མཁོ་སྤྲོད་པ། རྔ་བ་མཁས་གྲུབ།
འཛམ་གླིང་ཡུལ་གྲུ་སོ་སོར་གནས་བཞུགས་རྒྱ་ཆེའི་བོད་མི་རྣམས་ལ་ཞུ་གསོལ།
ངེད་གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་།བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མི་ལོ་ཆུང་རྣམས་ཀྱིས་བོད་སྐད་ཡིག་ལ་དགའ་ཞེན་དང་དོ་སྣང་ཆེས་ཆེར་སླེབས་ཆེད།བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས་ཤིག་ད་ལོའི་སྤྱི་ཟླ་བདུན་པ་ནས་དགུ་བའི་བར་སྤེལ་ཡང་། ད་བར་བྱ་འགུལ་འདིའི་ནང་ཞུགས་མཁན་མི་གཅིག་ཀྱང་མ་བྱུང་བས། ད་ལྟ་ཚོགས་མི་རྣམས་ཀྱིས་གྲོས་བསྡུར་བརྒྱུད་ཡང་བསྐྱར་བཙན་བྱོལ་སྤྱི་ཚོགས་ནང་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པས་ན། རང་རིགས་སྐད་ཡིག་ལ་དུང་ཞེན་དང་བོད་ཡིག་སློབ་གཉེར་ལ་གཞོལ་མཁན་སློབ་གྲྭ་ཁག་གི་དགེ་རྒན་དང་།ཕ་མ་བཅས་ནས་ལོ་གཞོན་བྱིས་པ་རྣམས་བྱ་དགའ་འདིར་ཞུགས་རྒྱུར་སྐུལ་མ་གནང་རོགས་ཞེས་གསལ་བསྒྲགས་འདི་ཡང་བསྐྱར་ཚང་མའི་སྤྱན་སྔར་ཕུལ་བ་ལགས།
བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་གསལ་བསྒྲགས།
བྱ་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། བོད་ཕྱི་ལོག་ན་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ན་ཆུང་བྱིས་པའི་རིག་གནས་ལ་མཐོང་ཆེན་གྱི་གོམ་གཤིས་ཡིད་ལ་འཇགས་པར་ཕན་གྲོགས་སུ་འགྱུར་བ། བོད་ཕྱི་ལོག་ན་ཡོད་པའི་བོད་ཀྱི་བྱིས་པ་ཚོས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པར་སྤྲོ་སྣང་ཆེ་རུ་འགྲོ་བར་ཕན་པ། ལྷག་པར་དུ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་ཀྱི་སྐད་ཡིག་རིག་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་སྐྱོང་བཞིན་པའི་བོད་ཀྱི་ན་གཞོན་རྣམས་ལ་རིག་རྩལ་འགྲན་བསྡུར་གྱི་གོ་སྐབས་བསྐྲུན་རྒྱུ་ནི་དེ་བས་གལ་འགངས་ཆེ་བར་མཐོང་སྟེ། ཐེངས་འདིའི་བྱིས་སྒྲུང་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་འདི་སྤེལ་བ་ཡིན།
བྱིས་སྒྲུང་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན།
རྩོམ་ཡིག་གི་བརྗོད་སྙིང་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་རྨང་གཞིར་བཞག་སྟེ།རང་མོས་ཀྱི་བརྗོད་བྱ་ལ་གསར་གཏོད་ཀྱི་མཚན་ཉིད་ཚང་བའི་བྱིས་སྒྲུང་གསར་རྩོམ། བྱིས་པ་ལོ་༦་ནས་༡༢་བར་གྱི་སེམས་ཁམས་ལ་དམིགས་ཏེ་རྩོམ་ཡིག་ཡིག་འབྲུ ༥༠༠ ལས་མི་བརྒལ་བ།
