༼གསལ་བཤད། རྩོམ་ཡིག་འདི་དགེ་བཤེས་བེ་རི་འཇིགས་མེད་ལགས་ཀྱི་གདོང་དེབ་ལས་བཤུས་པ་ཡིན།༽
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
རྒྱ་ནག་མི་དམངས་ཉིན་རེའི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ པའི་ཚེས་༨ ཉིན་གྱི་སྔ་དྲོར། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ཡི་བོད་མི་འདུས་སྡོད་ས་ཁུལ་ཝུ་ཧོ་སི་རུ་བོད་མི་གསུམ་དམར་གསོད་བཏང་བའི་དོན་རྐྱེན་ཞིག་བྱུང་ཡོད་པ་དང་། ཉེན་རྟོག་པས་རྩད་གཅོད་བརྒྱུད་དོགས་ཡོད་ཉེས་ཅན་པ་མི་གསུམ་འཛིན་བཟུང་བྱས་ཡོད་པ་དང། ཁོང་གསུམ་གྱིས་ད་ལྟའི་ཆར་ལག་དམར་ཡིན་པ་ཁས་ལེན་བྱས་མེད་ཚུལ་ཡང་གནས་ཚུལ་ཡོང་ཁུངས་དེར་འཁོད་འདུག
དེ་ཡང་ཕྱི་ཟླ་༡༠ ཚེས་༨ ཉིན་གྱི་སྔ་དྲོ་དབྱིན་ཡུལ་དུ་གནས་བཞུགས་བོད་ནང་གི་སློབ་གསོའི་ཐད་མཛད་རྗེས་ཧ་ཅང་ཆེ་ཞིང་རྒྱལ་སྤྱིའི་རོགས་པ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་དང། ཁོང་གི་ཚ་བོ་བློ་དགའ། ཁ་ལོ་འཇིགས་མེད་དབང་རྒྱལ་བཅས་ལ་ལག་དམར་བས་གྲིས་བརྒྱབ་ནས་སྐུ་སྲོག་འཕྲོགས་ཡོད་འདུག ད་ལྟའི་ཆར་ལག་དམར་བ་ཡིན་པའི་དོགས་གཞིའི་འོག་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་གསུམ་འཛིན་བཟུང་བྱས་པ་དེ་དག་གིས་ལག་དམར་བ་ཡིན་པ་ཁས་ལེན་བྱས་མེད་སྟབས། ལག་དམར་བ་ངོ་མ་སུ་ཡིན་མིན་དང་ཕྱི་ནང་གི་རྒྱུ་རྐྱེན་དང་རྒྱབ་ལྗོངས་ངོ་མ་དེ་གང་ལ་བརྟེན་ནས་ཡིན་མིན་ཁྲིམས་ཐོག་ནས་ད་དུང་ཁ་གསལ་བྱུང་མེད་པ་དང། ཅིག་བྱས་ན་གཏན་དུ་མི་གསལ་བ་ཞིག་ཏུའང་འགྱུར་སྲིད་པ་རེད།
ཨ་དཀོན་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི། ཆབ་མདོ་རི་བོ་རྫོང་ཁོངས་ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང། ཡུམ་ཁ་ལུ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག ཕྱི་ལོ་༡༩༤༠ ལོར་ཞང་ཚང་གི་ཆུ་ཟངས་འོ་མ་ལྟར་དཀར་པོར་གྱུར་པ་དང། གཡོག་མོའི་རྨི་ལམ་དུ་ཁང་སྟེང་དུ་གདུགས་བཙུགས་པར་རྨིས་པ་དང། སྔར་དང་མི་འདྲ་བར་བྱ་རོག་གཉིས་ཀྱིས་རྟག་པར་སྲུང་བའི་ཚུལ་བྱེད་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་གིས་ཨ་དཀོན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང། མཚན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གནང། དགུང་གྲངས་བཞི་བཞེས་པའི་སྐབས་སུ་ཁྲི་འདོན་མངའ་གསོལ་གསོལ་ཞུས།
ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང། ཆོ་ག་ཆོས་སྤྱོད་སོགས་བྱང་ཆུབ་པར་སྦྱངས་ཤིང་དབང་ལུང་ཁྲིད་སོགས་མང་དུ་ཞུས། ལྷག་པར་དུ་གྲུ་གུ་བསོད་སྙིང་སྤྲུལ་སྐུ་དང། འཛི་སྒར་ཀོང་སྤྲུལ། གྲུབ་ཆེན་ཀརྨ་ནོར་བུ། དྲུང་ཆོས་ཀྱི་རྒྱ་མཚོ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད། མཁན་པོ་གང་ཤར། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་སོགས་ལས་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་གསན་བསམ་ཡང་དག་མཛད།
