དོལ་སྨྱོན།
སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནི་སྨན་རྩིས་མཐོ་སློབ་ཀྱི་སྐབས་ལྔ་པའི་གྲས་སུ་སློབ་མཐར་ཕྱིན་ཅིང་། དེ་ནས་འགྲོ་ལུགས་བཞིན་ཉམས་གསོག་ལོ་གཅིག་དང་དེ་རྗེས་སྒོ་བསྟེན་སྨན་པའི་ཕྱག་ལས་མུ་མཐུད་གནང་བ་དང་། ལྷག་པར་དུ་ལོ་ཤས་༼འདིར་ལོ་ཚིགས་གསལ་པོར་མ་དྲན་༽རིང་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་ཕྱག་ལས་གནང་ཡོད། དེང་སྐབས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ Bangalore གྲོང་ཁྱེར་ནང་ཉམ་ཐག་ནད་པའི་དོན་བྱེད་བཞིན་པ་ཡིན།
ཁོང་ནི་སྨན་རྩིས་ཁང་གི་སྨན་པ་ཅུང་རྒན་པའི་གྲས་སུ་གཏོགས་ཤིང་། ནད་པ་གསོ་སྐྱོང་གི་ཐད་མཚན་སྙན་ཡང་གང་ཙམ་ལྡན་ཡོད་ལ། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་ནང་ཁོང་ལ་མཚན་སྙན་ལྷག་ཏུ་ཆེ། དབྱིན་ཡིག་གི་ཤེས་ཚད་ཀྱང་གང་ཙམ་ལྡན་ཡོད་པས་ཕྱི་ལུགས་སྨན་གྱི་འགྲོ་སྟངས་ཐད་ལ་རྒྱུས་མངའ་ཅུང་ལྡན་ཞིང་། ཕྱི་ལུགས་ཀྱི་ནད་པའི་ཡིག་ཆ་ Report དག་བལྟ་ཀློག་བྱེད་པ་ལ་རྒྱུས་མངའ་ཤིན་ཏུ་ཆེ།
ཁོང་ནི་སྤྱིར་བོད་ལུགས་སྨན་པ་དག་གི་འགྲོ་སྟངས་བཞིན་འཇོན་རུང་མ་འཇོན་རུང་སྤྱི་གཙུག་མན་ཆད་དང་རྐང་མཐིལ་ཡན་ཆད་ཀྱི་ནད་ཡོད་ཚད་ལ་ཁ་གཏད་གཅོག་མཁན་ཞིག་གི་གྲས་སུ་ཡོད་པ་སྨོས་མེད་ཐོག ཡུལ་དུས་ཀྱི་གནས་སྟངས་ཤིག་གམ་རང་གི་དགའ་ཕྱོགས་ཤིག་གིས་ཡིན་པ་ཆ་མ་འཚལ་མོད། གང་ལྟར་དེང་སྐབས་ཁོང་ནི་འབྲས་ནད་དམ་ཀན་སར་ Cancer ཞེས་ཡ་ང་ཞིང་འཇིགས་སུ་རུང་བའི་ནད་གཞི་འདིའི་ཐོག་ལ་དོ་སྣང་དང་སྨན་བཅོས་ཀྱི་ཕྱག་ལས་གནང་མུས་ཡིན་པ་མ་ཟད། དེའི་ཕྱོགས་ལ་འབུར་དུ་ཐོན་པའི་མཛད་རྗེས་ཀྱང་གང་ཙམ་བཞག་གནང་འདུག
