརྒྱ་ལྔ་བཅུ་པ་དེ་ཡང་། སངས་རྒྱས་ལ་བསྟོད་པ། མདོ་ལུགས་ཀྱི་བླ་མའི་རྣལ་འབྱོར་ལྟ་བུར་འདུག
་
བསྩལ་ཏུ་གསོལ། ཞེས་པར་བསྩལ་ལ་བའི་སྔོན་འཇུག་རྒྱབ་པ་དེ་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་སྐད་དང་མ་བསྟུན་པར་བསྒྲིགས་པའི་དིང་སང་གི་ཚིག་མཛོད་སོགས་ན་ཡོད་ཀྱང་། བཀའ་བསྟན་གསུང་འབུམ་གྱི་སྐད་དང་མ་བསྟུན་ནས་བྲིས་པའི་དག་ཡིག་ཟ་མ་ཏོག་སོགས་ན་མེད་པ་དགོངས་དབྱིངས་སུ་མངའ་བར་འཚལ། ཞེས་སོ།
བླ་མའི་རྣལ་འབྱོར་་་་ཞེས་པའི་སྐད་ཅ་འདི་ནི་ཕལ་ཆེར་རྫོགས་པ་ཆེན་པོའི་ལུགས་ནས་བྱུང་བ་ཡིན་པར་སྙམ། ཅིས་ན་ལུགས་དེར་་་བླ་མས་སེམས་ངོ་སྤྲོད་་་པ་ཞེས་པའི་ལམ་ལུགས་ཤིག་ཡོད་རེད། དེ་ནི་་གལ་ཆེན་གྱི་ནང་ནས་དོན་ཆེན་དེ་རེད། བླ་མས་སློབ་མ་ལ་ཐོག་མར་སེམས་འཚོལ་སྟངས་སྟོན་པ་དང་། མཐའ་མར་སློབ་མས་སེམས་བརྙེད་པའམ་སེམས་གང་ཡིན་པ་ངོ་འཕྲོད་ནས་གནས་ལུགས་ཀྱི་དོན་གང་ཡིན་པ་དེ་ཇི་བཞིན་པར་རྟོགས་པའི་གདེང་འཇོག་བྱེད་ཅིང་དུས་དེ་ནས་བཟུང་སློབ་མས་གནས་ལུགས་ཀྱི་ངང་ལ་རྒྱུན་སྐྱོང་དགོས་ཀྱི་ཡོད་པ་རེད། གནས་ཚུལ་འདི་འདྲ་ཞིག་གི་འོག་ནས་སློབ་བུས་རང་གི་རྩ་བའི་བླ་མ་ལ་དུས་རྒྱུན་པར་དད་པ་གསུམ་གྱིས་དྲངས་བའི་གསོལ་བ་ཕུར་ཚུགས་སུ་བཏབ་ནས་རང་རིག་པའི་ཡེ་ཤེས་འཆར་བར་མཛད་དུ་གསོལ་ལོ་ཞེས་བྱིན་རླབས་ཞུ་བའི་གསོལ་འདེབས་དང་སྒོམ་རིམ་དག་ལ་བླ་མའི་རྣལ་འབྱོར་འདོན་པའམ་བླ་མའི་རྣལ་འབྱོར་སྒོམ་པ་ཞེས་སུ་བརྗོད་དགོས་པར་སེམས་སོ། མདོ་ལུགས་དང་སྔགས་ལུགས་རང་ཁ་མ་ལ་སེམས་ངོ་སྤྲོད་པའི་ལུགས་སྲོལ་ཁྱད་པར་ཅན་འདི་དེ་ཙམ་དར་སྲོལ་མེད་པར་སྙམ། བྱིན་རླབས་ཀྱི་གོ་དོན་ནི་་བྱིན་ནི་ནམ་མཁའ་ལྟ་བུ་ལ་རླབས་ནི་སྤྲིན་སྤུངས་ལྟ་བུའོ་གསུངས་ཡོད། རྣལ་འབྱོར་གྱི་གོ་དོན་ནི་་་རྣལ་མ་ནི་གནས་ལུགས་ལ་གོ་དགོས་ཅིང་འབྱོར་བ་ནི་དེ་ཉིད་ཐོབ་པའམ་གནས་ལུགས་ཀྱི་དོན་རྟོགས་པའི་དོན་ཡིན་ནམ་སྙམ་མོ། འདི་ལྟར་ཉམས་སུ་ལེན་པ་པོའི་གང་ཟག་དེ་ལ་་རྣལ་འབྱོར་བ་་ཞེས་སུ་བརྗོད་དགོས་པར་སེམས་སོ། །