ཕྱི་༡༩༥༩ དུས་ཟིང་སྐབས་རྒྱ་གར་དུ་ཞབས་སོར་འཁོད་ནས། རིས་མེད་གྲུབ་མཐའ་སྤྱི་ཡི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གྱི་འགན་ཁུར་བཞེས་ཏེ་ལོ་གསུམ་བཞུགས། ཕྱི་ལོ་༡༩༦༣ ལོར་དབྱིན་ཇིར་ཟུར་མང་དྲུང་པ་རིན་པོ་ཆེ་དང་ལྷན་དུ་ཕེབས་ཏེ་སྨན་ཁང་ནང་དུ་ལོ་གསུམ་དུ་ཕྱག་ལས་དཀྱུས་མ་མཛད་ཅིང། ཕྱི་ལོ་༡༩༦༧ ལོར་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཇིར་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་བཏབ་ནས་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས་ནས་ནུབ་ཕྱོགས་ཀྱི་སྐལ་ལྡན་ལས་འཕྲོ་ཅན་དུ་ཆོས་ཀྱིས་ཚིམ་པར་མཛད།
དེ་བཞིན་ཁོང་གིས་བོད་ནང་གི་སློབ་གསོའི་ཐད་རོགས་སྐྱོར་གནང་བའི་སྐོར་རགས་ཙམ་ངོ་སྤྲོད་ཞུས་ན། བོད་རང་སྐྱོང་ཟེར་བའི་ཁོངས་ཀྱི་ས་གནས་༤༧ ལ་བཤད་གྲྭ་གྲངས་༨ དགེ་རྒན་སློབ་གྲྭ་༢ གསོ་རིག་སློབ་གྲྭ་༣ དྭ་ཕྲུག་སློབ་གྲྭ་ཆུང་འབྲིང་དག་གི་ཕོགས་དངུལ་གནང་བ་དང། ས་ཁུལ་ཁག་གཉིས་སུ་དྲོད་ཁང་གཉིས་བསྐྲུན་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར། སྡེ་དགེ། འདབ་པ། ཆབ་མདོ་སོགས་ནས་ཟབ་སྦྱོང་མཛད་པའི་སློབ་མ་༤༠ ཙམ་ལ་སློབ་ཡོན་དང་ཟས་རིན་ཁང་གླ་བཅས་གནང། བོད་ཀྱི་གསོ་རིག་བརྒྱུད་འཛིན་དང་དར་སྤེལ་ཡོང་བའི་ཆེད་དུ་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེས་གཙོས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་མཁས་པ་ཉི་ཤུ་ནས་སུམ་ཅུའི་བར་རྩ་འཛུགས་བྱས་ནས་དགུན་ཟླ་གསུམ་གྱི་རིང་ལ་རྒྱུད་བཞིའི་འགྲེལ་བ་བརྩམ་རྒྱུ། མན་ངག་ཟབ་མོའི་སློབ་སྦྱོང་གནང་བའི་མཐུན་རྐྱེན་གྱི་ཕོགས་དངུལ་དང། གསོ་རིག་བསྟན་བཅོས་རྣམས་ཀྱི་དཀར་ཆག་བསྒྲིག་རྒྱུ་བཅས་ཀྱི་རོགས་དངུལ་གནང།
སི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་ཀྱི་སློབ་གྲྭ་གྲངས་༤༧ དང། སློབ་མ་གྲངས་༣༠༣༩ བཤད་གྲྭ་༡༥ གྲྭ་གྲངས་༡༩༧༥ སྨན་ཁང་༡༢ རང་བྱུང་ནགས་རི་དང་འཁོར་ཡུག་སྲུང་སྐྱོབ་ཁག་༣ རིག་དངོས་སྲུང་སྐྱོབ་ཁག་༢ རྒན་གསོ་ཁང་༡ འཕྲོད་བསྟེན་སྒོ་བསྟེན་སྨན་ཁང་༡༢ བཅས་བཙུགས་ཤིང་ཕོགས་དངུལ་དང་འགྲོ་སོང་གནང།
མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་སུ་བཤད་གྲྭ་གྲངས་༦ བླ་གྲྭ་གྲངས་༥༢༠ དྭ་ཕྲུག་སློབ་གྲྭ་༢ སློབ་མ་གྲངས་༤༢༨ བོད་སྨན་གསོ་རིག་འཕྲོད་བསྟེན་སྨན་ཁང་༦ རྒན་གསོ་ཁང་༢ དབུལ་སྐྱོབ་ཁང་༡ རིག་དངོས་སྲུང་སྐྱོབ་ལས་ཁུངས་༣ བོད་ཀྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་༢ དབུལ་བཅོས་ཕྱུག་བསྒྱུར་གྱི་ཚལ་ཞིང་དྲོད་ཁང་བཞི་བཅས་ཀྱི་ཕོགས་དངུལ་འགྲོ་གྲོན་དང་རོགས་པ་གནང།
