གཅན་ཡེ་རྒྱམ།
ཝེ་སི་ཀོན་སིན་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་༡༠/༥ཉིན་ཀྱི་ཞོགས་པ་ཆུ་ཚོད་༡༡:༣༠ཀྱི་སྟེང་རི་དྭགས་ནགས་ཀྱི་ཚལ་དགོན་པའི་ནང་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་འཁོར་༤༤འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་ལ། སྐབས་དེར་ཕྱི་རྒྱལ་སྐུ་མགྲོན་དང་། ས་གནས་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཅིག་དངོས་ཕེབས་གནང་ཡོད།
ཐོག་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཆོད་མེ་ཞལ་ཕྱེ་སྟེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དངཨ་རིའི་རྒྱལ་གླུ དཔའ་བོ་དཔའ་མོ་ཚོའི་ཆེད་སྐར་མ་གཅིག་རིང་མྱ་ངན་གུས་འདུད། གཞོན་ནུའི་མཐུན་གཞས་སོགས་བཏང་རྗེས་བཀའ་སློབ་ཀྱི་མགོ་ཚུགས།
དུས་ཆེན་འདིར་སྐུ་མགྲོན་གཙོ་བོར་མེ་ཌི་སིན་གྲོང་ཁྱེར་སྤྱི་ཁྱབ་འཇོ་ཕི་རེ་སི་( Mr, Joeparisi )མཆོག་དངོས་འཕེལ་གནང་ཡོད་ལ། ཁོང་གི་བཀའ་སློབ་ནང་”བོད་མི་རིགས་ནི་༧གོང་ས་ཏ་འི་བླ་མ་མཆོག་གིས་དབུ་འཁྲིད་པའི་འཛམ་གླིང་འདིའི་སྟེང་བྱམས་དང་སྙིང་རྗེ། ཞི་བདེ་སྤེལ་མཁན་གྱི་མི་རིགས་ཁྱད་འཕགས་ཅན་ཞིག་ཡིན་ཞེས་དང ད་ལྟའི་ཆར་རང་སྲོག་མེ་རུ་སྒྲོན་མཁན་ཧ་ལས་པའི་མང་པོ་བྱུང་བ་དང་། ད་ནས་བཟུང་མཚམས་འཇོག་བྱེད་རོགས་ཅེས་རེ་འབོད་ཞུ་བཞིན་ཡོད། ཁྱེད་རང་ཚོ་སྐུ་འཚོ་བཞུགས་ཀྱིས་ང་ཚོའི་ཐབས་རྩོད་ལ་རོགས་འདེགས་བྱེད་དགོས་འདུག་”ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་ཤིག་གསུངས་ཡོད་ལ། གཞན་ཡང་ཨ་རིའི་གཞུང་གི་གྲོས་ཚོགས་འཐུས་མི་རོན་ཇོན་སིན་མཆོག་དེ་རིང་ཕེབས་རྒྱུ་བྱས་ཡོད་ཀྱང་ཨ་རི་གཞུང་སྒོ་བརྒྱབ་པར་བརྟེན་ཁོང་དང་ཁོང་སྐུ་ཚབ་ཚོ་ཕེབས་ཐུབ་མེད། ཡིན་འང་། ཁོང་གིས་གསུངས་འཕྲིན་ཞིག་བསྐུར་བའི་ནང་ད་ཐེངས་ཀྱི་མཛད་སྒོའི་སྟེང་སླེབས་མ་ཐུབ་པར་དགོངས་སེལ་དང་། མ་འོངས་པར་ཡང་ཡང་བཅར་ཐུབ་པའི་རེ་བ་ཡོད་ལ། ངས་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་ཡོད་སོགས་གསུངས་ཡོད། །