སྐར་གྲངས་བགོ་སྟངས།
བརྗོད་གཞིར་སྐར་གྲངས་བརྒྱ་ཆའི་༣༣་དང་། གཞུང་ཁོག་སྒྲིག་སྟངས་ལ་སྐར་གྲངས་བརྒྱ་ཆའི༣༣། ཚིག་སྦྱོར་དང་དག་ཆའི་སྐོར་ལ་སྐར་གྲངས་བརྒྱ་ཆའི་༣༣། བརྩམས་ཆོས་ངེས་པར་དུ་གསར་རྩོམ་ཡིན་དགོས།
བྱ་དགའ་སྤྲོད་སྟངས་ཀྱི་རིམ་པ།
ཨང་དང་པོར་ཨ་སྒོར $300
ཨང་གཉིས་པར་ཨ་སྒོར $200
ཨང་གསུམ་པར་ཨ་སྒོར $100
གཞན་ཨང་རིམ་བཞི་ནས་བཅུ་བའི་བར་གྱི་འགྲན་ཞུགས་པ་རྣམས་ལ་ཕུལ་བྱུང་བྱ་དགའིགཟེངས་བསྟོད་འབུལ་རྒྱུ་ཡིན་པས། ཕ་མ་དང་དགེ་རྒན་རྣམས་ཀྱིས་རང་གི་བྱིས་པ་དང་སློབ་མ་རྣམས་ལ་བྱ་འགུལ་འདིར་འཛུལ་ཞུགས་བྱེད་པར་སྐུལ་མ་དང་རམ་འདེགས་གནང་རོགས།
འགྲན་ཞུགས་པའི་ཆ་རྐྱེན།
འགྲན་ཞུགས་པ་རྣམས་ནི་བོད་པ་དང་ཡང་ན་ཕ་མ་གཉིས་ཀྱི་ནང་གི་གཅིག་བོད་ཡིན་ཞིང་། ལོ་ན་བཅུ་ནས་བཅུ་དྲུག་བར་ཡིན་དགོས། རྩོམ་ཡིག་ངེས་པར་དུ་བོད་ཡིག་སྟེང་བྱིས་པ་རང་ཉིད་ཀྱིས་འབྲི་དགོས། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་དང་ལྷན་དུ་རང་ཉིད་ཀྱི་མཚན་ཆ་ཚང་དང་ཕ་ཡུལ།ད་ལྟའི་བཞུགས་ཡུལ་སོགས་གསལ་བོ་བྲིས་ཏེ་ང་ཚོར་བསྐུར་རོགས་ཞུ།(རང་ཉིད་ཀྱི་མོས་མཐུན་མེད་པར་དྲ་ཐོག་ནས་ཕྱིར་བསྒྲགས་མི་བྱེད། ཡིན་ནའང་ང་ཚོའི་ལོ་རྒྱུས་ཉར་ཚགས་ཆེད་ངེས་པར་དགོས།)
འགྲན་བསྡུར་དངོས་གཞིའི་དུས་ཚོད།
སྤྱི་ཟླ་བཅུ་བའི་ཚེས་གཅིག་ནས་སྤྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་བར་ལ་རྩོམ་ཡིག་རྣམས་ང་ཚོར་ངེས་པར་དུ་འབྱོར་དགོས། སྤྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་གི་རྗེས་ནས་འབྱོར་ན་རྩིས་མེད་གཏོང་རྒྱུ་ཡིན།
རྩོམ་ཡིག་དཔྱད་འདེམས་དང་མཐའ་མའི་ཐག་གཅོད་བྱེད་མཁན།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཟུངས་ཕྱུག་སྐྱིད། ལྷ་ཆབ་སྦྱིན་པ། ལྕགས་མོ་འཚོ། མཁས་གྲུབ་བཅས་ཡིན།
མཐུན་རྐྱེན་སྦྱོར་མཁན།
ཐེངས་འདིའི་བྱ་འགུལ་གྱི་གཟེངས་རྟགས་ཐད་དངུལ་གྱི་སྦྱིན་བདག་གནང་མཁན་ནི་སོག་ཡུལ་དུ་གནས་བཞུགས་འབྲས་སྤུངས་སྒོ་མང་གི་དགེ་བཤེས་ཤིག་ཡིན། དགེ་བཤེས་ལགས་ནི་ཡུལ་དེར་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་བྱ་གཞག་ལ་བརྩོན་བཞིན་པའི་གྲྭ་རྐྱང་ཞིག་ཡིན་ཞིང་། ཁོང་གིས་གངས་ཅན་བོད་ཀྱི་བྱིས་པའི་སློབ་གསོའི་བྱ་གཞག་གོང་འཕེལ་ཐད་སེར་སྣ་མེད་པར་གཏོང་ཕོད་གནང་བར་བཀའ་དྲིན་ཆེ་ཞུ།