ཀན་སུ་ཞིང་ཆེན་ཟེར་བའི་ཁོངས་སུ་དྭ་ཕྲུག་སློབ་གྲྭ་༣ དང། བོད་སྨན་སློབ་གྲྭ་༡ བཙུགས་པར་རྒྱུན་བཞུགས་སློབ་མ་༡༤༠ ཡོད་ལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྦྱིན་བདག་ཀྱང་གནང་མྱོང།
ཡུན་ནན་ཞིང་ཆེན་ཟེར་བའི་ཁོངས་སུ་སློབ་གྲྭ་༣ དང་བོད་སྨན་ཆེད་སྦྱོང་འཛིན་གྲྭ་བཅས་བཙུགས་པ་དང། སློབ་མ་གྲངས་༤༤༠ འགྲོ་སོང་མ་དངུལ་གནང། དབྱི་རིགས་རང་སྐྱོང་ཁུལ་ལ། སློབ་གྲྭ་༡ སློབ་མ་གྲངས་༩༣ གྱི་འགྲོ་སོང་གནང། མདོར་ན་བོད་ཀྱི་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔ་ལ་མཚོན་ན་ཕྱི་ལོ་༡༩༩༠ ལོ་ནས་༢༠༡༠ ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རགས་རྩིས་བྱས་ན་༩༡༡༨ ལྷག་ཙམ་ལ་རོགས་རམ་མཛད་པ་དང། རོགས་དངུལ་གནང་བ་རགས་རྩིས་བྱས་ན་རྒྱ་སྒོར་༡༧༨༠༩༥༥༢༦ ཙམ་གྱིས་རོགས་རམ་འཛུགས་བསྐྲུན་གནང་བར་མཛད། དེ་ཡང་རྒྱ་གཞུང་གི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ་ཁ་དང་བསམ་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་རང་གི་ལག་གིས་གནང་སྦྱིན་བསྟན་འགྲོའི་དོན་ལ་སྨིན་པར་མཛད་པ་སོགས་འཛམ་གླིང་གི་ཡུལ་གྲུ་དུ་མར་མཛད་རྗེས་རླབས་ཆེན་བསྐྱངས་ཡོད།
ཁོང་ནི་དུས་རྒྱུན་མི་རིགས་ཀྱི་ཆེད་དུ་ལ་རྒྱ་དང་བློ་ཁོག་ཆེན་པོས་ཁ་ཞེ་གཉིས་མེད་བརྗོད་མཁན་ཞིག་ཡིན་པ་དང། དཔེར་ན་ཕྱི་ལོ་༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་༦༠ འཁོར་མཛད་སྒོའི་ཐོག་བོད་ནང་གི་སློབ་གསོའི་ལས་དོན་སྒྲུབ་པའི་ཁོར་ཡུག་གི་ཆེད་དུ་དམིགས་ནས་ཕེབས་ཡོད་ཀྱང། མཛད་སྒོའི་སྟེང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གཏམ་བཤད་དོན་ཚན་ལྔ་ཅན་ཞིག་བཤད་པ་དང། དགོང་མོ་གསོལ་སྟོན་སྟེང་སླར་ཡང་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཅིག་གིས་བསྐྱར་བཤད་བྱས་པར། དོན་ཚན་ལྔ་པ་དེ་ཏཱ་ལའི་རུ་ཚོགས་རྩ་མེད་གཏོང་དགོས་ཟེར་བ་སོགས་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་དགོས་སྐོར་ཡིན་པར། “ཨ་དཀོན་རིན་པོ་ཆེས་དོན་ཚན་ལྔ་རེ་རེ་བཞིན་ལན་འདེབས་དང། གཙོ་ཆེ་ཤོས་དོན་ཚན་མཐའ་མ་དེར་ཁོང་གིས། ང་བོད་པའི་བླ་མ་ཆུང་ཆུང་ཞིག་གི་མིང་ཁུར་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རྒྱུ་དང། སྐྱག་རྫུན་ཤོད་རྒྱུའི་རིགས་དེ་ངས་ད་བར་བྱེད་མ་མྱོང། མ་འོངས་པར་ཡང་ངའི་མི་ཚེའི་ནང་རྩ་བ་ཉིད་ནས་བྱེད་རྩིས་མེད་”ཅེས་སོགས་གསུངས་པ་སྐབས་དེའི་འབྲེལ་ཡོད་ཅིག་གིས་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་གནང་ཡོད་འདུག །ངོ་དེབ་ཐོག་ཏུ་གསལ།
འདིའི་སྐོར་སྦའི་སྦའི་སི་གསར་འགྱུར་ནང་དུ་དེ་རིང་ཉིན་གུང་ནས་ཐོན་འདུག
དྲ་ཐག་འདི་ན་གསལ།http://www.bbc.co.uk/news/uk-scotland-south-scotland-24449692
རྒྱ་གཞུང་གིས་བོད་མི་གསུམ་འཛིན་བཟུང་བྱས་པར་བལྟས་ན་ཅི་ལྟར་སྐུ་བཀྲོངས་བའི་གནས་ཚུལ་ངོ་མ་ཞིག་གོ་རྒྱུ་གནས་སྐབས་རིང་ཁག་པོ་ཡིན་རྒྱུ་རེད། ངོ་མ་བློ་ཕམ་ཡོད།
