ཆབ་ཚང་འཇམ་དཔལ། ༼སྔོན་མའི་འཕྲོས།༽
གཉིས། མི་འབོར་འཕེལ་རྒྱས་དང་ཐོན་ཁུངས་དོ་མཉམ་མིན་པ།
མི་གང་མང་ཞིག་གི་བསམ་བློར་མི་དང༌། སྲོག་ཆགས། སྐྱེ་དངོས་ཀྱི་རིགས་སྐྱེ་འཕེལ་གྱི་གཞི་རྟེན་རུང་བའི་སའི་གོ་ལའི་རྒྱ་ཁྱོན་དེ་མཐའ་དང་མུ་མེད་པ་ཞིག་ཏུ་བསམ་བཞིན་ཡོད་ཀྱང༌། དོན་དངོས་སའི་གོ་ལའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ལྔ་བཅུ་ཙམ་འཇིགས་སུ་རུང་བའི་རྒྱ་མཚོ་དང༌། འཁྱགས་རོམ། རྒྱུགས་ཆུ། མཚོ་དང་མཚེའུ། བྱེ་ཐང་དང༌། བྱེ་སྒང༌། བྱེ་རི། བྱེ་ལུང༌། ཐང་རྒོད། ས་ཞིང༌། བྲག་རི་སོགས་ཀྱིས་ཡོངས་སུ་བཅད་སྟབས། མི་དང༌། སྐམ་གནས་སྲོག་ཆགས། སྐམ་སའི་སྐྱེ་དངོས་རིགས་འཚོ་གནས་དང་སྐྱེ་འཕེལ་གྱི་གཞི་རྟེན་དུ་འོས་པའི་སའི་གོ་ལའི་རྒྱ་ཁྱོན་དེར་ད་ཆར་བརྒྱ་ཆའི་བཞི་བཅུ་ཡས་མས་ཤིག་ལས་ལྷག་མེད།
ས་ཁྱོན་ཧ་ཅང་ཆུང་ཆུང་ཞིག་ཏུ་མི་གྲངས་དུང་ཕྱིར་བདུན་ཅུ་ལྷག་དང༌། སྲོག་ཆགས་དང་སྐྱེ་དངོས་རིགས་འབུམ་གཏེར་མང་པོས་ཁེབས་ནས་ཡོད་པར་མ་ཟད། མིའི་རིགས་ཀྱི་མི་འབོར་གྱི་བརྒྱ་ཆའི་ཞེ་བདུན་ཙམ་གྱི་མི་ཚེ་དང་འཚོ་བའི་མཐུན་རྐྱེན་མང་ཆེ་བ་སྐྱེ་དངོས་དང༌། སྲོག་ཆགས། རང་བྱུང་ཐོན་ཁུངས་བཅས་ལ་མ་བརྟེན་ཐབས་མེད་ཆགས་སྟབས། གཞུང་སྒེར་གྱི་ཁེ་ལས་ཚོགས་པ་དང༌། ཁྱིམ་ཚང༌། མི་སྒེར་སོ་སོས་རང་རང་གི་མིག་སྔའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང༌། དཔལ་འབྱོར་འགྲན་རྩོད། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཆེད་དུ་དུས་རབས་བར་མའི་རྗེས་སྟོད་དང༌། ལྷག་དོན་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ནས་ཨ་རི་དང༌། ཡོ་རོབ། ཉི་ཧོང་སོགས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཕལ་མོ་ཆེར་བཟོ་ལས་གསར་བརྗེ་འབྱུང་འགོ་ཚུགས།