བོན་པོ་ལགས་ཀྱིས་ཡག་པོ་གསུངས་འདུག སེམས་རྙེད་པ་ལ་དཔྱད་པ་བཏངས་ནས་རྙེད་དམ་ཡང་ན་བླ་མའི་རྣལ་འབྱོར་རྩེ་གཅིག་ཏུ་ཉམས་ལེན་བྱས་པ་ལས་རྙེད། །
མདོ་ལས། གང་གིས་ཚིག་བཅད་གཅིག་ཉན་པ། །
དེ་ནི་བླ་མར་མི་འཛིན་ན། །
ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །
སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་ཡོད་ཀྱང་ནུབ་ཕྱོགས་པ་ཚོ་སྐྲག་འགྲོ་བས་ངས་འདིར་བཀོད་མེད།
བྱིན་གྱིས་རླབས། བྱིན་ནི་བླ་མའི་གཟི་བྱིན་ནམ། ཐུགས་རྗེ། རླབས་ནི། ཐོབ་པའམ་འཇུག་པ། བློ་ཁ་བསྒྱུར་བ་སོགས་ཀྱི་དོན་དུ་གོ་ཞེས་ཁོ་བོའི་བླ་མས་གསུངས་པ་ཐོས། རྫོགས་ཆེན་གྱི་ལྟ་བ་བླ་མེད་ཐེག་པའི་དགོངས་པ་དང་གཅིག་པ་ཡིན་དགོས། ཁྱད་པར་དུ་དབང་བཞི་བ་ངོ་འཕྲོད་ན་སེམས་ངོ་འཕྲོད་པ་དང་གཅིག་མཚུངས་རེད་སྙམ། རྩ་རླུང་ཐིག་ལེ་ཉམས་ལེན་ནི་བླ་མེད་རྒྱུད་ཀྱི་ནང་ཚན་མ་རྒྱུད་ཡིན་དགོས་སྙམ། དེའི་ཕྱིར་རྫོགས་ཆེན་ནི་སྔགས་ལས་ལོགས་ན་མེད་སྙམ། །
བླ་མའི་རྣལ་འབྱོར་ཞེས་པ་ནི་དོན་དམ་པའི་བླ་མ་དང་ཀུན་རྫོབ་གྱི་བླ་མ་གཉིས་དབྱེར་མ་མཆེས་པ་ཤེས་ཐུབ་ནི་བླ་མ་ལ་མོས་གུས་དང་ལྡན་པ་ཞེག་ལ་ཟེར། དོན་དམ་གྱི་བླ་མ་འདི་རང་གི་སེམས་རྒྱུད་ལ་ཡོད་རེད།
དོན་དམ་གྱི་བླ་མ་རང་གི་སེམས་རྒྱུད་ལ་ཡོད་པ་དེ་ཡང་ཀུན་རྫུབ་བརྡ་ཐབས་ཀྱི་བླ་མ་ལ་མ་བསྟེན་པར་ཡོང་གི་མེད་དུས།
ཀུན་རྫོབ་བརྡ་ཐབས་ཀྱི་བླ་མ་ལ་བསྟེན་ནས་དོན་དམ་གྱི་བླ་མ་ངོ་འཕྲོད་པ་ཞིག་ལ་བླ་མའི་རྣལ་འབྱོར་ཟེར།