དམ་པ་ཁོང་་་་་ཁོང་རང་ཉིད་ཀྱི་དངུལ་གྱིས་སྐུ་དཀྲོང་པ་རེད་
ཁོང་དཀྲོང་ཁན་སུ་ཡིན་ལ་ཞིབ་འཇུག་ཡག་པོ་ཞིག་མ་བྱས་ན་འདིས་མི་དཀར་པོར་ཞྭ་མོ་ནག་པོ་གཡོག་སྲིད་པ་རེད་
མི་ཤི་ཚར་ནས་མི་དེའི་ཡོན་ཏན་མང་པོ་ཞིག་ཕྱིར་ཐོན་ཡོང་བ་ཆོས་ཉིད་རེད་
ཁོང་ལ་མྱང་ངན་གུས་འདུད་ཞུ་
ཆོས་ལ་མི་དད་མཁན་དང་བླ་མ་ལ་མི་དགའ་མཁན་ཚོ་དངོས་གནས་བཤད་ན་དགའ་ཡོད་ཡ་ཐག་གིས་ཆོད།
ཨ་ཁ་ཁ།
རྣམ་པ་ཚོས་ཁོང་གི་གསུངས་ཉན་འདོད་འདིར་ལྟོས།
ཁོང་གི་གསུང་བཤད་ལ་རྣམ་པ་ཚོས་ཉན་རོགས།
༄༅།།ཨ་དཀོན་རིན་པོ་ཆེས་༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་གསུང་བཤད།
[གསལ་བཤད།] གསུང་བཤད་འདི་ནི་ཨ་དཀོན་རིན་པོ་ཆེ་མཆོག་གིས་སྤྱི་ལོ༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཁོང་གི་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་སྒྲ་ཕབ་གཞིར་བྱས་ཏེ་ཡི་གེར་ཕབ་པ་ཡིན་ལ། ཁོང་གི་སྐད་ཆ་སོར་འཇོག་ཅི་ཐུབ་བྱས་ཡོད་ཀྱང་། བསྐྱར་ཟློས་དང་གོ་དཀའ་བའི་ཡུལ་སྐད་རྣམས་ལ་དོན་གྱི་གོ་བ་མི་འགྱུར་བའི་ཐོག་ནས་འཕྲི་སྣོན་ཅུང་བྱས་ཡོད་ཅིང་། བལྟ་བདེ་ཕྱིར་ཚན་པ་ཁ་ཤས་སུ་དགར་ཏེ་ཁ་བྱང་ཆུང་བ་རེ་བཏགས་ཡོད།
གཅིག རང་གི་སྐད་ཡིག་དང་ཆ་ལུགས་སྲུང་འཛིན་བྱ་རྒྱུ་དེ་སོ་སོའི་ལས་འགན་རེད།
དེ་རིང་འདིར་ཡོད་པའི་སློབ་མ་བརྒྱ་དང་ཉི་ཤུ་བོ་འདི་རོགས་པ་ཚོགས་པས་རྒྱབ་སྐྱོར་བྱེད་པའི་སློབ་མ་རེད། ཁྱོད་ཚོ་སློབ་ཆུང་ནང་དུ་ལོ་དྲུག་དང་། སློབ་འབྲིང་དམའ་རིམ་ནང་དུ་ལོ་གསུམ། སློབ་འབྲིང་མཐོ་རིམ་ནང་ལ་མ་འོངས་པར་ལོ་གསུམ་བཅས་ཁྱོན་བསྡོམས་ལོ་བཅུ་གཉིས་ལ་རོགས་པ་བྱེད་ཀྱི་ཡོད་པ་རེད། དེའང་ཡོན་ཏན་ཡག་པོ་ཡོད་ཀྱང་ཁྱིམ་གྱི་འབྱོར་བ་ཞན་པ་དེ་འདྲ་ཡོད་ཚེ། སློབ་ཆེན་ནང་ནས་ཀྱང་ལོ་གསུམ་ནས་ལྔ་བར་རོགས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ལྷག་པར་དུ་བསམ་པ་བཟང་བོ་དང་། ཀུན་སྤྱོད་བཟང་བོ། འབྱོར་བ་དམན་པ། ཤེས་ཡོན་ལ་མོས་པ་ཡོད་པ། རང་གི་ཀླུ་ཆུ་རྫོང་དང་ཀན་ལྷོ་ཁུལ་གཙོས་པའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་འདོད་ཡོད་པ་ལ་རོགས་པ་བྱ་ངེས་རེད། འོ་ན་ཞབས་འདེགས་དེ་ག་རེ་བཟོ་དགོས་རེད་ཅེ་ན། ང་ཚོ་བོད་རིགས་རེད། འོ་ན་རིགས་ཞེས་པ་དེ་གང་ལ་བལྟ་དགོས་པ་དང་། བོད་ཅེས་པ་དེ་ཅི་ཞིག་ལ་ཟེར་གྱི་ཡོད་པ་རེད། ཁྱོད་བོད་རིགས་ཡིན་ཚེ་ཁྱོད་ལ་ཁྱད་ཆོས་གཞན་ལ་མེད་པ་ཅི་དགོས་པ་རེད་ཅེ་ན། གཙོ་བོ་དེ་སྐད་ལ་ཟེར་གྱི་ཡོད་པ་རེད། དཔེར་ན་རྒྱ་རིགས་ལ་རྒྱ་སྐད་ཡོད་པ་དང་། ཕྱི་རྒྱལ་ལ་དབྱིན་ཇིའི་སྐད་ཡོད་པ་རེད། དེ་ནས་གཉིས་པ་དེ་ག་རེ་རེད་ཅེ་ན། ཡི་གེ་དང་གོན་པ་རེད། རིགས་དེ་ལ་ཁྱད་ཆོས་ཁ་ཁ་སོ་སོ་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་བོད་ཀྱི་གོན་པ་གྱོན་རྒྱུ་དེ་གནད་ཆེན་པོ་རེད། བོད་ཀྱི་གོན་པ་ལ་ཆ་མཚོན་ནའང་། ཨ་མདོ་ལ་ཨ་མདོའི་གོན་པ་དང་། ལྷ་ས་བ་ལ་ལྷ་སའི་གོན་པ། ཁམས་པ་ལ་ཁམས་པའི་གོན་པ་ཡོད་པ་རེད། ཁམས་པ་ལའང་སྡེ་དགེ་དང་ནང་ཆེན་སོགས་ས་ཆ་སོ་སོ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པའི་གོན་པ་རེ་ཡོད་པ་རེད།