ཝ་ེ་སི་ཀོན་སིན་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆུང་ཚེ་རིང་མཆོག་གིས་བཀའ་སློབ་ནང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་གྱུར་བའི་ཞིང་འདི་ཉིད་ནག་ཕྱོགས་དཔུང་གིས་ཉམས་ཉེས་སུ་བཏང་ནས་ས་མཐའ་ལུང་པར་འཁྱམ་པའི་སྐབས་འདིར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཤུགས་རྒྱག་དགོས་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་ཕམ་འབྱུང་གཞིའི་རིགས་དེ་མི་ཁ་ཤས་ཅིག་གིས་བཟོས་པ་དེ་ཕྱི་གསལ་ནང་གསལ་ཆགས་ཡོད་ལ། གཞོན་ནུས་རང་བཙན་ཐབས་རྩོད་བྱེད་པར་སུ་གཅིག་གིས་བཀག་འགོག་བྱེད་བཞིན་མེད་པ་ཁ་གསལ་ཆགས་ཡོད། ལྷག་པར་དུ་ང་ཚོ་ས་གནས་ཀྱི་གཞོན་ནུས་སྔ་ཕྱི་བར་གསུམ་ཀུན་ཏུ་ཤུགས་བརྒྱབ་སོང་ལ་ད་དུང་མུ་མཐུད་དུ་དེ་ལྟར་ཤུགས་རྒྱག་པའི་རེ་བ་ཡོད་སོགས་ཀྱི་བཀའ་སློབ་རྒྱས་པར་གསུངས་སོང་། །
སྐབས་འདིའི་སྤྱི་ཚོགས་ཞབས་ཞུ་བྱ་དགའ་དེ་ཡེ་ཤེས་རྒྱ་མཆོ་ལ་གནང་ཡོད་ལ། ཁོང་ལ་གནང་དགོས་དོན་ནི་ས་གནས་སྤྱི་མཐུན་ཚོགས་པའི་ལས་འགན་སྤྱི་དང་། ལྷག་དཀར་ལ་ཆགས་མེད་དང་། བོད་རིགས་རྣམས་ལ་བོད་ཡིག་སློབ་ཁྲིད་གཙོ་བའི་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་གི་ཡོད་པ་སོགས་ཀྱིས་འགྲེལ་བརྗོད་གནང་སོང་ལ། གཞན་ཡང་ཕུར་བུ་དང་མི་འགྱུར་གཉིས་ལའང་དཔེ་ལེགས་ཀྱི་བྱ་དགའ་གནང་ཡོད། །
ས་གནས་གཞོན་ནུའི་ཚོགས་གཙོ་རྙིང་པ་མགོན་པོ་མཆོག་གིས་ད་ལྟའི་བར་ལོ་གསུམ་རིང་ས་གནས་མི་མང་གིས་རོགས་རམ་དང་རྒྱབ་སྐྱོར་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་རྒྱུན་ལས་གསར་བ་རྣམས་ལའང་དེ་བཞིན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས། །