བླ་མའི་རྣལ་འབྱོར་ཞེས་པ་ནི་དོན་དམ་པའི་བླ་མ་དང་ཀུན་རྫོབ་གྱི་བླ་མ་གཉིས་དབྱེར་མ་མཆེས་པ་ཤེས་ཐུབ་ནི་བླ་མ་ལ་མོས་གུས་དང་ལྡན་པ་ཞེག་ལ་ཟེར། དོན་དམ་གྱི་བླ་མ་འདི་རང་གི་སེམས་རྒྱུད་ལ་ཡོད་རེད།
དོན་དམ་གྱི་བླ་མ་རང་གི་སེམས་རྒྱུད་ལ་ཡོད་པ་དེ་ཡང་ཀུན་རྫུབ་བརྡ་ཐབས་ཀྱི་བླ་མ་ལ་མ་བསྟེན་པར་ཡོང་གི་མེད་དུས།
ཀུན་རྫོབ་བརྡ་ཐབས་ཀྱི་བླ་མ་ལ་བསྟེན་ནས་དོན་དམ་གྱི་བླ་མ་ངོ་འཕྲོད་པ་ཞིག་ལ་བླ་མའི་རྣལ་འབྱོར་ཟེར།
བླ་མས་ཅི་གསུངས་བཀའ་སྒྲུབ་ཀྱི་ལྟ་གྲུབ་རིང་ལུགས་འདི་རྒྱ་གར་གྱི་ཧིན་དྷིའི་གནའ་བོའི་རིག་གཞུང་ཞིག་རེད། དཔེར་ན་བྲམ་ཟེ་མུ་སྟེགས་པའི་ལུགས་ལ་སྐྱ་སེང་གི་བུ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་གཡུལ་འཁྲུགས་པའི་དུས་སུ་སྲིད་སྒྲུབ་ཀྱིས་ཁྱབ་འཇུག་གི་ཅི་གསུངས་དང་དུ་བླངས་ནས་རང་གི་སྤུན་ཉེ་མང་པོ་བསད་ཀྱང་ལས་ཀྱི་སྒྲིབ་པས་མ་གོས་པ་མ་ཟད་དགེ་བའི་ཚོགས་རྒྱ་ཆེན་པོ་རྫོགས་ཚུལ་རྒྱས་པར་ཡོད་པ་དེ་ལྟ་བུ་རེད། ཕྱིས་སུ་བྱུང་བའི་སིག་གི་ལུགས་ལ་ཡང་གུ་རུ་ན་ནག་གིས་སློབ་མ་ཉམ་སད་པའི་ཆེད་དུ་སྲོག་གི་ཚོད་ལྟ་བྱས་ཚུལ་ཡོད། སངས་རྒྱས་པའི་སྔགས་ལུགས་ལ་ཡང་འདི་གལ་ཆེན་པོར་བརྩི། འདི་ལ་ལྟ་གྲུབ་གཉིས་འདུས་ཡོད། གཅིག་ནི་བཟང་ཕྱོགས་སྟེ་མི་དང་མིའི་བར་གྱི་ཡིད་ཆེས་མཛའ་མཐུན་གྱི་མཐར་སོན་པས་བླ་མའི་རྣལ་འབྱོར་འདི་བྱུང་ལ། ངན་ཕྱོགས་ནས་ནི་སྒེར་གཅོད་རིང་ལུགས་དང་མི་སྒེར་གྱི་མོག་ལུས་སྲོག་གསུམ་གྱི་དབང་ཆ་མི་ལག་ལ་ཤོར་བའི་མགོ་འདོགས་རིང་ལུགས་ཀྱི་བྱ་སྤྱོད་ལས་བྱུང་བ་ཡིན། དེང་དུས་སུ་རང་རེས་ལྟ་གྲུབ་འདི་གཟབ་ནན་མ་བྱས་ན་ཉེན་ཁ་ཆེན་པོ་ཡིན།