འགྲན་བསྡུར་གྱི་མཇུག་འབྲས་གསལ་བསྒྲགས།
ཕྱི་ལ་ོ༢༠༡༤ལོའི་སྤྱི་ཟླ་དང་པོའི་ནང་འགྲན་བསྡུར་མཇུག་འབྲས་ཨང་རིམ་ལྟར་གཡག་རྒོད་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། གལ་ཏེ་དོ་བདག་ལ་མོས་མཐུན་ཡོད་ན། ཨང་དང་པོ་དང་། གཉིས་པ། གསུམ་པ་སོགས་ཀྱི་སྐུ་པར་དང་ལོ་རྒྱུས་ཐུང་ཐུང་ཞིག་ཀྱང་མཉམ་དུ་འགོད་རྒྱུ་ཡིན། རྩོམ་ཡིག་བསྐུར་ཡུལ་གྱི་གློག་འཕྲིན་ཁ་བྱང་།
admin@wildyaks.com
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ ༢༠༡༣ ལོའི་སྤྱི་ཟླ་ ༡༠ཚེས་༡་ལ།
ད་དུང་རྩོམ་ཡིག་འབྱོར་དཀའ་འོ།
“རྩོམ་ཡིག་གི་བརྗོད་སྙིང་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གོམས་སྲོལ་རྨང་གཞིར་བཞག་སྟེ།རང་མོས་ཀྱི་བརྗོད་བྱ་ལ་གསར་གཏོད་ཀྱི་མཚན་ཉིད་ཚང་བའི་བྱིས་སྒྲུང་གསར་རྩོམ། བྱིས་པ་ལོ་༦་ནས་༡༢་བར་གྱི་སེམས་ཁམས་ལ་དམིགས་ཏེ་་་་”ཚད་གཞི་དེ་འདྲའི་བྱིས་སྒྲུང་ཞིག་བྱིས་པ་ཞིག་གིས་རྩོམ་ཐུབ་བམ། ངས་བལྟས་ན་མི་སྲིད་པ་ཞིག་རེད། ། འདི་ནི་ཉམས་མྱོང་ཡོད་པའི་དགེ་རྒན་དང་རྩོམ་པ་པོ་རྒན་པ་དག་གིས་གཞི་ནས་རྩོམ་ཐུབ་རེ་ཡོད། ཕྱི་གླིང་བའི་རྩོམ་པ་པོའི་ནང་ནའང་བྱིས་སྒྲུང་མཚན་ཉིད་པ་གསར་རྩོམ་གནང་མཁན་མང་པོ་མེད་པ་རེད།
ཁྱེད་ཅག་གི་དམིགས་ཡུལ་བོད་ཀྱི་བྱིས་པ་ཚོར་་བྱིས་སྒྲུང་ཡག་པོ་བཀླག་རྒྱུ་དགོས་པར་འདོད་པ་ཡིན་ན་རྩོམ་པ་པོ་རྣམ་པར་དེ་ལྟར་རེ་སྐུལ་ཞུ་འོས།
ཁྱེད་ཅག་གིས་བྱིས་པ་བོད་ཡིག་གསར་སློབ་པ་འདི་ཚོ་རྩོམ་འབྲི་ལ་འཇུག་པར་སྐུལ་ཕྱིར་ཡིན་ན། བརྗོད་བྱ་རང་དབང་དང་རྩོམ་ལུས་རང་དབང་ཅན་གྱི་རྩོམ་གྱི་རིགས་གང་རུང་བའི་རང་རྩོམ་རེ་འབྲི་སྐུར་བསྐུལ་ན་འོས་ཤིང་རིགས་སོ།
རྣམ་པ་ཚོའི་ལྷག་བསམ་དང་ལྡན་པའི་བྱ་བ་བཟང་པོ་འདིར་རྒྱབ་སྐྱོར་མཚོན་ཆེད་དུ་རང་གི་ཉམས་མྱོང་གིས་ཤེས་པའི་བསམ་ཚུལ་མདོར་བསྡུས་འདི་ཕུལ་བ་ལགས་སོ།
དཔེ་ཡག་པོ་འདུག་ལོ་ཚད་ཀྱིས་འགྲིག་མི་འདུག་མ་གཏོགས་ང་མཉམ་ཞུགས་བྱས་ན་བསམ་པ་འདུག
ཡག་པོ་འདུག ངས་གང་མགྱོགས་བྱིས་སྐྲུང་རེ་ཟུང་རྩོམ་ངེས་ཡིན།
ཡག་པོ་འདུག ངས་གང་མགྱོགས་བྱིས་སྒྲུང་རེ་ཟུང་རྩོམ་ངེས་ཡིན།
བྱིས་སྒྲུང་ཡིན་ན་བྱིས་པས་བྲིས་པ་ཡིན་དགོས་དོན་ཅི་ཡིན་ནམ།
དབང་འདུས་ལགས
ཁྱེད་རང་བྱིས་པ་ཡིན་ནམ།
ལོ་བཅུ་ནས་་་་བཅུ་དྲུག་
བྱིས་སྒྲུང་ཡག་པོ་ཞིག་ལ་དམིགས་ཡ་རེད་མི་འདུག