དེ་ཡང་ནམ་རྒྱུན་ཁོང་གི་ཕྱག་ལས་གནང་ས་གཙོ་བོ་བྷེང་ལོར་ Bangalore ཡན་ལག་སྨན་ཁང་ནང་ཡིན་རུང་། ཟླ་བ་རེ་རེ་བཞིན་དུ་ཀེ་ར་ལ་ Kerala ཞེས་པའི་གྲོང་སྡེར་སྨན་སྐོར་ལ་ཕེབས་པ་མ་ཟད། འདི་ག་ཅེ་ནའི་ Chennia ཡན་ལག་སྨན་ཁང་དུའང་ཟླ་བ་གཉིས་རེའི་ནང་ཐེངས་རེར་སྨན་སྐོར་ལ་ཕེབས་བཞིན་འདུག འདིར་ཉིན་གཉིས་ཀྱི་རིང་ལ་བཞུགས་ཀྱི་ཡོད་པ་དང་། ཉིན་གཉིས་ཀྱི་རིང་ལ་ནད་པ་དགུ་བཅུ་ལྷག་ཙམ་གཟིགས་ཀྱི་ཡོད་པ་མ་ཚད། ནད་པ་དེ་དག་ཐམས་ཅད་ཀྱང་འབྲས་ནད་ Cancer རྐྱང་རྐྱང་ལས་གཞན་པ་དག་ལ་གཟིགས་རྒྱུའི་དུས་ཚོད་དང་གོ་སྐབས་མི་འདུག
སྤྱིར་ཁོང་གི་ཐོག་ལ་རྒྱུས་མངའ་དང་གོ་ཐོས་ཅུང་ཟད་སྔར་ནས་ཡོད་མོད། ད་ཐེངས་ཁོང་དང་མཉམ་དུ་ནད་པ་བལྟ་བའི་ཉམས་མྱོང་གསོག་སྐལ་བྱུང་བར་ཤིན་ཏུ་ནས་བློ་བ་དགའ་ཞིང་། ད་དུང་ནད་བཅོས་ཉམས་ཞིབ་སོགས་གསོ་རིག་བྱིངས་དང་འབྲེལ་བའི་དྲི་བ་འགའ་ཞིག་ཀྱང་རང་ངོས་ནས་གོ་སྐབས་དམ་འཛིན་གྱིས་གྲ་སྒྲིག་བྱས་མོད། དུས་ཚོད་འཐུང་བ་དང་ནད་པ་མང་བའི་རྐྱེན་གྱིས་གོ་སྐབས་མ་བྱུང་བར་ཤིན་ཏུ་ཕངས།
དེ་ཡང་སྨན་པ་ལགས་སུ་བསྟེན་གཏུགས་བྱེད་མཁན་ཀན་སར་ནད་པ་དག་ལས། བརྒྱ་ཆ་བརྒྱད་ཅུ་ཙམ་ནི་ཕྱི་ལུགས་ཀྱི་བཤག་བཅོས་དང་། དེ་བཞིན་༼ཀེ་མོ་ཐེ་ར་པི་༽དང་མོ ༼རེ་ཌི་ཡེ་ཤེན་ཐེ་ར་པི་༽ཆ་ཚང་ངམ། ཡང་ན་གཅིག་ནས་གཉིས་བར་བྱས་རུང་ཕན་སྐྱེད་མ་བྱུང་བར་འུ་ཐུག་ཐབས་ཟད་ཀྱིས་ཡོང་བ་དང་། བརྒྱ་ཆ་བཅུ་ཙམ་ནི་གོང་གསལ་སྨན་དཔྱད་ཀྱིས་ལེགས་པར་ཕན་ཅིང་གནས་སྐབས་འབྲས་ནད་གཙང་སེལ་བྱུང་རུང་སླར་མི་ལྡང་བའི་ཆེད་དུ་ཡོང་བ་དང་། ཡང་བརྒྱ་ཆ་ལྔ་ཙམ་ནི་འབྲས་ནད་ཁྱབ་ཆེ་ཆུང་ཇི་ལྟར་ཡང་བོད་སྨན་ཁོ་ན་ལས་གཞན་ལ་སྐྱབས་སུ་མི་རེ་བའི་ཐོག་ནས་ཡོང་བ་ཡིན་འདུག