སྡིག་པ་འདག་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བསྡུས་ཀྱི་སྟངས་ནས་ཡིག་བརྒྱ་གསོག་པ་དང་། དངོས་གྲུབ་འཐོབ་པར་འདོད་པ་རྣམས་ཀྱིས་བླ་མའི་རྣལ་འབྱོར་སྒོམ་པ་ནི་མེད་དུ་མི་རུང་བའི་ཆེས་ཟབ་གནད་གཉིས་ཡིན་པས་གཞུང་ཕལ་མོ་ཆེར་འདིའི་གཉིས་ཀྱི་སྐོར་འགྲེལ་བ་མང་བར་མ་ཟད་ཆོ་ག་དག་ན་ཡང་འདི་གཉིས་སྐོར་གལ་ཆེར་བཟུང་ནས་གསུངས་ཡོད།
ཡིན་ན་ཡང་འདི་གཉིས་ཆོ་གའི་དངོས་གཞི་ལ་མི་རྩིས།
སངས་རྒྱས་ཀྱི་འཕྲིན་ལས་ཉི་མའི་འོད་པོ་ཆེ་བླ་མའི་ཐུགས་རྒྱུད་ཀྱི་དྲི་མ་མེད་པའི་མེ་ཤེལ་ལ་འཕྲོས་པ་དང་བླ་མའི་བྱིན་རླབས་སློབ་མའི་དད་མོས་ཀྱིས་དྲངས་ཏེ་སློབ་མའི་རྒྱུད་ཀྱི་སྡིག་སྒྲིབ་ཀྱི་རས་བལ་ལ་ཕོག་པས་བླ་མའི་རྣལ་འབྱོར་གྱིས་སྟོབས་ཀྱིས་སྡིག་སྒྲིབ་སྐད་ཅིག་ལ་བསྲེགས་པར་བྱེད་པའོ།།
ཉི་མའི་འོད་རླབས་ཇི་ལྟར་ཚ་ན་ཡང་རས་བལ་བསྲེགས་མི་ཐུབ།
མེ་ཤེལ་ལ་བརྟེན་ནས་རས་བལ་བསྲེགས་ནུས་པ་དངོས་ཡོད་ཡིན།
སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན། ཡིན་ན་ཡང་།
སངས་རྒྱས་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་ན་ཡང་ང་ཚོའི་ཉོན་མོངས་འདུལ་མི་ཐུལ།
བླ་མའི་བྱིན་རླབས་འཇུག་པ་ལས་ང་ཚོའི་ཉོན་མོངས་སྤོང་བའི་ཐབ་མཆོག་བདེ་ལེགས་ངང་རྙེད་པའོ།
སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག།
བླ་མ་བྱ་བའི་གོང་རིམ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།།
གཞུང་དག་ན་བླ་མའི་རྣལ་འབྱོར་འཆད་སྐབས་ས་བཅད་བརྒྱད་ཀྱི་སྒོ་ནས་གསུངས་ཡོད།
ང་ལ་ཁོམ་པོ་མེད་པས་རྗེས་སུ་གོ་སྐབས་ཡོད་དུས་གླེང་ཆོག ན་རོ་ཏེ་ལོ་དང་ནག་པོ་སྤྱོད་པའི་གཞུང་དག་ནས་བླ་མའི་རྣལ་འབྱོར་གྱི་སྐོར་མང་ཙམ་མཐོང་། རྣམ་པ་ཚོས་གཟིགས་རོགས
རྒན་ལ་དྭགས་པ་ལགས།
ཐུགས་རྗེ་ཆེ། དག་ཡིག་ཕལ་མོ་ཆེར།