དེ་ནས། མི་དེའི་གཟུགས་མ་མཐོང་ནའང་ཕྱི་ལོགས་ནས་ཁ་གྲགས་འོངས་ན། སྐད་ཀྱི་སྒྲ་གདངས་ཀྱི་ཐོག་ནས་ས་ཆ་གང་ནས་ཡོང་བ་ཧ་གོ་ཐུབ་པའི་སྒྲ་ཁ་ཁ་སོ་སོ་ཡོད་པ་རེད། དཔེར་ན། ཁྱེད་རང་འདིའི་ནང་ནས་བསྡད་པ་དང་། ཕྱི་རོལ་ནས་མི་ཞིག་གིས་སྐད་ཆ་ཞིག་བཤད་ན། འདི་ལྷ་ས་བ་ཞིག་ཡིན་པ་འདྲ། འདི་སྡེ་དགེ་བ་ཞིག་ཡིན་པ་འདྲ། འདི་ཨ་མདོའི་རྔ་བའི་ཡིན་པ་འདྲ། འདི་ཨ་མདོའི་ཀླུ་ཆུ་ནས་ཡོང་བ་ཞིག་ཡིན་པ་འདྲ་ཞེས་སྐད་ཀྱི་སྒྲ་གདངས་ཁ་ཁ་སོ་སོ་ཡོད་པ་རེད། དེར་བརྟེན། མིའི་གཟུགས་མཐོང་མི་དགོས་པར་སྒྲ་ལ་བརྟེན་ནས་ཁ་ཁ་སོ་སོ་དབྱེ་ཐུབ་ཀྱི་འདུག ཡང་། སྐད་ཆ་མི་གོ་ཡང་། མི་དེའི་གཟུགས་མཐོང་ཚེ། མི་དེའི་གོན་པ་ལ་བལྟས་ནས་འདི་ས་ཆ་གང་ནས་ཡིན་པ་ཧ་གོ་ཐུབ་རྒྱུ་རེད། དཔེར་ན། ཀན་སུའུ་ལའང་དཔའ་རིས་ཀྱི་གོན་པ་གོན་སྟངས་དང་། ཀན་ལྷོ་ཁུལ་གྱི་གོན་པ་གོན་སྟངས་སོགས་རྫོང་ཁག་སོ་སོ་ལའང་ཁྱད་ཆོས་མི་གཅིག་པ་ཕྲན་བུ་ཡོད་པ་རེད། དེ་མ་ཟད། བོད་ཀྱི་ས་གནས་མང་བོ་ཞིག་ལ་གོས་གོན་ལུགས་འདྲ་མི་འདྲ་དང་། རྒྱན་ཆ་འདོགས་ལུགས་འདྲ་མི་འདྲ་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོ་ས་གནས་གང་ནས་ཡོང་བ་ཡིན་ན། ས་ཆ་དེ་གའི་སྐད་དང་། ས་གནས་དེ་གའི་རྒྱན་ཆ་སོགས་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་རེད། དཔེར་ན། ས་གནས་དེ་ལ་མེ་ཏོག་མཛེས་པོ་གཞན་ན་མེད་པ་ཞིག་ཡོད་ཚེ། མེ་ཏོག་དེ་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་སུ་ལ་ཡོད་པ་རེད་ཅེ་ན། ས་གནས་དེ་གའི་མི་ལ་ཡོད་པ་རེད།
གཉིས། བོད་ལ་སྤྱི་སྐད་ཆགས་རྒྱུ་དེ་གནད་ཆེན་པོ་ཞིག་མ་རེད།
དེ་རིང་ཁ་སང་ང་ཚོ་མི་ཚང་མའི་བསམ་པ་དེ་སྐད་གཅིག་གྱུར་ཡོང་རྒྱུ་དེ་རེད། ཁོ་བོས་བསམ་ན་སྐད་གཅིག་གྱུར་ཡོང་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་མ་རེད། ཕན་ཐོགས་ཆེན་པོ་མེད་པའི་རྩ་བ་དེ་གང་ཡིན་ཟེར་ན། ས་གནས་ཁ་ཁ་སོ་སོ་ལ་ཁྱད་ཆོས་རེ་ཡོད་པ་དང་། དཔེར་ན་སྐད་ལ་ཆ་བཞག་ན། རང་སོ་སོར་ཁྱད་ཆོས་རེ་ཡོད་པ་དེ་སྲུང་སྐྱོབ་བྱ་རྒྱུ་དེའང་ཤེས་རིག་ཅིག་རེད། གལ་ཏེ་ཤེས་རིག་དེ་བརླག་སོང་ན་ཡག་པོ་མ་རེད། དཔེར་ན། ཁྱེད་རང་ལྷ་ས་ལ་སོང་ན། ཕྱི་རོལ་ནས་ཁྱེད་རང་གི་ཕ་ཡུལ་གྱི་མི་ཞིག་གིས་སྐད་ཆ་བཤད་ཀྱིན་པ་གོ་ཚེ། ཨོ། ངའི་ཕ་ཡུལ་གྱི་མི་ཞིག་འདི་གར་སླེབས་འདུག ང་སོང་ནས་དེ་ལ་སྐད་ཆ་ཞིག་བཤད་དགོས་སྙམ་པའི་སེམས་ལ་དགའ་བ་ཆེན་པོ་ཞིག་སྐྱེས་ཡོང་གི་རེད། གལ་ཏེ་སྐད་གཅིག་གྱུར་ཆགས་སོང་ན། སེམས་ཀྱི་དགའ་བ་དེའང་མེད་པར་ཆགས་འགྲོ། ཀྲུང་གོ་གུང་ཁྲན་ཏང་གི་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ནང་ན། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་གང་འདྲ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་པ་མ་གཏོགས། གྲངས་ཉུང་མི་རིགས་རེ་རེ་ལ་སྐད་གཅིག་མ་གཏོགས་མི་དགོས། གོན་པ་གཅིག་མ་གཏོགས་མི་དགོས་ཞེས་བཤད་ཡོད་པ་མ་རེད། དེར་བརྟེན། ག་རེ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་ཞེ་དྲག་རེད།