དུས་ཡུན་ཐུང་ངུའི་ནང་ཚན་རིག་དང་བཟོ་ལས་འཕེལ་རྒྱས་ཆེན་པོར་ཕྱིན་སྟབས། སའི་གོ་ལའི་རང་བྱུང་ས་གཤིས་དང༌། བཟོ་དབྱིབས། རང་བྱུང་ཐོན་ཁུངས། གནམ་གཤིས་དྲོ་གྲང༌། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས། གླིང་ཆེན་ནུབ་ངོས། བོད་ཀྱི་རང་བྱུང་འཁྱགས་རོམ་སོགས་ཀྱི་བཞུར་རྒྱུན་གྱི་མགྱོགས་ཚད། སྐྱེ་དངོས་སྐྱེ་འཕེལ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་གྲངས་འབོར། འགྲོ་བ་མིའི་རིགས་ཀྱི་འབྱུང་ཁམས་དང༌། ཚེ་ཐག་རིང་ཐུང༌། གཟུགས་གཞིའི་གནས་བབ་སོགས་ཀྱི་ཐད་ངན་ཕྱོགས་ནས་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང༌།
ལྷག་དོན་འཛམ་གླིང་ཁྱོན་ཡོངས་སུ་ལོ་རེ་ནས་ལོ་རེར་མི་འབོར་འཕེལ་རྒྱས་དང༌། མིའི་རིགས་ཀྱི་དགོས་མཁོ་ཉིན་ཟླ་ལོ་རེར་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཁོང་ཚོས་ཕྱི་སྣོད་ཀྱི་འཇིག་རྟེན་འདིའི་འབྱུང་རྒུད་དང༌། ངེས་མེད་འགུལ་སྐྱོད། འཕོ་འགྱུར། རང་བྱུང་ཐོན་ཁུངས་བཅས་ཀྱི་རྩ་བའི་ཆོས་ཉིད་ཁག་ལ་སྣང་ཆུང་གིས་དུས་ཐོག་ཤེས་རྟོགས་མ་བྱས་པར་མ་ཟད། དེ་དག་དང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང༌། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་བར་གྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཆོས་ཉིད་དག་ལ་དེ་བས་ཀྱང་དབྱེ་ཞིབ་དང་ཤེས་རྟོགས་མ་བྱས་པར་འདོད་ཧམ་གྱིས་བཟོ་གྲྭ་དང༌། སྣུམ་འདྲེན་ལྕགས་དུང༌། གློག་ཁང༌། གྲོང་དང་གྲོང་ཁྱེར། གྲོང་བརྡལ། ལྕགས་ལམ་དང་གཞུང་ལམ། གནམ་ཐང་དང་ཟམ་པ་འཛུགས་སྐྲུན། ཚལ་རིགས་འདྲ་མིན་དང་གྲོ་ནས་སྲན་གསུམ་འདེབས་ལས། གསེར་དངུལ་ཟངས་ལྕགས། རྡོ་སྣུམ། རྡོ་སོལ། ཆུ་ཤེལ། ལྷང་ཚེར། ཞ་ཉེ། ཏི་ཚ། གཡང་ཊི། རྡོ་རྗེ་ཕ་ལམ། རྡོ་བལ་སོགས་གཏེར་རིགས་འདྲ་མིན་སྦས་པའི་རང་བྱུང་གཏེར་རི་ཕལ་མོ་ཆེ་སྔོག་འདོན། ནགས་ཚལ་གཅོད་འབྲེག རྩྭ་ཁ་ཞིང་བསྒྱུར། ཞིང་ས་གསར་སྤོ། རི་ཕྲན་དང་བྲག་རྫོང་གས་གཏོར། རི་ལུང་དང་སྤང་ཐང་སྔོག་སློག འབུར་འཇོམས་གཤོངས་བསྐང༌། ས་རོ་ཕོན་ཆེ་ཁྱོན་ཡངས་པའི་རྩྭ་ཐང་གང་སར་སྤོ་བཤིག རི་སྐྱེས་སྲོག་ཆགས་གསོད་བཟུང༌། སྐྱེ་དངོས་འདྲ་མིན་གྱི་ཚོང་ལས། ས་འོག་གི་ཆུ་བག་མེད་འཛད་སྤྱོད་ཤུགས་ཆེན་བྱས།