བསྩལ། སྩོལ། བསྩལད། སྩོལ། ལྟ་བུ་འཁོད་འདུག ཟ་མ་ཏོག་ལྟར་བགྱིས་ན། ཚིག་འདིའི་དུས་གསུམ་ཇི་ལྟར་འབྲི་དགོས་སམ།
བླ་མའི་རྣལ་འབྱོར་གྱི་དོན་ལམ་རིམ་ཟིན་བྲིས་ན་འདི་འདྲ་ཞིག་བཀོད་འདུག
བླ་མའི་རྣལ་འབྱོར་ཟེར་བ་ཡང་བླ་མ་སངས་རྒྱས་ཡིན་པ་ལུང་རིགས་ཀྱིས་བསྒྲུབས་ནས་བླ་མ་སངས་རྒྱས་ཡིན་པ་དངོས་སུ་ཐག་ཆོད་པ་ན་ལྷ་གང་སྒོམ་ཡང་ངོ་བོ་རང་གི་བླ་མ་དེ་ཡིན་པ་ལ་རྣམ་པ་ཡི་དམ་དང་། ལྷག་པའི་ལྷ་དེ་དང་དེ་སྒོམ་པ་ལ་བྱེད་པ་ཡིན།
དེ་ལྟར་མི་པར་རང་གི་བླ་མ་ཐ་མལ་པར་ལུས་ཏེ་མདུན་དུ་ལྷ་ཅིག་བསྒོམས་ནས་བླ་མའི་རྣལ་འབྱོར་ཡིན་ཟེར་བ་ནི་བླ་མའི་རྣལ་འབྱོར་བསྒོམ་པའི་ཕྱོགས་སུ་མི་འགྲོ་གསུངས་སོ།
མིན་པར་
བཅོས་
ངས་གོང་དུ་༡༨་དཔེ་བཀོད་པའི་ཁུངས་ནི་ས་པཎ་གྱིས།
ཉི་མའི་འོད་ཟེར་རབ་ཚ་ཡང་།། མེ་ཤེལ་མེད་པར་མ་མི་འབྱིན།། དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་།། བླ་མ་མེད་པར་འཇུག་མི་ནུས།།
འདི་ལ་བསྟེན་པ་ཡིན།
དེ་འདྲ་བ་ཞི་རྒྱལ་བ་རྒོད་ཚང་བའི་སློབ་མ་ཟླ་འོད་རིན་ཆེན་གྱིས་ཀྱང་།
བར་གྱི་སྒྲིབ་པ་དག་པ་ན།། ཁྲི་གདུགས་ཉི་མའི་ནུས་པ་དེ།། མེ་ཤེལ་དྭངས་པའི་རྟེན་འབྲེལ་གྱིས།། བུད་ཤིང་སྟེང་དུ་ཕབས་པ་ཡིན།། ཐ་མལ་སྐྱོན་རྟོག་དག་པ་ན།། ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དེ།། མཚན་ལྡན་བླ་མའི་རྟེན་འབྲེལ་གྱིས།། སློབ་མའི་རྒྱུད་ལ་ཕེབས་པ་ཡིན།།
ཟེར།
ངག་ཐོག་ནས་བྲིས་པ་ཡིན་པས་དག་མིན་མ་ཤེས།
ཡིག་ནོར་འགའ་ཤས་ཀྱང་ཡོད་འདུག་
ཕེབས་པ་ཡིན
མེ་མི་འབྱིན།
འདྲ་བ་ཞིག
བཅོས་