རྣ་བར་མི་འགྲོ་བའི་སྐད་ཆ་རང་རེད། བྱིས་སྒྲུང་ལོ་ཆུང་ཚོས་འབྲི་ཐུབ་རྒྱུ་ཞིག་ཡིན་ན། བྱིས་སྒྲུང་མ་འདང་བའི་དཀའ་ངལ་ཞིག་ཡོད་དགོས་ཚུལ་མེད། གང་ལྟར་ཡར་བསམ་དང་ལྷག་བསམ་ལ་གུས་བརྩི་ཡོད། ཚོགས་མི་དེ་ཚོ་ནི། མགོ་འི་རྭ་དང་རུམ་གྱི་བྲོ་ཡིན་ནི་རྐྱང་རྐྱང་རེད། ངས་བསམ་ན། འབྲི་ཐུབ་ནི་ཞིག་གིས་བྲིས་ནས། བྱིས་བའི་ཡིད་ཁམས་ཀྱི་དང་བ་འདྲེན་ཐུབ་པ་ཞིག་ཡོད་ན་ཕན་པ་ཆེ་བ་ལས། བྱིའུ་ཕྲུག་ཚོ་ལ་བྱིའུ་ཕྲུག་སྙོར་གི་འཇིག་རྒྱུ་ཟེར་ན། དགོད་ཤོར་སྤྱད་ཟིག་མ་རེད་ནེ། བྱིས་སྒྲུང་མང་པོ་ལ་ལྟ་ཀློག་བྱེད་ཐུབ་པའི་སྤྱི་ཚོགས་ཀྱི་བྱིས་བ་ཚོ་དང་བསྡུར་ཐབ་མེད། བྱིས་སྒྲུང་མེད་པའི་སྤྱི་ཚོགས་ཤིག་ནས་བྱིས་བ་ཚོས་བྱིས་སྒྲུང་གསར་རྩོམ་བྱེད་པར་རེ་བ་ནི་རེ་བ་སྟོང་གཏང་ལ་ཤོར་བ་མ་ཡིན་ནམ། བྱ་བ་ལམ་འགྲོ་ཡང་བའི་ཆེད་དུ། སེམས་དཀར་པོའི་ཕུགས་ནས་ཚིག་ནག་པོ་འདྲ་ཤོར་ཡོད་ན་དགོངས་དག་ཞུ།
ཡག་པོ་འདུག ཐུགས་རྗེ་ཆེ།
གསལ་བསྒྲགས་འདི་སྤེལ་སྟངས་ནོར་འདུག ༼འགྲན་ཞུགས་པ་རྣམས་ནི་བོད་པ་དང་ཡང་ན་ཕ་མ་གཉིས་ཀྱི་ནང་གི་གཅིག་བོད་ཡིན་ཞིང་། ལོ་ན་བཅུ་ནས་བཅུ་དྲུག་བར་ཡིན་དགོས། རྩོམ་ཡིག་ངེས་པར་དུ་བོད་ཡིག་སྟེང་བྱིས་པ་རང་ཉིད་ཀྱིས་འབྲི་དགོས།༽ འདི་ནོར་འདུག གོང་དུ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གསུང་པ་དེ་ག་རང་རེད། བྱིས་སྒྲུང་ནི་བྱིས་པའི་ཆེད་ཡིན་པ་ལ་རྩོད་པ་ཡོད་པ་མ་རེད། ཡིན་ནའང་། དེ་བྱིས་པ་ལོ་ ༡༠ ནས་ ༡༦ བར་གྱིས་འབྲི་ཐུབ་པ་ཞིག་མ་རེད། ལྷག་པར་དུ་རྒྱ་གར་ནང་གི་བྱིས་པ་ཚོའི་བོད་ཡིག་གནས་ཚད་འདིས་དེ་གང་ནས་ཐུབ།
གསལ་བསྒྲགས་འདི་ལྟར་སྤེལ་ན། ད་དུང་ཡང་འབྲི་མཁན་ཡོང་ཁག་པོ་རེད། ༼རང་རིགས་སྐད་ཡིག་ལ་དུང་ཞེན་དང་བོད་ཡིག་སློབ་གཉེར་ལ་གཞོལ་མཁན་སློབ་གྲྭ་ཁག་གི་དགེ་རྒན་དང་།ཕ་མ་བཅས་ནས་ལོ་གཞོན་བྱིས་པ་རྣམས་བྱ་དགའ་འདིར་ཞུགས་རྒྱུར་སྐུལ་མ་གནང་རོགས་༽འདི་ཁ་ན་ན་བར་སྐུལ་མ་ག་ཚད་གནང་ནའང་། བྱིས་སྒྲུང་དེ་བྱིས་པས་འབྲི་ཐུབ་པ་ཞིག་མིན་སྟབས། གསལ་བསྒྲགས་ཡང་བསྒྲགས་ག་ཚད་བྱས་ཀྱང་ཕན་གྱི་མ་རེད། འབོད་སྐུལ་ཞུ་ཡུལ་རྦད་དེ་ནོར་འདུག གོང་ན་ཆབ་བྲག་གིས་གསུང་ཡོད་པ་དེ་རེད། རྩོམ་པ་པོ་ཚོར་འབོད་སྐུལ་ཞུ་རོགས་མ་གཏོགས། གསལ་བསྒྲགས་ཐེངས་གཉིས་པ་གསུམ་པ་ག་ཚད་སྤེལ་ཀྱང་། དཀའ་ལས་ཁག་རོགས་རེད།
