རྒྱ་སྟག་ཁྲ་བོ།
ཀ་ཁའི་དབྱངས་རྟ་བོད་མིའི་ཚེ་སྲོག་ཡིན།།
ཁ་བ་གངས་ལྗོངས་བོད་མིའི་འཚོ་གནས་ཡིན།།
ག་བ་འབྲི་ནོར་བོད་མིའི་སྒོ་ཕྱུགས་ཡིན།།
ང་ཅག་སྤུན་ཟླ་བོད་མིའི་སོན་རྩ་ཡིན།།
ཅ་དག་དགོས་པའི་བོད་ཀྱི་རིག་གནས་ཡིན།།
ཆ་ལུགས་ཡག་པོ་བོད་ཀྱི་སྲོལ་རྒྱུན་ཡིན།།
ཇ་ཆང་རྩམ་མར་བོད་ཀྱི་ཁ་ཟས་ཡིན།།
ཉ་གང་ལྷག་བསམ་བོད་ཀྱི་ལྟ་བ་ཡིན།།
ཏ་དགུའི་གཏེར་ཁ་བོད་ལ་འཛོམས་པ་ཡིན།།
ཐ་མའི་སྤྱོད་པ་བོད་ལ་རེ་འགའ་ཡིན།།
ད་ལྟའི་དུས་འདིར་བོད་ལ་སྐྱིད་པོ་ཡིན།།
ན་མེད་བདེ་སྐྱིད་བོད་ལ་འཇོ་བ་ཡིན།།
པ་སངས་ལྟར་དཀར་བྱམས་ལྡན་བོད་པ་ཡིན།།
ཕ་མའི་སློབ་གསོའི་རྒྱུན་ལྡན་བོད་པ་ཡིན།།
བ་ལྟར་མིན་པའི་སྤྱང་ལྡན་བོད་པ་ཡིན།།
མ་གྱུར་འགྲོ་བར་བརྩེ་ལྡན་བོད་པ་ཡིན།།
ཙ་རིས་བསྐོར་གསུམ་ཡོད་ས་བོད་ལྗོངས་ཡིན།།
ཚ་གྲང་འབྱུང་བཞིའི་བག་ལྡན་བོད་ལྗོངས་ཡིན།།
ཛ་ཡའི་དམ་ཆོས་དར་ས་བོད་ལྗོངས་ཡིན།།
ཝ་ལྟར་རྒོལ་ངན་བཅོམས་ས་བོད་ལྗོངས་ཡིན།།
ཞ་ལོང་ཉམ་ཐག་བོད་ཀྱིས་སྐྱོང་བ་ཡིན།།
ཟ་ཟིང་འཁྲུགས་ལོང་བོད་ཆོས་བསལ་བ་ཡིན།།
འ་འུར་བོད་དོན་བོད་ཀྱིས་སེལ་དགོས་ཡིན།།
ཡ་རབས་ཤེས་ཡོན་བོད་ཀྱིས་འཛིན་དགོས་ཡིན།།
ར་རྒོད་ལྟ་བུ་བོད་མིའི་དོར་བྱ་ཡིན།།
ལ་ལུང་སྲུང་འཁྱམས་བོད་མིའི་དོར་བྱ་ཡིན།།
ཤ་ཞེན་ལ་རྒྱ་བོད་མིའི་བླངས་བྱ་ཡིན།།
ས་ལམ་ཡོན་ཏན་བོད་མིའི་བླངས་བྱ་ཡིན།།
ཧ་ལམ་ཉག་ཉོག་ཚིག་འགའ་ས་མཐའ་ཁྲོད།།
ཨ་མདོ་བུ་ཕྲུག་ངས་ཀྱང་སྤེལ་བ་མོད།།