སྨན་པ་ལགས་ནས་ཀན་སར་ནད་པ་དག་ལ་དངོས་སུ་ནད་བཅོས་བྱེད་དུས་ཐབས་ལམ་གཉིས་སུ་དབྱེ་བ་སྟེ། ཟུང་འབྲེལ་སྨན་བཅོས་སམ་རོགས་འདེགས་སྨན་བཅོས་དང་། དངོས་གཞིའི་སྨན་བཅོས་ཏེ་ཐབས་ལམ་གཉིས་ཀྱི་སྒོ་ནས་གནང་བཞིན་འདུག དང་པོ་ནི་ནད་པ་དེ་ཉིད་ཕྱི་ལུགས་ཀྱི་བཤག་བཅོས་དང་ཀེ་མོ་སོགས་ཀན་སར་གྱི་གཉེན་པོ་མང་དུ་བསྟེན་ནས་ལུས་ཟུངས་ཉམས་ཤིང་ཟད་པ་དག་ལ། ཐོག་མར་ཀན་སར་གྱི་དངོས་གཞིའི་གཉེན་པོ་མི་གཏོང་བར་ནད་པ་དེའི་ཟུངས་གསོ་བ་དང་སྟོབས་སྐྱེད་པའི་ཐབས་ལམ་གཙོ་བོར་བྱེད་པ་ཞིག་ཡིན་འདུག དེ་མིན་ལུས་ཟུངས་ཤིན་ཏུ་ཞན་པ་དང་ཀེ་མོ་སོགས་བྱེད་བཞིན་པའི་དུས་སུ་བོད་སྨན་གྱི་ནུས་པ་ཐོན་ཁག་པོ་ཡིན་པ་དང་དེས་ནད་ཀྱི་གཉེན་པོར་འགྱུར་མི་ཐུབ་པར་ངོས་འཛིན་གནང་གི་འདུག
དངོས་གཞིའི་སྨན་བཅོས་ནི། ནད་པ་དེ་ཉིད་གོང་གསལ་ཀེ་མོ་སོགས་བཏང་ཟིན་ཏེ་ཟླ་ཤས་ཕྱིན་པ་དང་ལུས་ཟུངས་གང་ཙམ་ལྡན་པའི་ཐོག གཞི་ནས་ཀན་སར་དངོས་གཞིའི་གཉེན་པོ་གང་ལ་དེས་འཚམ་གྱི་སྒོ་ནས་གཏོང་གིན་འདུག ཁོང་གིས་ཀན་སར་ནད་པར་སྨན་བཅོས་གནང་བའི་ནང་ནས་ལུས་ཟུངས་བདེ་ཐང་ཡིན་པའི་ནད་པ་ཤིན་ཏུ་མང་པོ་འདུག་ལ། ༼འདི་དག་སངས་དྲག་ལ་ཕྱིན་མེད།༽ སངས་དྲག་ལ་ཕྱིན་པའི་ནད་པའང་རེ་ཟུང་འདུག
གང་ལྟར་བོད་སྨན་འདིས་ཀན་སར་ནད་གཞི་སེང་དྲག་ལ་གཏོང་བ་ཉུང་ཙམ་ཡིན་རུང་། ཕྱི་ལུགས་སྨན་པས་འཆི་བའི་དུས་ཚེས་བཀག་པའི་ནད་པ་མང་པོ་ཞིག་ད་དུང་ཡང་བོད་སྨན་གྱི་ནུས་པས་བདེ་ཐང་ངང་དུ་འཚོ་བཞིན་འདུག་ལ། ནད་ཀྱི་ཟུག་རྔུ་འཇོམས་པ་དང་ལུས་ཟུངས་བདེ་ཐང་ལ་འཇོག་པའི་ནུས་པ་ཡོད་པ་ནི་མངོན་སུམ་རེད་འདུག དེའི་རྐྱེན་གྱིས་བོད་སྨན་ཁ་ཟས་ལྟར་ཟ་བའི་རྒྱ་གར་བ་དག་བོད་སྨན་ལ་ཤིན་ཏུ་དགའ་ཞེན་ཆེ་ཞིང་ལྷག་པར་དུ་སྨན་པ་ཁོང་ལ་ལྷ་ལྟར་བརྩི་མཁན་ཡང་མང་པོ་འདུག