ང་ལ་རྣམ་པ་ཚོར་རེ་བ་ཞིག་ཞུ་རྒྱུ་ཡོད། ༼གཡག་རྒོད་༽དྲ་ཚིགས་དེ་དཔེ་མི་སྲིད་པའི་ཡག་པོ་འདུག ཡིན་ནའང་། སྒྲུང་རྩོམ་དེ་ཚོ་ཚང་མའི་ནང་ན་ཡིག་ནོར་མང་པོ་བཀོད་འདུག ཞུས་དག་ཡག་པོ་རེ་མ་བཏང་ན། ཀློག་མཁན་བྱིས་པ་ཚོར། བོད་ཡིག་ནི་རང་སྣང་གང་དྲན་བྱས་ནས་བྲིས་ན་འགྲིག་གི་ཡོད་པ་འདྲ་བསམ་པའི་ཚོར་སྣང་སྐྱེས་བཅུག་པ་ཡིན་ན། དཔེ་བསགས་པ་རེད། ངས་ཁྱེད་རང་ཚོས་དཀའ་ལས་མང་པོ་ཞིག་བརྒྱབ་འདུག་པར་བཀའ་དྲིན་ཆེ་ཞུ་གི་ཡོད། ཡིན་ནའང་། ནན་ཏན་ཟེར་བ་དེ་ཁྱོན་ནས་གནང་གི་མེད་པའི་བཟོ་ཞིག་མཐོང་སོང་། ད་མང་པོ་ཞུ་གི་མིན།
གཅན་ཚ་བ་སྲིན་པོ་རྫ་རྒན་ནས།
གསལ་པོ་ཞིག་མ་ཞུས་ན། ཀློག་མཁན་ཚོས། འདིས་ཁུངས་མེད་འཁྱལ་གཏམ་ཤོད་ཀྱི་ཡོད་པར་བསམ་སྲིད། གཤམ་ལ་༼གཡག་རྒོད༽དྲ་ཚིགས་ཀྱི་སྒྲུང་གཅིག་དཔེ་མཚོན་དུ་བཀོད་ཡོད། http://www.wildyaks.com ལ་ཕེབས་དང་དེར་འདུག གཤམ་གྱི་སྒྲུང་ཐུང་འདིའི་ནང་དུ་རྩོམ་གྱི་ཁ་བྱང་ནས་མཇུག་བར་དུ་ཡིག་ནོར་བཅུ་དགུ་འདུག་པ་སྒོ་ཁྱིམ་ནང་བཀོད་ཡོད། སྒྲུང་ཐུང་གཞན་ཚོར་ཡང་ཡིག་ནོར་ཉུང་ཉུང་མ་རེད། གཟབ་ནན་མ་གནང་བ་འདྲ། རྩོམ་སྒྲིག་པ་ཚོས་མ་ཤེས་པ་མ་རེད།
སྤྱང་༼ཀུ་༽དང་ཝ་མོ། རི་བོང་གསུམ་ཇག་ལ་སོང་བ།
གནས་སྔ་མོ་སྔ་མོ་ཞིག་ན། སྤྱང་ཀི་དང་ཝ་མོ། རི་བོང་གསུམ་༼རི་འགོ༽་ལ་ཇག་ལ་སོང་བ་དང་། ཁོང་ཚོས་ཐག་རིང་ཐག་རིང་ཞིག་ན། ཨ་སྐྱོ་བ་ཞིག་ཡོང་གི་ཡོད་པ་མཐོང་བ་དང་། རི་བོང་གིས་སྤྱང་ཀི་དང་ཝ་མོ་གཉིས་ལ་བཤད་རྒྱུར། ཨ་སྐྱོ་བ་དེ་ཐག་ཉེ་སར་སླེབས་དུས། ང་ཁོའི་མགོ་ཐོག་ནས་ཕར་མཆོང་སྟེ་འབྲོས་འཇོག་གི་ཡིན། སྐབས་དེར་ཨ་སྐྱོ་བ་དེས་ཁུར་བོ་སར་གཡུག་སྟེ་ངའི་རྗེས་༼འདེད༽་ཡོང་ངེས་ཡིན་པས། ཁྱེད་གཉིས་ཀྱིས་ཁོའི་ཁུར་བོ་ཁྱེར་ལ་མགྱོགས་པོར་བྲོས་ཤིག་ཅེས་བློ་བཏོན།
དེ་ནས་ཨ་སྐྱོ་བ་དེ་ཁོང་ཚོའི་ཉེ་འགྲམ་དུ་༼ཐོན༽་ལ་ཉེ་བ་ན། རི་བོང་རྒྱུགས་ཐེངས་གཅིག་གིས་ཁོའི་མགོ་སྟེང་ནས་ཕར་མཆོང་བ་དང་། རི་བོང་གིས་ཚོད་དཔག་བྱས་པ་ལྟར་ཁོས་ཁུར་བོ་སར་གཡུག་སྟེ། རི་བོང་གི་རྗེས་སུ་སྙེག། སྐབས་དེར། ༼སྤྱང་ཀུ༽་དང་ཝ་མོ་གཉིས་རྒྱུགས་ནས་ཁུར་བོ་ཁྱེར་ཏེ་བྲོས། ཨ་སྐྱོ་བས་རི་བོང་བསྐྱུར་ཏེ་ཕྱིར་ཁུར་བོ་ལེན་དུ་སོང་དུས། ཁུར་བོ་མཐོང་ས་ན་མེད་པ་རེད།
དེ་ནས་རི་བོང་དང་། ༼སྤྱང་ཀུ།༽ ཝ་མོ་གསུམ་རྡོ་ཕ་བུང་ཞིག་གི་འོག་ཏུ་འཛོམས་ཏེ། རི་བོང་གིས་ཁུར་བོའི་ནང་གི་ཅ་ལག་རྣམས་བགོ་བྱ་བྱས། ལྷམ་ཡུ་རིང་ཆ་གཅིག་ཡོད་པ་༼སྤྱང་ཀུ༽་ལ་སྤྲད་དེ། ཁྱོད་ཨ་ཁུ་འབྲོག་པ་ཚང་གི་ལུག་ནང་ལ་རྒྱུག་དུས་ལྷམ་ཞིག་དགོས་མཁོ་ཆེ་བས། ལྷམ་འདི་ཁྱོད་ཀྱི་སྐལ་ཡིན། ཞེས་དང་། དྲིལ་བུ་ཞིག་ཡོད་པ་ཝ་མོ་ལ་སྤྲད་དེ། ཁྱོད་ལ་བུ་ཕྲུག་མང་བས་དྲིལ་བུ་འདི་ཁྱོད་ཀྱི་སྐལ་ཡིན། དེ་ནས་རི་བོང་གིས་རྒྱུ་མ་འདི་ང་ལ་མ་ཎི་འདོན་ས་རུ་མཁོ་བ་དང་། ཐུད་འདི་ང་ལ་གྲི་བརྡར་ས་རུ་མཁོ་ཞེས་རང་གི་ཨམ་ཕྲག་ཏུ་བཅུགས་པ་དང་།