ལོ་རེ་བཞིན་ཨ་སྒོར་ཐེར་འབུམ་སྟོང་ཕྲག་མང་པོའི་རིན་ཐང་ལྡན་པའི་ཉ་རིགས་དང༌། ནོར་ལུག་གི་ཤ གླ་རྩི། དོམ་མཁྲིས། གཙོད་ཀྱི་ཁུ་ལུ། བསེ་རུའི་རྭ་ཅོ། གླང་ཆེན་མཆེ་བ། ཤ་བའི་ཁྲག་རྭ། དབྱར་རྩྭ་དགུན་འབུ། གཡར་གྲོ། གླང་ཆེན་ཆིག་ཆུབ། སྲན་དཀར་སོགས་རྒྱ་ནག་ནང་ས་དང་རྒྱལ་སྤྱིའི་ཁྲོམ་ར་གང་སར་ཚོང་བསྒྱུར་ཤུགས་ཆེན་བྱས་སྟབས། འདས་པའི་མི་ལོ་ཉིས་བརྒྱར་ཉེ་བའི་དུས་ཡུན་ཆེས་ཐུང་ངུའི་ནང་སའི་གོ་ལའི་རྒྱ་ཁྱོན་ཕལ་མོ་ཆེ་རིན་ཆེན་གཏེར་དངོས་འདྲ་མིན་དང༌། འཁྱག་རོམ། སྤང་རི། སྤང་གཞུང༌། ནགས་རི། བྲག་རི། རྩྭ་རྩི་ཤིང༌། མེ་ཏོག་སྣ་ཚོགས། ཁྱོན་ཡངས་པའི་ཤིང་ནགས། ཤིང་འབྲས། ཚལ་རིགས། གྲོ་ནས་སྲན་གསུམ། མི་དང༌། རི་དྭགས། གཅན་གཟན། འདབ་ཆགས། ཆུ་གནས། སྐམ་གནས། རྐང་མེད། རྐང་གཉིས། རྐང་བཞི། རྐང་དྲུག རྐང་མང༌། རྨིག་ཟླུམ། རྨིག་པ་ཁ་དབྲག རྭ་ཅན། མཆེ་ཅན། སྡེར་མོ་ཅན་སོགས་ཧ་ལམ་རྩ་སྟོང་དུ་ཕྱིན་པའི་མུ་མཐའ་བྲལ་བའི་མྱ་ངན་ཐང་ཆེན་པོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་སྟབས། ད་ཆར་མི་འབོར་ས་ཡ་ཆིག་སྟོང་ལྷག་གི་འཚོ་བའི་གནས་སྟངས་དང༌། ལྷག་དོན་འབྱུང་འགྱུར་གྱི་མི་རབས་གསར་པ་ཚོའི་འཚོ་གནས་བརྟན་ལྷིང་དང་ཐད་ཀར་འབྲེལ་བའི་ཁོར་ཡུག་གི་རྒྱ་ཁྱོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩར་མེད་དུ་མི་རུང་བའི་རང་བྱུང་ཐོན་ཁུངས་སོགས་ཀྱི་ཐད་ཚབས་ཆེའི་གཏོར་བརླག་ཐེབས་བཞིན་ཡོད།