བླ་མའི་རྣལ་འབྱོར་ཞེས་པ་དེ་མདོར་བསྡུས་ནས་བཤད་པ་ཡིན་ན་སློབ་མའི་ཉམས་ལེན་ཞིག་ཡིན།། སློབ་མའི་ཉམས་ལེན་དེ་ཇི་ལྟར་བྱ་དགོས་སམ་ཞེ་ན། བླ་མ་སངས་རྒྱས་བླ་མ་དངོས། དེ་བཞིན་བླ་མ་དགེ་འདུན་དེ། ཀུན་གྱི་བྱེད་པོ་བླ་མ་ཉིད། བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་པ་དེ་ཉིད་ཚུལ་བཞིན་ཉམས་སུ་ལེན་དགོས་པ་དང་གཞན་ཡང་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། བླ་མའི་བྱིན་་རླབས་སེམས་ལ་འཇུག་པར་ཤོག། ཞེས་པ་དེ་ཡིན།། །། སློབ་མའི་ངོས་ནས་བླ་བ་དེ་ཉིད་སྐྱབས་གནས་གསུམ་པོ་དངོས་ཡིན་བསམ་དགོས་པ་དང་བླ་མ་དེས་སྤྱོད་ལམ་ཅི་དང་ཅི་མཛད་པ་ཡིན་ན་ཡང་དད་པ་དང་མོས་གུས་སེམས་གཏིང་ནས་བྱ་དགོས་ཞེས་པ་དེ་རེད།། །།
སེང་ཕྲུག་ངར་མ་ལགས། བླ་མ་སངས་རྒྱས་བླ་མ་༼དངོས༽ བླ་མ་ཆོས་མིན་ནམ། །
བདག་ཉིད་ཆེན་པོ་ཞི་བ་ལྷས།
དེ་བས་སེམས་ཅན་ལོངས་སྤྱད་ཕྱིར།
དགེ་བའི་བཤེས་གཉེན་མི་གཏོང་ཞིང་།
མདོ་སྡེ་དག་ལ་རྟག་བལྟ་བས། ཅེས་གསུངས་སོ།
དེས་ན་གཅེས་པོ་སེམས་ཅན་ཅན་ཐམས་ཅད་ཀྱི་དོན་དུ་ཅན་པོ་མེད་ན་ཆོ་ཅིག་མི་འདུག་ག
བརྩེ་བ་མེད་པའི་གོང་རོལ་ན་སངས་རྒྱས་བྱ་བའི་མིང་ནང་པའི་གཞུང་ལུགས་ནང་ནས་མི་རྙེད་པ་འདྲ་མོ་ཡིན།
སེམས་ཅན་ལ་དགྲ་བསོག་ནས་དམྱལ་བར་སྐྱེ་ཀྱིན་ཡོད། སེམས་ཅན་ལ་ཕན་པ་སྒྲུབ་ནས་བསོད་ནམས་ཀྱི་ཚོགས་རྫོགས་དགོས་ཀྱིན་ཡོད། ཆེན་པོའི་རྣལ་འབྱོར་ཟེར་ཚད་པོ་འདིའི་ཐབས་ཙམ་རེད།
དཔེར་ན་བླ་མའི་རྣལ་འབྱོར་ཟེར་ན་བོད་ཀྱི་སྲིད་སྐྱོང་གི་རྐུབ་བཀྱག་ལྟ་བུ། སྟེང་འདུག་དུས་བོད་དོན་དུ་འདུག་དགོས། བོད་དོན་དང་འབྲེལ་བ་མེད་པར་རྐུབ་བཀྱག་སྟེང་བསྡད་ན་ཆོ་ཡོད་པ་མ་རེད། འགྲོ་ལ་བརྩེ་བ་མེད་པའི་བླ་མའི་རྣལ་འབྱོར་བྱུང་ན་ཐམས་ཅད་དེ་འདྲ་རེད།
མ་མཐར་ཡང་སེམས་ཅན་བློས་མི་གཏོང་ཞིང་དེའི་ཆེད་དུ་སྲོག་ལ་ཡང་ཅི་སྙམ་པའི་བླ་མར་མོས་གུས་ཤུགས་དྲག་བྱ་དགོས་པ་དེ་རྩ་དོན་རེད།
འདི་འདྲ་བྱུང་ན་ཁ་ཆེ་ལ་ཡོད་ན་འདྲ་ཧིན་རྡི་ལ་མེད་ནའང་འདྲ་ཡག་པོ་རེད། གང་ལྟར་ཡང་བརྩེ་བའི་ཆོས་སུ་གྱུར་པ་རེད།