གསུམ། སྐད་ཆ་གོ་དང་མི་གོ་དེ་རང་ཉིད་ཀྱིས་རྩོལ་བ་བྱེད་མིན་ལ་རག་ལས་པ་དང་། རྩོལ་བ་བྱེད་མིན་དེའང་ཁེ་ཕན་ལ་རག་ལས་པ་ཞིག་རེད།
མི་ཁ་ཤས་ཀྱི་བསམ་ཚུལ་ལ། ང་ཚོའི་བོད་ཀྱི་སྐད་དེ་དཀའ་ལས་ཁག་པོ་འདུག ཨ་མདོ་ལ་ཨ་མདོའི་སྐད་ཅིག་འདུག སྡེ་དགེ་ལ་སྡེ་དགེའི་སྐད་ཅིག་འདུག ལྷ་ས་ལ་ལྷ་སའི་སྐད་ཅིག་འདུག དེ་བས་ང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་ཐུབ་ཀྱི་མི་འདུག སྐད་གཅིག་གྱུར་བཟོ་དགོས་འདུག་ཅེས་པ་དེ་ནོར་འཁྲུལ་ཆེན་པོ་རེད། སྐད་ཆ་ཕན་ཚུན་གོ་བརྡ་མི་འཕྲོད་པའི་རྩ་བ་དེ་གང་ཡིན་ཞེ་ན། རང་གིས་ཤེས་ཅི་ཐུབ་ཀྱི་རྩོལ་བ་དེ་བཟོ་གི་ཡོད་པ་མ་རེད། ང་ཚོའི་བོད་མི་ཚོས་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་སྐད་ཁ་ཁ་སོ་སོ་དང་སྒྲ་གདངས་ཁ་ཁ་སོ་སོ་བྱས་ནས་བསྡད་པ་ཞིག་ཡིན་པས། ལོ་སྟོང་ཕྲག་གཅིག་གི་རིང་ཕན་ཚུན་ལ་གོ་བརྡ་འཕྲོད་བསྡད་པ་ཡིན་ན། ད་ལྟ་གོ་བརྡ་མི་འཕྲོད་པའི་རྩ་བ་ཡོད་པ་མ་རེད། ཡིན་ནའང་། སྐད་དེ་གོ་དང་མི་གོ་དང་། སྐད་དེ་ལ་རྩོལ་བ་བཟོ་དང་མི་བཟོ་དེ་དཔལ་འབྱོར་ལ་རག་ལས་ཡོད་པ་ཞིག་རེད། དཔེར་ན་རྒྱ་གར་གྱི་ཚོང་བ་སྟེ། གོས་ཆེན་འཚོང་མཁན་དང་འབུར་རས་འཚོང་མཁན། ཐེར་མ་འཚོང་མཁན་ཚང་མ་ཡང་མ་རྒྱ་གར་བ་རེད། ཁོ་ཚོས་གོས་ཆེན་དང་ཐེར་མ་དེ་ཚོ་བོད་པ་ལ་བཙོང་གི་ཡོད་པས་ཁོ་རང་ཚོས་བོད་སྐད་མ་ཤེས་ན་བཙོང་ཐུབ་ཀྱི་མེད། དེར་བརྟེན་ཁོ་ཚོས་དཔལ་འབྱོར་ལ་བརྟེན་དགོས་པས་བོད་སྐད་བསླབ་ཀྱི་ཡོད་པ་རེད་ལ། དེ་བཤད་མ་ཤེས་ན་ཁོ་ཚོའི་དཔལ་འབྱོར་ལ་གྱོང་འབྱུང་གི་ཡོད་པ་རེད། ཡང་། མགོ་དཀར་གྱི་ཚོང་བ་དེ་ཚོའི་ཉོ་བྱ་ཚང་མ་འབྲོག་པའི་ས་ན་ཡོད་དེ། ཀོ་བ་དང་ཕྱུར་བ། ལུག ར་སོགས་ཚང་མ་འབྲོག་པའི་ས་ནས་ཉོ་དགོས་ཀྱི་ཡོད་པ་རེད། དེ་བས་མགོ་དཀར་ཚང་མས་འབྲོག་པའི་སྐད་དེ་གོ་ཐུབ་ཀྱི་ཡོད་པ་དང་། འབྲོག་པའི་སྐད་དེ་མ་ཤེས་ན་ཁོ་ཚོས་ཉོ་ཐུབ་ཀྱི་མ་རེད་ལ། རིན་གོང་གཏམ་དགོས་ན་ཡང་གཏམ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཁོ་ལ་གྱོང་ཁ་མ་གཏོགས་ཁེ་ཡོང་གི་མ་རེད། དེར་བརྟེན། མགོ་དཀར་སྟེ་ཁ་ཆེ་ཟེར་བ་དེ་ཚོས་ཨ་མདོའི་སྐད་དང་ཁམས་པའི་སྐད་ཚང་མ་ཤེས་ཀྱི་ཡོད་པ་རེད། ཁྱོད་ཚོས་ཁམས་པའི་སྐད་དེ་ཤེས་ཀྱི་མ་རེད། དེའི་རྒྱུ་མཚན་ནི་ཁྱོད་ཚོར་ཁེ་ཕན་ཡོད་པ་མ་རེད། མགོ་དཀར་གྱིས་ཁམས་པའི་སྐད་མ་གོ་ན་ཁེ་ཡག་པོ་ཡོང་གི་ཡོད་པ་མ་རེད། ཁེ་ཕན་ལ་བལྟས་ནས་སྐད་དེ་མགྱོགས་པོར་ཤེས་འགྲོ་བ་ཞིག་རེད། དེར་བརྟེན། སྐད་དེ་གོ་མི་གོ་དེ་བསམ་བློ་ཡག་པོ་ཞིག་བཏང་ན་ཁེ་ཕན་ཡོད་མེད་ལ་ཐུག་འདུག