མཇུག་འབྲས་དེས་ད་ཆར་འགྲོ་བ་མིའི་རིགས་ཀྱི་གྲངས་འབོར་དང༌། འགྲོ་བ་མིའི་རིགས་འཚོ་གནས་ཀྱི་གཞི་རྟེན་འོས་པའི་ས་ཁྱོན། ད་ཡོད་རང་བྱུང་ཐོན་ཁུངས་གསུམ་ནང་ཕན་ཚུན་དོ་མི་མཉམ་པ་ཆགས་སྟབས། ཕྱི་ལོ་༢༠༠༦ ལོར་རྒྱ་ནག་གི་ཁོར་ཡུག་བློན་ཆེན་གྱིས་ད་ཆ་རྒྱ་ནག་ཏུ་ཁོར་ཡུག་གི་སྐྱབས་བཅོལ་བ་ས་ཡ་བཞི་བཅུ་ལྷག་ལས་བརྒལ་ཡོད་ཚུལ་བཤད་པས་མཚོན་འཛམ་གླིང་གི་ས་ཕྱོགས་འདྲ་མིན་གང་སར་ཁོར་ཡུག་གི་སྐྱབས་བཅོལ་བ་དང༌། ཨ་ཕྷེ་རི་ཀའི་མི་སེར་ཕལ་མོ་ཆེས་མཚོན་འཛམ་གླིང་འདིར་བཀྲེས་སྐོམ་གྱིས་མནར་བཞིན་ཡོད་པའི་མིའི་གྲངས་འབོར་ཐེར་འབུམ་གཅིག་དང་ཕྱེད་ལྷག་ལས་བརྒལ་ཡོད་པར་མ་ཟད། མི་འབོར་ཐེར་འབུམ་གཅིག་ལྷག་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ནང་ལྷུང་ཡོད་སྟབས། ད་ནས་བཟུང་ཁོར་ཡུག་གི་ཐོན་ཁུངས་དང༌། སྤུས་ཚད། མཛེས་ཉམས་སོགས་ཀྱི་ཐད་གྲོན་ཆུང་བསྲི་ཚགས་དང་གཅེས་སྤྲས་སོགས་མི་བྱེད་པར་སྔར་མུས་བཞིན་སོང་ཚེ་ནམ་ཞིག་ཁོར་ཡུག་ཉམ་ཆག་གི་མཇུག་འབྲས་ཡོངས་རྫོགས་སོ་སོ་རང་ཉིད་ཀྱི་མགོ་ཐོག་ཏུ་ལྷུང་ངེས་ཡིན།
ངའི་སྐད་ཆ་འདི་ལ་ཁྱེད་དང་ཁོང་ཅག་ཚང་མས་དང་ལེན་མི་བྱེད་པར་མ་ཟད། ད་དུང་ཕི་ལི་པན་དང༌། ཨེ་རན། བྷེང་ལ་དེ་ཤུ། རྒྱ་གར་བྷི་ཧར་མངའ་སྡེ། ཨབ་གྷ་ནེ་སི་ཐན། ཞིན་ཅང༌། པ་ཀི་སི་ཐན། ཡོ་རོབ། ཨ་རི། ལྷག་དོན་ཉེར་ཨིན་ཊོ་ནེ་ཤུ་ཡ་དང༌། རྒྱ་ནག་སི་ཁྲོན། ཁམས་སྐྱེ་དགུ་མདོ། ཁ་རེབ་བྷེན་མཚོ་གླིང་དུ་ཆགས་པའི་ཧེ་ཐིའི་གླིང་ཕྲན་སོགས་སུ་བྱུང་བའི་ས་ཡོམ་དང་མཚོ་སྐྱོམས་འདྲ་མིན་འོག་གཅེས་སྲོག་ཤོར་བའི་སྤུན་ཟླ་གཞན་ཚོས་ཀྱང་དེ་ནི་ཆོ་མེད་པའི་སྐད་ཆ་ཞིག་ཏུ་སྒོམ་ངེས་ཡིན། འོན་ཀྱང་ཡིད་ཕངས་པ་ཞིག་ལ་ལུང་བ་དེ་ཚོའི་མི་མང་ཆེ་བའི་མགོ་ཐོག་ཏུ་སྔ་ས་ནས་མཇུག་འབྲས་ངན་པ་དེ་དག་བྱུང་ཟིན་པ་རེད།
འདས་པའི་ལོ་ངོ་ཁྲི་གཅིག་གི་ཡར་སྔོན་དུ་འཛམ་གླིང་འདིར་མི་འབོར་ས་ཡ་ལྔ་ལྷག་ལས་མེད་སྟབས། ཁོར་ཡུག་སྲུང་སྐྱོབ་ཐད་དེ་ཙམ་དོ་སྣང་བྱེད་མི་དགོས། ལོ་ངོ་ཉིས་སྟོང་གོང་དུ་མི་འབོར་དུང་ཕྱིར་གཅིག་ལྷག་ཟིན་ཡང༌། འདས་པའི་ལོ་རེར་ཆ་སྙོམས་མི་གྲངས་འབུམ་གསུམ་ལྷག་རེ་ལས་འཕར་རྒྱུ་བྱུང་མེད་སྟབས། འདས་པའི་མི་འབོར་འཕར་ཚད་དེ་ཅུང་དལ་བོ་རེད། ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་མི་འབོར་དུང་ཕྱིར་བདུན་ཅུ་ལྷག་ཡོད་པར་བལྟས་ན། ལོ་རེར་མི་འབོར་ས་ཡ་ ༩༠ ལྷག་དང༌། ཉིན་རེར་ཆ་སྙོམས་མི་གྲངས་ ༢༦༡༡༡༡་༡༡ ལྷག་མང་དུ་འགྲོ་བཞིན་ཡོད་སྟབས། ད་ལྟའི་མི་འབོར་འཕར་ཚད་དེ་བསམ་ཡུལ་ལས་འདས་པ་ཞིག་རང་རེད།
ད་ནས་བཟུང་མི་འབོར་འཕར་ཚད་ཐད་ཁྲིམས་ལུགས་དང་ཞི་བདེའི་བྱེད་ཐབས་འདྲ་མིན་བརྒྱུད་ནས་ཛ་དྲག་དང་གཟབ་ནན་གྱིས་བཀག་འགོག་མ་བྱས་ཚེ། ཕྱི་ལོ་ ༢༠༥༠ ལོར་མི་གྲངས་དུང་ཕྱིར་བརྒྱ་དང་ཉི་ཤུ་ལས་བརྒལ་རྒྱུ་དང༌། གལ་སྲིད་མི་འབོར་གྱི་འཕར་ཚད་འདི་ལྟར་ཟིན་ཚེ་སྐབས་དེ་དུས་ཆུའི་ཐོན་ཁུངས་དང༌། གནམ་གཤིས་ཀྱི་ཐོན་ཁུངས། སྐྱེ་དངོས་ཀྱི་ཐོན་ཁུངས། གཏེར་རྫས་ཀྱི་ཐོན་ཁུངས་བཅས་སའི་གོ་ལའི་ས་ཁྱོན་ཕལ་མོ་ཆེ་ནས་ཧ་ལམ་གཏིང་ཟད་ཀྱི་དཀའ་ངལ་འོག་ཉུང་མཐར་འཛམ་གླིང་ཁོར་ཡུག་སྐྱབས་བཅོལ་བ་དང་བཀྲེས་སྐོམ་གྱིས་མནར་བའི་མིའི གྲངས་འབོར་ས་ཡ་ ༣༠༠ ཙམ་ཡོང་རྒྱུ་དང༌། མིའི་བྱ་སྤྱོད་ངན་པ་གཅིག་པུས་རང་བྱུང་ཐོན་ཁུངས་བཤུ་གཞོག་དང་འཛད་སྤྱོད་ཤུགས་ཆེ་བྱས་པར་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གིས་སའི་གོ་ལའི་འཁྱག་རོམ་དང་གངས་རི་ཡོངས་རྫོགས་རྩ་མེད་དུ་འགྲོ་ངེས་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་ཡོད།
མ་ཟད་ད་ལྟའི་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ལ་བལྟས་ན། དུས་ཡུན་ཆེས་ཐུང་ངུའི་ནང་རྒྱ་ཕྱོགས་ནས་གློག་ཤུགས་བསྐྲུན་རྒྱུ་དང༌། ཆུ་རགས་རྒྱག་རྒྱུ། མཚོ་བརྒྱུད་འགྲིམ་འགྲུལ་གྱི་ཆུ་ལམ་བཟོ་རྒྱུ། ཉ་འཛིན་ཤུགས་ཆེན་བྱེད་བཞིན་པ་སོགས་ཀྱིས་བོད་ཀྱི་ཆུ་རྒྱུན་གལ་ཆེན་ཁག་རིམ་གྱིས་རྩ་མེད་དུ་འགྲོ་ངེས་དང༌། དེ་བས་ཀྱང་ཆུ་རགས་རྒྱག་རྒྱུའི་ལས་འཆར་ཁག་གིས་བོད་ཀྱི་ཆུ་ཆེན་ཁག་རྒྱུགས་ཡུལ་གྱི་ཨེ་ཤུ་ཡའི་མངའ་ཁུལ་ཁྱོན་ཡོངས་སུ་ཆུའི་དཀའ་ངལ་འཕྲད་ངེས་ཡིན།