སྨན་པ་ལགས་ནས་ད་བར་དུ་ཀན་སར་ནད་པ་ཇི་སྙེད་ཅིག་ལ་སྨན་བཅོས་བྱས་པའི་ཚད་གཞིའི་ཁ་གྲངས་དང་། ནད་པ་དག་གི་ཡིག་ཆ་ Report དག་ཟུར་གཉར་གྱིས་ཉམས་ཞིབ་བྱེད་པ། དེ་དག་གི་ཁྲོད་ནས་ཕན་འབྲས་བྱུང་བ་གཙང་སེལ་སོང་བ་ཕན་འབྲས་མེད་པ་སོགས་ཀྱི་གནས་ཚུལ་ཕྲ་ཞིབ་ཉར་འཇོག་བྱས་འདུག་མོད། ཕྲན་རང་གི་བསམ་ཚུལ་ལྟར་ན་སྨན་པ་ཁོང་ནི་དབྱིན་ཡིག་གི་ཆུ་ཚད་ཅུང་ལྡན་པ་མ་ཟད། ཕྱི་ལུགས་སྨན་གྱི་འགྲོ་སྟངས་ལའང་རྒྱུས་མངའ་ཅུང་ཡོད་རབས་སྣང་བས། དེས་ན་ནད་དེ་དག་ལ་ཕྱི་ལུགས་ཀྱི་ངོས་འཛིན་དང་སྨན་དཔྱད་བསྟེན་ཚུལ། དེ་དག་གི་ཕན་གནོད་ཇི་ལྟར་ལྡན་ལུགས། རང་རེའི་གསོ་རིག་གཞུང་ནས་ངོས་འཛིན་དང་སྨན་བཅོས་བྱེད་སྟངས། དེ་དག་གི་ཕན་ནུས་ཇི་ཡོད་རང་གི་ཉམ་མྱོང་ལ་དཔག་སྟེ་དཔྱད་ཞིབ་ཀྱི་ལམ་དུ་དྲངས་ནས་ཉམས་ཞིབ་ཡིག་ཆ་༼ཚད་ལྡན་༽ཞིག་སྤེལ་ཐུབ་ན་ཅི་མ་རུང་སྙམ།
གང་ལྟར་སྨན་པ་ལགས་ཀྱི་སྐོར་ལ་གོ་ཐོས་ཙམ་ལས་ཕྱི་ནང་གི་གནས་ཚུལ་ཆ་ཚང་བ་ཞིག་མི་ཤེས་པས། ངས་ཁོང་གི་མི་གཞི་དང་གཞུང་ལུགས་ཤེས་ཚད་ཕྱི་ནང་གི་ཀུན་སྤྱོད་སོགས་མང་པོ་ཞིག་ད་དུང་ལྐོག་གྱུར་ཡིན་མོད། གང་ལྟར་ཁོང་དང་ཉིན་གཉིས་ལ་བཤིབས་དུས་ཀྱི་ང་ལ་བཞག་པའི་ཚོར་སྣང་ནི། ནད་བརྟག་པ་དང་གཉེན་པོ་གཏོང་བའི་དུས་སུ་ལྷོད་ཡངས་གཏན་ནས་མི་གནང་བ་དང་། བཅོས་མིན་གྱི་རྣམ་འགྱུར་མཚར་པོ་དེས་ནད་པ་དག་ལ་སེམས་འགུལ་ཐེབས་སུ་འཇུག་པ། ཟས་སྤྱོད་བླང་དོར་གྱི་ལམ་སྟོན་གནད་དུ་སྨིན་པ་རེ་གནང་བ་དག་རེད། འོན་ཀྱང་ཉིན་གཅིག་ལ་སྨན་མཐུན་ཅུང་མང་བ་དང་ད་དུང་སྨན་ཤུགས་ཆེ་བ་དག་མང་ཙམ་གནང་སྲོལ་འདུག་པ་དེས་ནད་པ་རེ་གཉིས་ལ་དཀའ་ངལ་འཕར་མ་ཞིག་ཀྱང་འཕྲད་བཞིན་ཡོད་རབས་འདུག