ཚོགས་གཙོ་གསར་བ་བསམ་འགྲུབ་ལགས་ཀྱིས་ང་ཚོས་མ་འོངས་པར་ཆབ་སྲིད་ཀྱི་རྙོག་དྲའི་ནང་མགོ་མ་འཁོར་བར་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་ལས་འགུལ་སྤེལ་རྒྱུ་དང་སྤྱི་ཚོགས་ཞབས་ཞུ་ཐོག་ནུས་ཤུགས་གང་ལེགས་འདོན་རྒྱུ་ཡིན་སོགས་ཀྱི་བཀའ་སློབ་དང་། མཐའ་མར་མི་འགྱུར་ལགས་ཀྱི་བཟོས་པའི་ས་གནས་གཞོན་ནུའི་དྲ་ཚིགས་སྒོ་འབྱེད་དང་བཅས་ལས་འགུལ་གྲོལ། །
བོད་ཀྱི་ཁ་སྐད་ཡིག་ཐོག་ཏུ་འབྲི་བའི་དགེ་མཚན།
བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ།
བོད་ཡིག་འབྲི་ཀློག་སྐོར་ལ་ངའི་དྲན་ཚུལ་འགའ་ཤས་ཁ་སྐད་ཐོག་ནས་འབྲི་འདོད་བྱུང་། དེང་སང་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་མི་མང་པོས་བོད་སྐད་ཤེས་ནའང་། བོད་ཡིག་འབྲི་ཀློག་གཉིས་ཀར་དཀའ་ངལ་འདུག དེའི་རྒྱུ་མཚན་ལ། ཡིག་སྐད་དང་། ཁ་སྐད་བར་ལ་ཚིག་བེད་སྤྱོད་བྱེད་སྟངས་འགྱངས་བད་ཏོག་ཙམ་ཡོད་པའི་ཐོག་ལ། ང་ཚོའི་སྲོལ་རྒྱུན་གྱི་བོད་ཡིག་འབྲི་སྟངས་འདི་ལ་རྒྱ་གར་དང་། དབྱིན་ཇིའི་ཡི་གེ་འདྲ་པོ་ནང་བཞིན་ཚིག་རེ་རེ་བཞིན་ནས་གཅོད་མཚམས་ཡོད་མ་རེད་ལ། ཚིག་སྒྲུབ་ཧ་ཅང་རིང་པོ་དང་། གཅིག་ལ་གཅིག་འབྲེལ་ཐོག་ནས་འབྲི་སྟངས་རྙོག་པོ། དག་ཆའི་འགྲོ་སྟངས་ཅ་ཟིང་ཙམ་དང་། སུམ་རྟགས་ཁ་གསལ་ལ་མ་གསལ་དེ་བཅས་ཀྱི་ཐོག་ནས་དཀའ་ངལ་འདུག་ཟེར་གྱིན་ཡོད་རེད། གང་ལྟར་བོད་ཡིག་ཀློག་པ་ཡིན་ན་ཁོང་ཚོས་ཉན་དུས་ལམ་སེང་གོ་ཐུབ་ཀྱིན་ཡོད་མ་རེད།