རྒྱ་ནག་དང༌། རྒྱ་གར། ནུབ་ཨེ་ཤུ་ཡ། ཨུ་རུ་སུ་རྙིང་པ། ཨ་རིའི་ས་ཁུལ་འགས་ས་འོག་གི་ཆུ་བེད་སྤྱོད་ཤུགས་ཆེན་བྱས་སྟབས། ས་འོག་གི་ཆུའི་ཐོན་ཁུངས་ལོ་རེ་ནས་ལོ་རེར་ཇེ་དམའ་རུ་འགྲོ་བཞིན་ཡོད། རྒྱ་གར་ནང་ཕྱི་ལོ་ ༡༩༩༩ ལོར་ས་འོག་གི་ཆུའི་མཐོ་ཚད་ལོ་སྔོན་མ་ལས་མི་ཊར་གསུམ་གྱིས་ཇེ་དམའ་རུ་ཕྱིན་པར་བལྟས་ན། ད་ཆ་དེ་ལས་ལྡབ་བདུན་གྱིས་ཇེ་དམའ་རུ་སོང་ཡོད་པ་ཚོད་དཔག་བྱེད་ཐུབ། རྒྱ་ནག་གི་གྲོང་ཁྱེར་བཞི་བརྒྱ་ལྷག་ལ་སྐབས་ཐོག་ཆུ་མེད་པའི་དཀའ་ངལ་དང༌། མི་འབོར་ས་ཡ་བདུན་བརྒྱ་ཙམ་འབག་བཙོག་ཤོར་བའི་ཆུར་བསྟེན་དགོས་འབྱུང་གི་ཡོད།
གང་ལྟར་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་དུས་ཡུན་ངེས་ཅན་ཞིག་གི་མཚམས་ནས་འཛམ་གླིང་གི་ས་གནས་མང་ཆེ་བར་རྦད་དེ་ཆུའི་ཐོན་ཁུངས་ཡོངས་སུ་རྫོགས་རྒྱུའི་ཉེན་ཁའི་ཐོག བཀྲེས་སྐོམ་དང་ཆུ་རྩོད་ཀྱི་དམག་འཁྲུག་ལ་བརྟེན་ནས་མི་ཤི་རྟ་འགྱེལ་དང་ནད་མུག་འཁྲུག་རྩོད་སོགས་ཀྱིས་ཡུལ་ཁམས་ཁྱབ་རྒྱུ་ཡིན་སྟབས། མི་རེ་ངོ་རེས་ཁོར་ཡུག་སྲུང་སྐྱོབ་ཐད་རང་མོས་ཀྱིས་ནུས་པ་གང་ཡོད་འདོན་དགོས་པ་དང༌། རང་ཉིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་གང་བཏོན་པ་དེ་འཇིག་རྟེན་འདིའི་སྣོད་བཅུད་ཡོངས་རྫོགས་ཀྱི་ཞི་བདེ་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་སྟབས། ལེགས་བྱས་ཐམས་ཅད་ཀྱི་ཡང་རྩ་ལྟ་བུ་ཡིན་སྙམ།
མུ་འགོད།
སྐུ་ཞབས་དང་སྲས་མོ་རྣམ་པ་ཚོས་ངས་བྲིས་པའི་མུ་འགོད་རྩོམ་ཡིག་འདི་ཚར་གཅིག་བཀླགས་ཏེ་རང་རང་གིས་གང་ཐུབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་རེ་འདོན་རྒྱུ་ནི་ངའི་དམིགས་ཡུལ་ཉག་གཅིག་ཡིན་སྟབས། རྣམ་པ་ཚོ་ཚང་མས་དགོངས་བཞེས་གང་ཐུབ་རེ་གནང་རོགས་གནོངས་ཞེས་སྙིང་ཐག་པ་ནས་རེ་སྐུལ་ཞུ་རྒྱུ་ཡིན།
ཡག་པོ་འདུག་ཐུགས་རྗེ་ཆེ།
ག་རེ་ལབ་རེད