དེ་ནས་ཁོང་གསུམ་རང་རང་གི་སར་ཆས་སོང་བ་རེད། ཕྱི་ཉིན་༼སྤྱང་ཀུས༽ལྷམ་གྱོན་ཏེ་ལུག་ནང་ལ་རྒྱུགས་པའི་སྐབས་སུ། ལུག་རྫིས་ཐོས་ཏེ་༼སྤྱང་ཀུ༽་འཛིན་དུ་འོང་བ་ན། ལྷམ་ལྕི་དྲགས་པས། ཁོ་མགྱོགས་པོར་བྲོས་མ་ཐུབ་པར། ལུག་རྫིས་འཇུས་ཏེ་༼ཅར་བརྡུང༽་ཡག་ཐག་ཆོད་ཅིག་བྱས་པ་རེད། དེ་བཞིན་དུ་༼ནས༽་ཝ་མོ་ནང་ལ་སླེབས་དུས། ངའི་གཅེས་ཕྲུག་ཚོ་འདིར་ཤོག་དང་ཞེས་འབོད་ཞོར་དུ། དྲིལ་བུ་འཁྲོལ་བ་ན། ཝ་ཕྲུག་ཚོ་སྐྲག་ཐག་ཆོད་དེ། ཕྱོགས་ཕྱོགས་སུ་བྲོས་ནས། ༼སྙེད་༽དཀའ་བ་ཞིག་བྱུང་བ་རེད། དེ་ནས་ཝ་མོ་དང་༼སྤྱང་ཀུ༽གཉིས་འཛོམས་ཏེ། ཕན་ཚུན་གཅིག་༼གི་༽གཅིག་ལ། ངེད་གཉིས་ལ་རི་བོང་གིས་མགོ་སྐོར་བཏང་འདུག་པས། རི་བོང་ལ་དགྲ་ཤ་ལེན་དུ་འགྲོ་ཞེས་ལམ་དུ་༼ཆེས༽། རི་བོང་གིས་ཁོང་གཉིས་ཡོང་གི་ཡོད་པ་མཐོང་སྟེ། མགྱོགས་པོར་རང་གི་གདོང་ལ་རྒྱུ་མའི་ནང་གི་ཁྲག་ཅུང་ཟད་བྱུག་༼ཏེ༽་ན་༼རྫི་༽བྱས་ནས་བསྡད་པ་ན། ༼སྤྱང་ཀུ་༽དང་ཝ་མོ་གཉིས་ཀྱིས་རི་བོང་གི་གདོང་༼བ༽་ཁྲག་གིས་གཡོགས་ཡོད་པ་མཐོང་ནས། བཅོམ་འཕྲོག་བྱས་པས་ལས་འབྲས་ངན་པ་ཚང་མ་ལ་འཁོར་བ་རེད་བསམས་ཏེ་ཕྱིར་སོང་བ་རེད།
གཤམ་གྱི་འབྲེལ་ཐག་དེ་ནི་ངའི་བྱིས་སྒྲུང་དང་པོ་ཡིན་། བྱིས་པ་ལོ་༠་ནས་ལོ་ལྔའི་བར་ལ་དམིག་ཡོད་། ཁྱོད་ཚོའི་འགྲན་བསྡུར་དེར་ཞུགས་ཤིན་དུ་ཆེ།
དགོང་དག་། འབྲེལ་ཐག་འཇོག་རྒྱུ་བརྗེད་འདུག། http://www.youtube.com/watch?v=10rqG91QGWo
མཇུག་གི་དོན་དེས་ནང་ཡིག་ནོར་འགའ་རེ་ཡོད་མོལ་དེ་ཞི་དག་བྱེད་བཞིན་ཡིན།
རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་། ས་སྒོ་བསན་བརྟན་སྒྲོལ་མ། སྐུ་ཞབས་གནམ། གཅན་ཚའི་སྲིན་པོ་རྫ་རྒན་རྣམས་ཀྱིས་གནས་ལུགས་དང་། ཉམས་མྱོང་ཡོད་པའི་གསུང་གླེང་གནང་འདུག་པ་ལ། དགའ་བསུ་དང་ཁ་མིན་དོན་གྱིས་བཀའ་དྲིན་ཆེ་ཞུ།