དཔེར་ན། གསར་འགྱུར་རྒྱང་བསྲིང་དེ། གནས་ཚུལ་གསར་པ་དེ་བཅས་མང་ཚོགས་ནས་ཤེས་པའི་ཆེད་ལ་བཤད་ཀྱིན་ཡོད་རེད་དེ། གཞིས་བྱེས་གཉིས་ཀའི་གསར་འགྱུར་རྒྱངས་བསྲིངས་ཁག་ཉན་དུས། ད་ལྟའི་ཀློག་སྟངས་དེ་ཚོ་ཡིག་སྐད་གཙོར་བཟུང་བྱས་ནས་ཀློག་ཙ། དེ་སྔ་བོད་ཡིག་འབྲི་ཀློག་གཉིས་ལ་དཀའ་ངལ་ཡོད་མཁན་དེ་ཚོས་དོ་སྣང་བྱས་ནའང་སྐད་དང་ཡི་གེའི་བར་དབྲག་གི་འབྲེལ་བའི་རྨང་གཞི་མེད་དུས། གསར་འགྱུར་ཆ་ཚང་གོ་བ་ལ་འགོག་རྐྱེན་བྱེད་ཀྱིན་ཡོད་རེད།
ལྷག་པར་དུ་ཕྱིས་སུ་གསར་འགྱུར་ཀློག་སྟངས་ཚིག་གི་གཅོད་མཚམས་ཐུང་ཐུང་མང་པོ་བཟོས་ནས། གཅོད་མཚམས་ཁག་དེ་བཅས་རིང་པོར་སྣར་ཙ། དེ་བས་ཀྱང་ནས་གོ་མ་བདེ་བར་བྱེད་ཀྱིན་ཡོད་རེད། བོད་སྐད་རང་གི་འགྲོ་སྟངས་ལ་ཡིག་སྐད་དང་། ཁ་སྐད་གཉིས་ཀར་ཚིག་མཇུག་བསྡུམ་དེར་བཅད་ནས་སྣར་ཆ་མེད་པ་འདྲ་འདྲ་ཡིན་པ་དེ། ང་ཚོ་ཉན་མཁན་ཙམ་མ་ཚད། ཀློག་མཁན་ཁོངས་རྣམས་ཚོ་ཚང་མས་སོ་སོས་ཀློག་པའི་སྐབས་ལ་ཡག་པོ་བྱས་ནས་གསན་ན་མཁྱེན་གསལ་རེད། ཚིག་གི་གཅོད་མཚམས་དང་། གཅོད་སྟངས་འཆར་ཅན་ལྟར་བྱས་བཞག་ན་བོད་སྐད་རང་གི་འགྲོ་སྟངས་དང་ཡང་མཐུན་པ་རེད་ལ། གོའང་བདེ་བ་རེད། ལྷག་པར་རྒྱང་བསྲིང་ཁ་ཤས་རྒྱ་སྐད་ཀྱི་སྒྲ་མདངས་འདྲ་པོར་ཡར་ཀྱག་མར་ཕབ་ཤུགས་ཆེན་པོ་དང་། རིང་པོར་འཐེན་ཙ། མཚམས་རེ་བོད་སྐད་ཡིན་དང་མ་ཡིན་ལམ་སེང་ཧ་མི་གོ་བ་དེ་འདྲ་འདུག་ཟེར་མཁན་ཡོངས་གྲགས་རེད། གང་ལྟར་བོད་སྐད་ཀྱི་གདངས་དེ་བོད་ལུགས་རང་གི་སྒྲ་དྲག་ཞན་ལ་སོགས་པའི་འགྲོ་སྟངས་དེ་སྔ་ནས་ཡོད་ཡོད་པ་དང་མཐུན་པ་ཞིག་རང་འཇགས་བཞག་ན། ང་ཚོའི་རིག་གཞུང་གཅེས་འཛིན་ལ་ཞབས་འདེགས་གལ་ཆེ་བ་ཞིག་རེད།
སྤྱིར་བཏང་ཡིག་སྐད་དེ་གཏིང་རིང་པོ་དང་། བརྗོད་བྱ་འདུས་པོ། སྙན་པོ། གཟི་བརྗིད་ཆེན་པོ། དོན་དག་ཟབ་ལོད་ལ་སོགས་པ་འདྲ་མི་འདྲ་ག་རེ་དགོས་ནའང་འཇུག་པ་བདེ་པོ་བྱེད་ནས་འབྲི་ཐུབ་པའི་དགེ་མཚན་མང་པོ་ཡོད་རེད། ཡིན་ནའང་ཚིག་ཕལ་ཆེ་བ་ཆོས་ཚིག་དང་འབྲེལ་ཙ། དེ་ཚོར་འགྲེལ་བཤད་མེད་པར་ལམ་སེང་གོ་ཐུབ་ལ་མ་ཐུབ་སྣ་ཚོགས་ཡོད་དུས། ཐོག་མར་སློབ་རྒྱུ་སྐད་ཡིག་གཞན་དག་ལས་ཅ་ཟིང་བ་རེད་འདུག