དེ་ནས། བོད་སྐད་དེ་ཁེ་ཕན་ཡོད་པ་ཞིག་ཡིན་ན། ཚང་མས་བོད་སྐད་སྦྱོང་གི་རེད་མ་གཏོགས། གཞན་གྱི་སྐད་སྦྱོང་གི་མ་རེད། ད་ལྟར་མཚོན་ན། ཚང་མས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱེད་ཀྱི་འདུག་ག དེ་དབྱིན་ཇིའི་སྐད་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གང་དུ་སོང་ན་ཕན་ཐོགས་ཡོད་པ་ཅན་ཞིག་དང་ཁེ་ཕན་ཡོད་པ་ཞིག་ཡིན་ཙང་དབྱིན་ཇིའི་སྐད་དེ་ཚང་མས་སྦྱང་གི་ཡོད་པ་རེད། ཁེ་ཕན་དེ་མེད་ན་དབྱིན་ཇིའི་སྐད་སྦྱང་གི་མ་རེད། ཡིན་ན་ཡང་། དང་བོ་རང་གི་མི་རིགས་ཀྱི་ཁྱད་ཆོས་ག་རེ་ཡོད་པ་སློབ་སྦྱོང་བྱ་རྒྱུ་དེ་རང་རང་སོ་སོའི་མི་ཡི་ལས་འགན་དེ་རེད། དེ་གོ་མི་གོ་ཡི་ལས་ཀ་མ་རེད། སོ་སོའི་ལས་འགན་རེད། མིའི་ལུས་པོ་འདི་གྲུབ་ཚར་དུས་ལས་འགན་ཅིག་ཡོད་པ་རེད། བོད་ཀྱི་མི་ཞིག་ཡིན་ཕྱིན་བོད་ཀྱི་སྐད་དང་ཤེས་ཡོན་ལ་དང་བོ་སློབ་སྦྱོང་བཟོ་རྒྱུ་དེ་རང་གི་ལས་འགན་རེད། དེ་ནས་གཉིས་པ་དེ། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་མངའ་འོག་ཏུ་བསྡད་ཡོད་པས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དོན་ཚན་གཉིས་པ་རེད། གསུམ་པ་དེ་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་དབྱིན་ཇིའི་སྐད་རེད། དེ་བས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱ་རྒྱུ་དེའང་གནད་ཆེན་པོ་རེད། དབྱིན་ཡིག་སྦྱོང་རྒྱུ་དེ་ང་ཚོའི་ལས་འགན་ཨེ་རེད་ཅེ་ན་ལས་འགན་མ་རེད། ཡིན་ནའང་གནད་ཆེ་ཆུང་ལ་གཞིགས་ན་གནད་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་རེད། ཀྲུང་གོའི་ཕྱི་ལོགས་ལ་འགྲོ་དགོས་ན་རྒྱ་སྐད་ཀྱིས་གོ་ཆོད་གི་མ་རེད། བོད་སྐད་ཀྱིས་གོ་ཆོད་གི་མ་རེད། གོ་ཆོད་པའི་སྐད་དེ་ག་རེ་རེད་ཅེ་ན། དབྱིན་ཇིའི་སྐད་རེད། གནམ་གྲུའི་ཐོག་ནས་འགྲོ་དགོས་ན། མེ་འཁོར་ནང་ནས་འགྲོ་དགོས་ན། མགྲོན་ཁང་ནང་ལ་འགྲོ་དགོས་ན། འཛམ་གླིང་ལ་གོ་ཆོད་པའི་སྐད་གཅིག་ཡོད་པ་དེ་དབྱིན་ཇིའི་སྐད་མ་གཏོགས་མེད། དེ་གནད་ཆེན་པོ་རེད་་་་་་་ཅེས་བཀོད་འདུག
སྤྱིར་བཏང་ལོ་རྒྱུས་གོ་མྱོང་མེད་པས་ད་ལྟ་འདིར་བལྟས་པ་ཡིན་ན་ཁོང་གིས་བོད་ཁུལ་ལ་གང་ལ་གང་འཚམས་གྱིས་རོགས་སྐྱོར་དཔུང་འདེགས་བྱས་འདུག་པས་ད་རེའི་རྐྱེན་ངན་གྱིས་ཁོང་གི་ཚེ་སྲོག་འཕྲོག་པར་མྱ་ངན་གུས་འདུད་ཞུ།
https://webcache.googleusercontent.com/search?q=cache:ymn32kikkEMJ:http://blog.amdotibet.cn/tsamba/archives/59976.aspx%2Bཨ་དཀོན་རིན་པོ་ཆེ་&oe=UTF-8&hl=en-gb&client=safari&ct=clnk
དྲྭ་ཐོག་འདི་ན་གོང་གི་གསུང་བཤད་དང་དྲ་འབུས་རྒྱག་རེས་བཅས་འདུག
སྙིང་རྗེ་བ་རེད། ཨོཾ་མ་ཎི་པདྨེ་ཧྰུྃ། http://lifeintheuk.net/index.php/resources_post/official_study_materials_-_clarifications_and_corrections/