འདི་ནི་ཉིན་གཉིས་ཀྱི་རིང་ལ་ཁོང་དང་མཉམ་དུ་ཉམས་གསོག་གི་གོ་སྐལ་བྱུང་དུས་ཀྱི་མཐོང་སྣང་དག་ཡིག་ལམ་དུ་ཕབ་པ་ཞིག་ཡིན།།
ཆ་ཚང་ཐེངས་གཅིག་བཀླགས་ཡོད་ཡག་པོ་འདུག། བློ་བ་དགའ་ཡིན་ས་མེད་་་གློ་བ་དགའ་་་འབྲི་དགོས་པར་སེམས། །
ལྷ་རྗེ་དོལ་སྨྱོན་མཆོག་གིས་སྨན་རམས་པ་རྡོ་རྗེ་རབ་བརྟན། བོད་ཀྱི་རིག་གཞུང་གི་ཡན་ལག་གསོ་བ་རིག་པ་རྒྱ་གར་པ་སོགས་ལ་ཡིད་ཆེས་སྐྱེད་པ་ལ་རྟག་སྦྱོར་དང་གུས་སྦྱོར་གྱིས་ངོ་སྤྲོད་མཛད་པ་པོ་ཡིན་པར་ངོ་སྤྲོད་ལེགས་པ་བྱུང་། དེར་མ་ཟད་ཡོངས་གྲགས་ཀྱི་ Cancerལ་བོད་སྐད་དུ། འབྲས་ནད། ཅེས་བོད་ཚིག་གསར་པ་ཞིག་ཀྱང་ཤེས་པར་ཐུགས་རྗེའོ།་
གཞིས་ལུས་སྨན་པ་རྣམས་དང་རིག་གཞུང་ཚན་པ་དག་གིས་cancerལ་སྐྲན་ནད་འབོད་ཀྱི་འདུག་པ་དང་། བཙན་བྱོལ་བོད་མིའི་ཁྲོད་ཀྱི་སྨན་པ་དང་རིག་གཞུང་སྡེ་པ་དག་གིས་འབྲས་ནད་ཅེས་བརྗོད་ཀྱི་འདུག་པས། འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནམ། ཡང་ན་རྒྱུ་མཚན་མ་འདྲ་བ་རེ་བཤད་རྒྱུ་ཡོད་ན། དོན་ལ་གནས་པའི་ཐ་སྙད་སྔ་ཕྱི་གཉིས་ལས་གང་ལ་ངོས་འཛིན་ན་ལེགས་སམ།
འབྲས་ནད་ལ་cancer དང་སྐྲན་ནད་ལ་tumor ཟེར་གྱི་ཡོད་པས་ཡིད་འཇགས་ཞུ།
ཡག་པོ་རྐྱང་རྐྱང་གླེང་འདུག
bonpo ལགས། གུས་པས་་་་བློ་བ་དགའ་་་་ཞེས་པ་ནི་སེམས་པ་དགའ་ཞེས་པའི་དོན་ཡིན་ཁུལ་བྱས་པ་ལགས།
གཞན་ད་དུང་ཡིག་ནོར་འགའ་ཤིག་ཤོར་འདུག་པས་ཡོངས་ལ་དགོངས་སེལ་ཞུའོ།།