ང་ཚོས་དེ་སྔ་ཡི་གེ་ག་དུས་འབྲི་ནའང་ཡིག་སྐད་གཙོར་འདོན་བྱེད་ནས་འབྲི་བ་མ་གཏོགས། ཁ་སྐད་ནང་བཞིན་འབྲི་རྒྱུའི་གོམས་གཤིས་མེད་ཙ། རྩ་བའི་བོད་པའི་སྐད་ཡིག་ལ་དོ་སྣང་དང་། འཕེལ་རྒྱས་ཐོག་ལ་ཤུགས་མ་ཐུབ་ཀྱིས་འགོག་རྐྱེན་བྱེད་ཀྱིན་ཡོད་རེད། བྱས་ཙ་རྒྱུན་དུ་བེད་སྤྱོད་བྱེད་པའི་ཡི་གེའི་རིགས་དེ་ཁ་སྐད་ནང་བཞིན་ཡིག་ཐོག་ཏུ་བྲིས་པ་ཡིན་ན། བོད་ཡིག་འབྲི་ཀློག་གཉིས་ཀར་དཀའ་ངལ་སེལ་ཐུབ་པ་ཞིག་དང་། དེ་ནས་རིམ་པས་ཡིག་སྐད་ལའང་དོ་སྣང་འོང་བའི་ཟམ་པ་འདྲ་པོ་ཞིག་ཆགས་ནས། སྤྱིར་བཏང་བོད་པའི་སྐད་ཡིག་རང་གི་རྨང་གཞི་རྒྱ་སྐྱེད་ཐུབ་པ་ལ་ཕན་ཐོག་ངེས་པར་དུ་འོང་གིན་རེད་བསམ་གྱིན་འདུག
དེ་འདྲ་སོང་ཙ་སྐད་ཆ་ཤོད་སྟངས་ཕལ་པ་དཀྱུས་མ་རང་མིན་པར་ཕྲན་བུས་གནས་ཚད་མཐོ་ཙམ་བྱས་ནས་བྲིས་ན། སུམ་རྟགས་ཀྱི་འགྲོས་དང་། དག་ཆ་མ་ཉམས་པའི་ཐོག་ནས་ཁ་སྐད་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཡས་མས་ཙམ་ཡིག་ཐོག་འཁྱོལ་མདོག་ཁ་པོ་རེད། ང་ཚོས་ཁ་སྐད་ཡིག་ཐོག་ལ་ཕབ་ཟེར་དུས་ངེས་པར་དུ་མདོ་དབུས་ཁམས་གསུམ་གང་རུང་གཅིག་གི་ཡུལ་སྐད་ལ་ཚད་འཛིན་དགོས་མདོག་ཁ་པོ་མ་རེད། ཡག་པོ་བྱས་ནས་དཔྱད་ན། ལོག་སྐད་མ་བརྩིས་པའི་ཆོལ་ཁ་གསུམ་གྱི་ལུང་པ་ཚང་མའི་ཁ་སྐད་ནང་ལ་བརྡ་གསར་རྙིང་ལ་སོགས་པའི་ཚིག་གང་འདྲ་ཞིག་བེད་སྤྱོད་གཏོང་མི་གཏོང་གི་ཁྱད་པར་ཞིག་བྱུང་བ་མ་གཏོགས། ཚང་མ་བོད་སྐད་གཅིག་གྱུར་རེད་ལ། བརྡ་དག་གི་འགྲོས་ལ་བསྟུན་ན། མང་ཆེ་བ་ཡིག་ཐོག་འཁྱོལ་ཐུབ་པ་འདྲ་འདྲ་རེད། བྱས་ཙ་ངས་འདིར་དབུས་སྐད་གཞིར་བཞག་གིས་བྲིས་ནའང་། ཁ་སྐད་ཀྱི་ཡི་གེ་ཚང་མ་དབུས་སྐད་རང་ལ་བསྟུན་ནས་འབྲི་དགོས་ཀྱི་མ་རེད། ལུང་ཚན་སོ་སོའི་ཁ་སྐད་ནང་བྲིས་ན་བོད་པའི་སྐད་ཡིག་གི་སྤྱོད་ཡུལ་ཁྱབ་རྒྱ་ཆེ་བ་འོང་གི་རེད།
