གཡུ་དྲུག་དཀར། རྡ་ས།
རྨི་ལམ་ཞིག་ལས་སད་དུས། མིག་ཆུའི་མུ་ཏིག མཁུར་ཚོས་སྟེང་ལ་འབྱར་འདུག་ལ། སེམས་པའང་འཁྱག་ཤུར་ཤུར་དུ་འདུག་པས། ང་རང་དབང་མེད་དུ་ཡར་ལངས་དགོས་བྱུང་།
གོམ་པ་རེ་རེ་དང་ལོ་ཟླ་རེ་རེ་བཞིན། རྒྱབ་ཏུ་སྐྱུར་བཞིན། བར་ཐག་ཅིག་གི་འཁྲེང་སེམས་ཀྱི་གླུ་ངག་ཤུགས་ཀྱིས་གྱེར་བས། སྨག་རུམ་སྟུག་པོའི་ཐུ་འོག་གི་ ལྷིང་འཇགས་ཀྱི་མཚན་མོ་རེ་རེ་བཞིན། གཉིད་ལས་དཀྲོག་མཁན་དེ། ང་རང་ཡིན་སོང་།
སྒེའུ་ཁུང་འགྲམ་དུ་སླེབས་པ་ན། ཡོལ་རས་སྲབ་པོ་དེ། བསིལ་རླུང་གིས་སྒུལ་བཞིན་འདུག་ལ། ཕྱི་རོལ་གྱི་འཇིག་རྟེན་འོད་སྣང་གིས་སྤུད་པའི། ཟླ་བའི་འཛུམ་རླབས་མཐོང་བ་ན། ང་རང་སླར་ཡང་བཟི་སོང་བ་འདྲ།
ཨ་མ་ཟླ་བ་འདྲ་ལ། ཟླ་བ་ཨ་མ་འདྲ་བའི་སྣང་བ། ཟླ་འོད་དང་མུན་ནག་འདྲེས་མཚམས་སུ། ཁེར་རྐྱང་དུ་ལྷག་པའི་ལུས་པོ་འདིའི་གཅུང་ནད་ཡིན་སོང་། ས་མཐའ་རུ་ཟླ་བ་དང་རྨི་ལམ་ཁོ་ན་རུམ་པའི། མཚན་མོ་རེ་རེའི། དྲན་གདུང་གི་རི་མོ་ཡིན་སོང་། སྐྱོ་སྡུག་གི་མུན་པས་བསྒྲིབས་པའི། སེམས་པ་འདིའི་ཁ་དོག་ཡིན་སོང་།
སྒེའུ་ཁུང་ལས་ཕྱི་རོལ་ལ་ཅི་ཙམ་ཅེར་ཡང་། སེམས་ནང་གི་ན་ཟུག་དེ་འཇགས་ཐབས་བྲལ་བས། གོམ་པ་ཁྱར་ཁྱོར་ཅིག་གིས་ང་རང་ཕྱི་རོལ་དུ་དེད་པས། ས་མཐའི་གླུ་ངག་ལྟ་བུའི་དབུགས་རིང་མནར་མནར་རེ་ལ་ཁེན་ནས། ཡུལ་གྱར་བའི་བྲང་ཁོག་གི་སྡུག་ཡུས་འཇོ་སའི། ཟླ་ངོགས་ཀྱི་ཁུག་སོ་རེ་ལ་འཆམ་འཆམ་བྱས་དུས། ངས་རང་གི་གྲིབ་གཟུགས་ཀྱི་སྐྱོ་ཉམས་དེ་མཐོང་བྱུང་ལ། ཡོད་ཚད་གཉོད་ལ་ཤོར་ནས། མི་ཡུལ་གྱི་ཆེས་ལྷང་འཇགས་ཀྱི་འཇིག་རྟེན་འདི་རུ། ངས་རང་གི་གོམ་སྒྲ་ལྷག་མ་དེའང་ཚོར་བས། ལྗིད་ཏིག་ཏིག་གི་མགོ་བོ་ཡར་དགྱེས་ཏེ། འཛུམ་དམུལ་དམུལ་གྱི་ཟླ་བའི་ངོ་གདོང་ལ་ཡང་དང་བསྐྱར་གྱིས་ལྟ་དགོས་བྱུང་།