བྱ་བ་གང་དང་གང་ཡིན་ན། དགེ་སྐྱོན་གཉིས་ཡོད་པ་དང་སྐྱོན་གྱི་ཕྱོགས་ལ་བལྟས་ཏེ་གསུང་གླེང་མང་བོ་གནང་ཐུབ་པ་ཡིན་ན། གཞི་ནས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད། ང་ཚོའི་ཕྱོགས་ནས་ཉམས་མྱོང་གི་མ་འདང་བ་དང་ནོར་འཁྲུལ་ཤོར་ཡོད་ཀྱི་ཡོད་པ་ནི་བདེན་དོན་ཞིག་ཡིན་དུས། དེ་ལ་ངོས་ལེན་ཡོད། འོན་ཀྱང་བྱ་བ་གང་དང་གང་ལ་ཞུགས་ན། ནོར་འཁྲུལ་ཤོར་གི་ཤོར་གི། ལེགས་བཅོས་བྱེད་ཀི་བྱེད་ཀི་འགྲོ་དགོས་པའང་ཆོས་ཉིད་ལྟ་བུ་མཐོང་། དེ་ན་ལོ་ངོ་གཉིས་ལས་མ་ལོན་པའི་གཡག་རྒོད་ཞེས་པའི་བྱིས་པ་ཆུང་ཆུང་འདི་ལ་མཚོན་ན། ཤེས་ཡོན་དང་ཉམས་མྱོང་ཅན་གྱི་བསླབ་བྱ་ནི་མེད་དུ་མི་རུང་བས་ན། བོད་ཀྱི་བྱིས་པའི་རིག་གནས་ལ་དགའ་ཞེན་དང་། སེམས་ཁུར་ཡོད་མཁན་ཚང་མ་འདིར་ཕེབས་ནས་དགོངས་ཚུལ་གསུང་གནང་རོགས། ང་ལ་མཚོན་ན། གསལ་བསྒྲགས་འདི་ལ་བརྟེན་ནས། ཉམས་མྱོང་ལྡན་པའི་མཁས་པ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལྟ་བའི་དགོངས་ཚུལ་ལ་བཀླགས་ཐུབ་པ་དང་བསམ་བློ་གཏོང་རྒྱུ་བྱང་འདིའང་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན། དེ་ན་སྐྱོན་སེལ་སྟངས་དང་ཡར་རྒྱས་གཏོང་སྟངས་ཀྱི་ཕྱོགས་མུ་མཐུད་ནས་གསུང་རོགས།
སྲིན་པོ་རྫ་རྒན་གྱིས་ཡིག་སྐྱོན་སྐོར་ནས་གནད་ལ་ཕོག་པའོ་སྐད་ཆ་དཔང་རྟགས་དང་ལྷན་དུ་བཀོད་གནང་འདུག་ལ་དགའ་བསུ་ཡོད། མུ་མཐུད་ནས་ཡིག་སྐྱོན་ཐེར་འདོན་གནང་རོགས། ཁོམ་དུས་སུ། ང་ཚོའི་དྲྭ་ཐོག་ཏུ་སོང་ནས་སྒྲུང་ཚང་མའི་ཡིག་སྐྱོན་བཅོས་གནང་བའི་གྲོགས་ཕན་བསྒྲུབ་དང་། སྤྱི་ཚོགས་ཀྱི་བདེ་དོན་ཉམས་དུ་བསྒྲུབ་ཆོག། ཟླ་བ་འདི་ནས་བཟུང་། སྒྲུང་རེ་རེའི་གཤམ་དུ། མཆན་འབྲི་སའི་བར་སྟོང་འཇོག་གི་ཡིན་པས། ཡིག་སྐྱོན་རྣམས་འདོན་རོགས།
ཡིག་སྐྱོན་གྱི་གནད་དོན་འདི་ནི་རྔ་བ་མཁས་ཀྱིས་གཟབ་གཟབ་མ་བྱས་པའི་སྐྱོན་ལས་བྱུང་བ་ཡིན་པ་ལས། གཡག་རྒོད་དང་བླངས་རྩོམ་རིག་ཚོགས་མི་གཞན་རྣམས་ལ་འབྲེལ་མེད། ཁོང་རྣམ་པས་ལས་བྲེལ་ཆེ་བའི་སྤྱི་ཚོགས་ནང་དུ། སྒེར་གྱི་ཁེ་ཕན་སྐར་གང་མེད་པར་རིན་ཐང་བྲལ་བའི་དུས་ཚོད་གྲངས་མེད་བཏང་ཡོད།
རྔ་བ་མཁས་གྲུབ་ལ་བརྩོན་སེམས་ཙམ་ཡོད་པ་ལས། བོད་ཡིག་གི་དག་ཆ་ཡག་པོ་མི་ཤེས་པའི་ཁར་ཉམས་མྱོང་ཡག་པོ་མེད།
སྲིན་པོ་རྫ་རྒན་གྱིས་བདེན་གཏམ་གསུང་བ་ལ་དགའ་བོ་བྱུང། མ་འོངས་པར་ངས་བྱིས་སྒྲུང་ཚང་མ་རྩོམ་རིག་ཚོགས་ཆུང་གི་ལེམས་བཅོས་མ་བྱས་པའི་སྔོན་ལ་དྲ་ཐོག་ཏུ་མི་འགོད།
རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱིས། “ཁྱེད་ཅག་གི་དམིགས་ཡུལ་བོད་ཀྱི་བྱིས་པ་ཚོར་་བྱིས་སྒྲུང་ཡག་པོ་བཀླག་རྒྱུ་དགོས་པར་འདོད་པ་ཡིན་ན་རྩོམ་པ་པོ་རྣམ་པར་དེ་ལྟར་རེ་སྐུལ་ཞུ་འོས།” འདིའི་ཕྱོགས་ནས་ང་ཚོས་ཀྱང་བགྲོ་གླེང་དང་བསམ་གཞིགས་མང་བོ་གཏོང་མྱོང་། མ་འོངས་པར་འདི་སེམས་ལ་ཉར་ཏེ་བྱ་འགུལ་སྤེལ་འེ་ཐུབ་བལྟ་ཆོག