ང་ཚོས་ཡིག་སྐད་ལ་རྩ་བ་ཆེན་པོར་བརྩིས་ནས་དེ་རང་བེད་སྤྱོད་གཙོར་འདོན་བྱས་ན། རིན་ཐང་བྲལ་བའི་༧རྒྱལ་བའི་བཀའ་བསྟན་ལ་སོགས་པའི་ཡི་གེའི་ནང་དུ་ཡོད་པའི་རིག་གནས་གལ་ཆེན་པོ་དེ་ཚོའི་ནང་དོན་མི་ཤེས་པར་ཆགས་རྒྱུའི་ཉེན་ཁ་སྔོན་འགོག་ཐུབ་པའི་བསམ་བློ་དེ་ལ་ཕྱོགས་གཅིག་ནས་རྒྱུ་མཚན་ཡོད་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་བལྟ་དུས། སྤྱིར་བཏང་བོད་ཡིག་གི་སྤྱོད་ཤུགས་དེ་རང་ཁྱབ་རྒྱ་ཆེ་རུ་འགྲོ་ཐབས་ཤིག་བྱེད་མ་ཐུབ་ན། རིམ་པས་བོད་པའི་སྐད་ཡིག་འབྲི་ཀློག་ཉན་གསུམ་ཐུབ་མཁན་རྩ་བ་ནས་ཇེ་ཉུང་འགྲོ་རྒྱུ་གཏན་ཁེལ་ཙ། བོད་ཡིག་གི་གནས་ཚད་མཐོན་པོ་ཡོད་མཁན་དེ་བས་ཀྱང་ནས་ཉུང་དུ་འགྲོ་རྒྱུ་ཐག་ཆོད་ཆོད་པ་མ་རེད་པས། དེ་འདྲ་སོང་ཙ་ང་ཚོའི་གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་འབྲི་ཀློག་ཉན་གསུམ་ཐོག་ལ་སྣང་བརྟག་མེད་པ་ཞིག་བཟོ་ཐུབ་ན། རྨང་གཞི་དེའི་ཐོག་ནས་སྐད་ཡིག་གི་ཤེས་ཚད་ཟབ་ཏུ་གཏོང་རྒྱུའི་ཐབས་ཤེས་ཡོད་ཡོད་པ་རེད་བསམ་གྱིན་འདུག འདིའི་སྐོར་ལ་ཀླད་རྙིང་མཁྲེག་བཟུང་མིན་པར། རླབས་ཆེ་བའི་ཡར་རྒྱས་གཏོང་སྟངས་གང་འདྲ་ཡོད་མེད་ཆོད་སེམས་ཆེན་པོས་བརྟག་དཔྱད་བྱས་ནས། གསར་གཏོད་ཀྱི་ལམ་འགག་གུ་ཡངས་པོ་ཞིག་མགྱོགས་པོ་འཚོལ་ཕྱོགས་སྐོར་ལ་ཚང་མས་དགོངས་པ་བཞེས་དགོས་ངེས་རེད་ལ། དགོངས་བཞེས་གནང་རན་བཞག་བསམ་གྱིན་འདུག །།
བོད་ཀྱི་དུས་བབས་ནས་དྲངས་བ་ཡིན། ནོར་འཁྲུལ་མཆིས་ན་བཟོད་གསོལ་ཞུ། །
༄༄། རྒྱ་འདྲེ་རྒྱ་དམར་ཡང་ཞི་སྣང་དང་སེམས་ཚབ་གཏེར་བ། རང་ཅག་ཁ་བ་ཅན་པ་སྔར་ནས་རང་བཙན་བཞིན་བདེན་པའི་ལང་ཕྱོགས་འགྱུར་མེད། མ་འོངས་བོད་ཀྱི་སོན་རྩ་། རྒྱ་དམར་དཔོན་པོ་གང་དུ་ཕྱིན་ཀྱང་ངོ་ཚ་ནང་དུ་གཅུག་པོ། བོད་་གང་ཅན་པའི་ན་གཞོན་ཚོགས་པ་དབུ་རྙེན་ནས་བགྲང་བྱ་༤༤ འཁོར་བ་བཀྲིས་བདེ་ལེགས་འབུམ་ཕྲག་གྲངས་མེད་ཞུ། དབུ་མའི་ལམ་དང་རང་བཙན་རྩོད་ལེན་པ་གཉིས་ཀའི་དམིགས་ཡུལ་བོད་རིགས་ཀྱི་ཆེད་དུ་ཡིན་པས་མི་བྱེ་བྲག་པ་འགས་སྤྱོད་ཚུལ་ལ་བརྟེན་ནས་གཞོན་ནུ་སྤྱི་དང་དབུ་མ་པ་སྤྱི་ལ་མི་གདང་བ་དང་། ལྷག་པར་གཞོན་ནུའི་ལང་ཚོགས་རང་བཙན་ལ་འགྱུར་བ་་མེད་པ་དེ་གལ་ཆེ། དགུ་བཅུ་གསུམ་ལྟ་བུའི་ཚོགས་པའི་ལང་ཕྱོགས་མི་བརྟེན་གློག་ལྟར་མི་འགྱུར་བ་ཞུ། དགུ་བཅུ་གསུམ་གྱི་རྒྱུན་ལས་རྙིང་པ་ནས་ལང་ཕྱོགས་འགྱུར་བ་དེ་ལ་བདེ་པོ་རང་མ་བྱུང་ཞེས་དང་འབྲེལ་ཁྲ་མིན་ནག་མིན་གྱི་གསུང་བཤད་དང་། བདེ་པོ་མ་བྱུང་བའི་རྒྱུ་མཆན་གསུམ་སོགས་བཤད་ནས་སྐད་ངན་ཤོར་འདུག། བོད་ཀྱི་ན་གཞོན་ཚོགས་པ་ནི་དམ་བཅའ་མི་འགྱུར་བ་རྡོར་རྗེ་བྲག་ལྟར་བྱེད་དགོས། ཡིན་ན་ན་གཞོན་ཚོགས་པའི་ལང་ཕྱོགས་རང་བཙན་ཡིན་ན་ཡང་གོང་ས་མཆོག་ལ་གུས་བཀུར་དང་དཀོན་མཆོག་གོང་ཕུད་བྱེད་རྒྱུར་གལ་ཆེ། བོད་ཀྱི་ཆབ་སྲིད་ཁ་འཁྱེར་བ་དེ་ཚོས་རང་བཙན་རྩོད་ལེན་བྱེད་ན་རྒྱལ་བའི་བཀའ་དང་འགལ་ཞེས་པ་སོགས་དཀྲུག་ཤིང་མ་རྒྱབ་རོག། རང་མགོ་གསེར་གྱི་གདུང་བ་དང་རྡོ་ཡིས་གདུང་བ་ལ་གཟུགས་གཟེར་ཁྱེད་པར་མེད་ཡིན་ནོ་། བོད་ནང་རང་བཙན་པ་ལ་རྒྱ་རོས་དྲག་གནོན་དང་། བཙན་འབྱོར་ནང་ལ་ཆབ་སྲིད་ཁ་འཁྱེར་དང་གོང་ས་མཆོག་གི་དགོངས་པ་ལོག་འབྲེལ་བྱེད་ནས་མཉའ་གནོན་བྱེད་པ་ནི་མཚམ་མཚམ་ལ་སེམས་པ་སྐྱོ་ནསའདྲེན་བྱེད་ཟུང་ནས་ཆར་ཆུ་དབྱར་གྱི་ཆུ་བོ་བཞིན་འབས་པའི་བོད་མི་ཉུང་ངོ།
དངོས་གནས་ཚོགས་པའི་ལྟ་གྲུབ་རང་བཙན་ལ་འགྱུར་བ་མེད་པ་རྟག་ཏུ་གནས་དགོས་པ་དང་།༧གོང་ས་མཆོག་གི་མཛད་འཕྲིན་ལ་གཞོན་ནུ་ལྷན་ཚོགས་ནས་གུས་བཀུར་ཞུ་བཞིན་ཡོད་པ་ང་ཚོས་ངོས་འཛིན་ཞུ་ཀྱི་ཡོད་དེར་བརྟེན་ཁྱེད་ཚོའི་དམ་བཅའ་མི་འགྱུར་རྡོ་རྗེ་བྲག་ལྟར་གནས་དགོས། གོ་སྐབས་འདི་བརྒྱུད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