ཟླ་བ་སྒོར་སྒོར་དེའི་མཐའ་བསྐོར་ན་ཕྲ་ལེམ་མེར། སུ་ཞིག་གི་གཅེས་ཕྲུག་ཚོས། ཨ་མའི་པང་ལ་འགྲམ་པ་བཞག་ནས་གཉིད་འདུག་པ་ལྟ་བུའི། སྐར་ཚོགས་ཀྱི་ལང་ཚོ་དང་འཚོ་བའི་རི་མོ་དེ་ལས། མ་བུའི་སེམས་ཀྱི་འོད་སྣང་མཐོང་ཞིང་། བརྩེ་སེམས་ཀྱི་དར་ཐག་རིང་དུ་བསྲིངས་ལ། ལས་འབྲེལ་གྱི་བར་ཐག་རིང་པོ་འདིའི། མུན་ནག་གི་ཕྱི་ཤུན་ཡང་འདོམ་གྱིས་འཇལ།
དེ་བས། ངས་རང་ཉིད་སད་བྱུང་པའི་རྨི་ལམ་དེ། དུས་ནམ་ཡང་བརྗེད་ཐབས་མ་བྱུང་ལ། ཟླ་བའི་འོད་མདངས་ཆེ་རུ་འགྲོ་བཞིན་པའི་མཚན་མོ་རེ་རེར། ངས་སླར་ཡང་ཁེར་རྐྱང་གི་གླུ་བ་ཞིག་གི་སྐྱེ་བ་བླངས་པའམ། རྨི་ལམ་ཞིག་གི་རྫི་བོར་གྱུར་བ་བཞིན། རང་གི་གླུ་ངག་ལ་བརྟེན་ནས། རྨི་ལམ་དེ་ཁོ་ན་འཚོལ་ཞིང་། རྨི་ལམ་དེ་ཁོ་ན་རུམ་ཡོད།།
ང་ཆུང་ཆུང་སྐབས་སུ་སྡེ་བའི་མ་ནི་ཁང་ནས་མི་ལ་རས་པའི་མགུར་མ་ལེན་སྐབས། རང་གི་ཤེས་པའི་ལ་གཞས་དེ་མགུར་མའི་རྟ་ལ་དྲང་ནས་བླངས་པ།
གཡུ་དྲུག་དཀར་གསལ་ལེ་འོད་པོ་ཆེ།།
མ་ཡག་མ་རིག་ན་བྱིན་ན་འདོད།།
ཅེས་བླངས་པ་ན། སྡེ་བའི་རྒན་གཞོན་ཚང་མས་མ་ནི་དབྱངས་རྟ་ལ་དྲང་ནས་འུར་ཆི་ལེར་བཏོན་པས་སུས་ཀྱང་མ་ཤེས། འོན་ཀྱང་ངའི་གྲོགས་པོ་ཁ་ནག་གིས་ཤེས་ནས་སྡེ་བའི་དགེ་བསྐོས་ལ་གཏུགས་པས། ང་ལ་ཆད་པ་གདན་དཀར་གཅིག་དང་ཇ་གཅིག ད་དུང་ལུག་གཅིག་བྱས་ཆད་པ་བཅད། ངའི་ཨ་ཕ་རླུང་ལངས་ནས་ང་ལ་རྡུང་རྒྱུ་ཟེར། ཨ་མས་ང་བསྐྱལ་ནས་ཨ་ཅེ་ཚང་ནས་ཉིན་ཁ་ཤས་བསྡད་ནས་ཤོག་ཟེར། འ་ཡོད་ དེ་ནས་བཟུང་ངས་གཡུ་དྲུག་དཀར་ཟེར་བ་འདི་མཐོང་བ་དང་ཐོས་པ་དེ་རིང་ཐོག་མ་ཡིན། ཡང་བསྐྱང་སེམས་ནང་ཟིག་ན་ཆུང་ཆུང་སྐབས་ཀྱི་སྣང་བ་ལྟར་འབུས་ཡོང་གོ་ཀི
འོ་གྲོགས་པོ་ཟླ་མེད་ལགས་ཀྱི་དགོན་པའི་དགེ་སྐོས་ཀྱི་ལུག་ཟ་གི་ཡོད་པ་ཨེ་རེད། དེ་མིན་ལུག་འཕྲོག་དོན་མེད་ལ།
མྱིག་རྫོབ་ཁྱོས་མིག་ཤེལ་ལེན་རན་བསྡད་ཡོད་ཀི་ཡ། སྡེ་བ་དང་དགོན་པ་ལོག་ཀ་རེད། སྡེ་བའི་དགེ་བསྐོས་དང་དགོན་པའི་དགེ་བསྐོས་ཡང་ལོག་ཀ་ཡིན་ནི་རེད། ང་ཚོ་སྡེ་བ་ཚོ་བ་དེ་ཚོ་ཆོས་ལྡན་གྱི་ཞིང་ཁམས་རེད་མོ། དགེ་བསྐོས་ཡོད་ནི་རེད་ཡ། ཁྱོད་ཚོའི་སྡེ་བ་འདྲ་མོ་མགོ་གཞུ་མེད་ནོ་དེ་མོ་ཡིན་ནི་མ་རེད་ཡའ།