ང་འདྲ་བའི་མི་རྒན་ཚོས་བྱིས་སྒྲུང་འབྲི་བའི་འགྲན་བསྡུར་བྱ་འགུལ་སྤེལ་ན་ཞུགས་རྐྱང་ཡིན། དཔེར་ན་ཟླ་བ་སྔོན་མར་ལ་རྩེ་ཚང་གིས་འདྲེ་སྒྲུང་འབྲི་བའི་འགྲན་སྡུར་བྱ་འགུལ་སྤེལ་བ་འདྲ་བོ་རེད། བྱིས་པ་བྱིས་སྒྲུང་འབྲི་ཐུབ་མཁན་དཀོན་པོ་རེད།
ལྟ་དཀར་ལགས། ཉིད་ཀྱི་དྲྭ་བརྙན་བྱིས་སྒྲུང་དེར་ང་དང་ངའི་བུ་ཆུང་གཉིས་ཀྱིས་ཐེངས་འགར་བསྟས་པ་ཡིན། ངོ་མ་ཡག་གི།
ཨ་ལགས་ཀླུ་སྨྱོན་ཚང་གི་ལྷག་བསམ་དང་ཤེས་ཡོན་ལ་ཆེས་གཙང་མ་ཡོད། ང་ཚོས་གྲོས་བསྡུར་བྱས་ཏེ། ལོ་རྗེས་མར་རྣམ་པ་ཚོའི་དགོངས་འཆར་ལྟར་བྱ་འགུལ་སྤེལ་བར་བརྩོན་ངེས་ཡིན།
ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་བ་བདེན་བྱ་འགུལ་འདི་སྤེལ་མཁན་རྣམ་པས་དགོངས་ཚུལ་དེའི་སྐོར་ལ་བསམ་གཞིག་གནང་རྒྱུ་གལ་ཆེ། བྱིས་སྒྲུང་ཡག་པོ་ཞིག་རེག་ན་དེ་ཀའི་འཐུས་པ་ལས་འབྲི་མཁན་བྱིས་པ་ཡིན་དགོས་པའི་སྒྲོག་དེ་མེད་མཛེས་སོ།།
འདི་གའི་སློབ་གྲ་དང་ངོ་ཤེས་བྱིས་པ་ཁ་ཤས་ལ་དོན་དག་འདི་ངེས་བར་བརྗོད་ཆོག། ཡིན་ནའང་འཛུལ་ཞུགས་གནང་མཁན་ཡོད་མེད་བཤད་དཀའ།
ངོ་མ་ཡག་པོ་རེད་་་་
བྱིས་པས་བྲིས་པའི་བྱིས་སྒྲུང་ཞིག་དགོས་ན་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོར་འབྲེལ་བ་གྱིས་དང་། བཙན་བྱོལ་ནང་གི་རྩོམ་པ་པོ་རྒན་གྲས་ཚོས་བྲིས་པ་ལས་ལྷག་པའི་བྱིས་སྒྲུང་རེ་རག་སྲིད། སློབ་གྲྭ་གཞན་ནས་བོད་ཡིག་ནང་བྱིས་སྒྲུང་འབྲི་ཐུབ་པའི་བྱིས་པ་ཞིག་རྙེད་དཀའ།
གོང་གི་གསལ་བསྒྲགས་ཀྱི་ནང་དོན་ཞིབ་མོར་ལྟས་ཚར་། ངའི་བྱིས་སྒྲུང་དེར་འགྲན་བསྡུར་འདི་དང་འགྲོགས་ནས་བོད་ཕྱི་ནང་གི་བྱིས་བ་སྐྱེས་མ་ཐག་པ་ནས་ལོ་ལྔའི་བར་བ་དག་ལེས་སྐྱེས་སུ་ཕུལ་པ་ལས་འགྲན་གྱི་ཆ་རྐྱེན་ཅི་ཡང་མི་ཚང་འགྲན་བསྡུར་གྱི་གྲལ་དུ་་མེད་། བོད་མིའི་མཁོར་ཡུག་དང་ཁ་ཐག་རིང་པས་བོད་ཀྱི་བྱིས་པ་ཆུང་ཆུང་ཚོར་བོད་སྐད་ཚིགས་རྐང་གཅིག་ཡིན་ཡང་། རྣ་བར་གོམས་པས་རེ་བ་དང་བཅས་འདི་རུ་བཀོད་པ་ཡིན།
ང་ཚོའི་བྱིས་སྒྲུང་གཉིས་བ་དེ་ ཨ་མ་བྲེལ་མོང་དང་། ཨ་མ་རི་བོང་ཡིན། ་་ ངའི་རི་ཕྲུག་དག་ནི་། བྲེལ་གྱི་བསད་། བྲེལ་ཕྲུག་རྒྱ་རིས་ང་ཡི་བསད་། ཨ་བྲེལ་མོང་སླེབས་ལ་ཉེ། འགྲོ་ས་ཡོད་ན་འགྲོ་ཡིན་། བསྐོང་ས་ཡོད་ན་བསྐོང་རན་ཡིན།་་ ་་་