༼གང་ལྟར་བོད་སྐད་ཀྱི་གདངས་དེ་བོད་ལུགས་རང་གི་སྒྲ་དྲག་ཞན་ལ་སོགས་པའི་འགྲོ་སྟངས་དེ་སྔ་ནས་ཡོད་ཡོད་པ་དང་མཐུན་པ་ཞིག་རང་འཇགས་བཞག་ན། ང་ཚོའི་རིག་གཞུང་གཅེས་འཛིན་ལ་ཞབས་འདེགས་གལ་ཆེ་བ་ཞིག་རེད།༽
དགོངས་ཚུལ་འདི། ཨ་མདོའི་སྐད་ཀྱི་གདངས་དང་། ཁམས་པའི་སྐད་ཀྱི་གདངས་དང་། སྟོད་པའི་སྐད་ཀྱི་གདངས་དང་། དབུས་བཙང་སྐད་ཀྱི་གདངས་དང་། མོན་པའི་སྐད་ཀྱི་གདངས་བཅས་བོད་ཁམས་འདིར་གནའ་ནས་དེང་གི་བར་གསོན་པོར་གནས་པའི་སྐད་ལུགས་ཡོངས་ལ་རིགས་འགྲེས་བྱས་ན་ཤིན་ཏུ་ལེགས་པར་སེམས་སོ། ད་དུང་བོད་ཀྱི་སྐད་རིགས་འདི་ཚོའི་ནང་དུ་ཞང་ཞུང་གི་སྐད་དེ་མངོན་གསལ་དོད་པོར་འཇོག་དགོས་པར་སེམས། འདི་ལོ་རྒྱུས་ཀྱི་ཆ་ནས་ཆུང་ཆུང་མ་རེད་སྣང་མེད་དུ་འཇོག་མི་རུང་། དཔེར་ན་རྒྱ་གར་གྱི་དངུལ་ལོར་སྟེང་དུ་སྐད་རིགས་མི་འདྲ་བ་ལས་དྲངས་བའི་ཡིག་རིགས་མི་འདྲ་ག་ཚོད་བཀོད་འདུག། དེ་ཚོ་སོ་སོའི་ལུང་པར་སྐད་ཡིག་སྣ་འཛོམ་ཡོད་ཟེར་ནས་གཞན་ལ་ངོམ་ངོམ་བྱེད་ཀྱི་ཡོད་རེད་དོ། ང་ཚོ་བོད་པ་ཚང་གིས་སོ་སོའི་ལུང་པར་ཡོད་པའི་སྙན་ཞིང་འཇེབས་པའི་སྐད་རིགས་དང་ལྟ་ན་སྡུག་པའི་ཡིག་རིགས་མི་འདྲ་བ་རྣམས་གང་ཐུབ་ཐུབ་ཕར་སྦས་བསྐུང་བྱེད་པའི་་བཟོ་ཞིག་སྟོན་གྱི་མི་འདུག་གམ། ལས་སྟངས་འདི་ཚོ་ངོ་མ་མཚར་པོ་རེད་དྲན་གྱི་ཡོད། །
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༤འཁོར་བའི་དུས་དྲན་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ གུས་པ་མཐོང་རྒྱ་ཐོས་རྒྱ་ཆུང་ཡང་བོད་རིགས་རྩམ་ཟན་པ་ཞིག་ཡིན་པའི་ཆ་ནས་ང་ཚོའི་ལང་ཕྱོགས་ལ་དུས་ནམ་ཡོངས་འགྱུར་བ་མ་ཐེབས་པའི་རེ་བ་ཆེ། ང་ཚོའི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་མདུན་ཞུ།