རྣམ་པ་ཚོས་བྲིས་པའི་བླ་མའི་རྣལ་འབྱོར་ལ་ཅིག་ཆད་པ་ལྟ་བུར་མཐོང་སོང་ཕལ་ཆེར་བྱམས་སྙིང་རྗེ་ཟེར་ཡ་འདི་མིན་འགྲོ།
བསམ་ཤེས་མཆོག་དང་གཞན་བོད་ཀྱི་རིག་གཞུང་སྐད་ལ་གཅེས་པ་རྣམས་ལ།
བསྩལ། སྩོལ། བསྩལད། སྩོལ། ལྟ་བུ་འཁོད་འདུག
ཟ་མ་ཏོག་ལྟར་བགྱིས་ན། ཚིག་འདིའི་དུས་གསུམ་ཇི་ལྟར་འབྲི་དགོས་སམ།
འདི་ལ་ལན་འདི་ལྟར་ཡིན་ཏེ།
་
གཞན་ཡང་བས་འཕུལ་ཅན་ཕལ་ཆེར།
འདས་ལ་བས་འཕལ་འཕུལ་ཡང་འཇུག་ཡོད།
མ་འོངས་འཕུལ་ཡོད་ཡང་འཇུག་མེད།
སྐུལ་ཚིག་འཕུལ་མེད་ཡང་ཡང་འཇུག་ཡོད།
ད་ལྟ་བ་ལ་གཉིས་ཀ་མེད།
་
ཅེས་པ་ལྟ་བུ་ཞིག་བློ་འཛིན་བྱས་པ་ཡིད་དུ་འདུག འདིའི་ནང་གི་ཕལ་ཆེར་ཞེས་པས་བས་འཕུལ་ཡིན་ནོ་ཅོག་ལ་དེ་ལྟར་མི་ཆོག་པར་དབྱངས་གྲུབ་པའི་རྗེས་གསུངས་པ་ལྟར་ན།
ད་ལྟ་འདས་མ་འོངས་སྐུལ་ཚིག་རིམ་པ་བཞིན་དུ།
སྩོལ་ སྩལད་ སྩལ་ སྩོལད། ཅེས་པ་བོད་ཀྱི་རིག་གཞུང་དཔེ་ཆ་ཀུན་དང་མཐུན། ཟ་མ་ཏོག་ཏུ། སྩལ་ཏོ་གྱུར་ཏོ་ཕྱིན་ཏོ་སོགས། ཞེས་པས་འདས་ཚིག་བསྟན། གཞན་ཡང་། བཀའ་སྩལ་པ་དང་དངོས་གྲུབ་སྩལ། དངོས་གྲུབ་སྩོལ་དང་སྩལ་དུ་གསོལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས། །ཞེས་པས་དུས་གསུམ་སྐུལ་ཚིག་བཅས་བསྟན་ཏོ།
རྟ་བདུན་དབང་པོ་ལགས་བླ་མ་ཆོས་ཀྱང་ལོས་ཡིན།། ཁྱེད་རང་གིས་ཡག་པོ་གཟིགས་དང་ངས་ངའི་འོག་ཏུ་མ་དེ་དཀོན་མཆོག་གསུམ་དངོས་ཡིན་བསམ་དགོས་རེད་ཞེས་ཁ་གསལ་བོར་བྲིས་ཡོད།།
བླ་ཆད་འདུག་དགོངས་དག
སེང་ཕྲུག་ལགས། ངས་ཞུས་པ་དེ། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་དེ། ཀུན་གྱི་བྱེད་པོ་བླ་མ་ཉིད། ཟེར་བའི་ཚིག་འདི་ཡོངས་གྲགས་རེད། དངོས་ཟེར་ན་ཚིག་དེ་ནོར་བ་རེད་ཅེས་ཞུས་པ་ཡིན། དེ་མིན་ཡག་པོ་འདུག །