ཨ་ཁ་ཁ་བློ་ཕམ་དགོས་པ་ཞིག་རེད།
ད་དངོས་གནས་ཐབས་སྐྱོ་བོ་རེད། ཨ་ཁ་ཁ། ཨ་དཀོན་རིན་པོ་ཆེ་བཀྲོངས་མཁན་ཚོས་ཁོང་ཚོའི་ནག་ཉེས་ཁས་བླངས་པ་རེད་ཟེར་གྱི་འདུག ཨ་དཀོན་དང་མཉམ་དུ་ཡོད་པའི་ཨ་ནེ་ལགས་གཅིག་ལ་ནན་མོ་ཞིག་བརྡུང་ནས་བསད་མེད་པ་འདྲ། དེ་ཡིན་དུས་བསད་མཁན་སུ་ཡིན་ལ་བརྟགས་དཔྱད་མང་བོ་དགོས་ཀྱི་མེད་པ་འདྲ། བསད་མཁན་ཁོ་རང་ཨ་དཀོན་དང་མཉམ་དུ་དབྱིན་ཡུལ་དུ་འགྲོ་མྱོང་ཡོད་མཁན་ཞིག་རེད་ཟེར་བ་ཞིག་ཐོས། གང་ལྟར་ཀྱང་བདེན་པ་ཡིན་མིན་མི་ཤེས། དེ་འདྲ་ཞིག་ཐོས་པ་ལགས།།
ཨ་དཀོན་རིན་པོ་ཆེ་རྒྱ་གར་ཌལ་ཧོ་སིར་བཞུགས་སྐབས་རྒྱང་ནས་མཇལ་མྱོང་། བླ་མ་གང་གི་བཞེད་དགོངས་འགྲུབ་པར་གྱུར་ཅིག
༄༅།།ཨ་དཀོན་རིན་པོ་ཆེས་༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་གསུང་བཤད།
་་་་་་་་་་་་་་་་་་་་་་་་་་་་་་[གསལ་བཤད།] གསུང་བཤད་འདི་ནི་ཨ་དཀོན་རིན་པོ་ཆེ་མཆོག་གིས་སྤྱི་ལོ༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཁོང་གི་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་སྒྲ་ཕབ་གཞིར་བྱས་ཏེ་ཡི་གེར་ཕབ་པ་ཡིན་ལ། ཁོང་གི་སྐད་ཆ་སོར་འཇོག་ཅི་ཐུབ་བྱས་ཡོད་ཀྱང་། བསྐྱར་ཟློས་དང་གོ་དཀའ་བའི་ཡུལ་སྐད་རྣམས་ལ་དོན་གྱི་གོ་བ་མི་འགྱུར་བའི་ཐོག་ནས་འཕྲི་སྣོན་ཅུང་བྱས་ཡོད་ཅིང་། བལྟ་བདེ་ཕྱིར་ཚན་པ་ཁ་ཤས་སུ་དགར་ཏེ་ཁ་བྱང་ཆུང་བ་རེ་བཏགས་ཡོད། ཡིན་ན་ཡང་།
དང་བོ་རང་གི་མི་རིགས་ཀྱི་ཁྱད་ཆོས་ག་རེ་ཡོད་པ་སློབ་སྦྱོང་བྱ་རྒྱུ་དེ་རང་རང་སོ་སོའི་མི་ཡི་ལས་འགན་དེ་རེད། དེ་གོ་མི་གོ་ཡི་ལས་ཀ་མ་རེད། སོ་སོའི་ལས་འགན་རེད། མིའི་ལུས་པོ་འདི་གྲུབ་ཚར་དུས་ལས་འགན་ཅིག་ཡོད་པ་རེད། བོད་ཀྱི་མི་ཞིག་ཡིན་ཕྱིན་བོད་ཀྱི་སྐད་དང་ཤེས་ཡོན་ལ་དང་བོ་སློབ་སྦྱོང་བཟོ་རྒྱུ་དེ་རང་གི་ལས་འགན་རེད།
དེ་ནས་གཉིས་པ་དེ། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་མངའ་འོག་ཏུ་བསྡད་ཡོད་པས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དོན་ཚན་གཉིས་པ་རེད།
གསུམ་པ་དེ་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་དབྱིན་ཇིའི་སྐད་རེད། དེ་བས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱ་རྒྱུ་དེའང་གནད་ཆེན་པོ་རེད། དབྱིན་ཡིག་སྦྱོང་རྒྱུ་དེ་ང་ཚོའི་ལས་འགན་ཨེ་རེད་ཅེ་ན་ལས་འགན་མ་རེད། ཡིན་ནའང་གནད་ཆེ་ཆུང་ལ་གཞིགས་ན་གནད་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་རེད། ཀྲུང་གོའི་ཕྱི་ལོགས་ལ་འགྲོ་དགོས་ན་རྒྱ་སྐད་ཀྱིས་གོ་ཆོད་གི་མ་རེད། བོད་སྐད་ཀྱིས་གོ་ཆོད་གི་མ་རེད། གོ་ཆོད་པའི་སྐད་དེ་ག་རེ་རེད་ཅེ་ན། དབྱིན་ཇིའི་སྐད་རེད། གནམ་གྲུའི་ཐོག་ནས་འགྲོ་དགོས་ན། མེ་འཁོར་ནང་ནས་འགྲོ་དགོས་ན། མགྲོན་ཁང་ནང་ལ་འགྲོ་དགོས་ན། འཛམ་གླིང་ལ་གོ་ཆོད་པའི་སྐད་གཅིག་ཡོད་པ་དེ་དབྱིན་ཇིའི་སྐད་མ་གཏོགས་མེད། དེ་གནད་ཆེན་པོ་རེད། ༼མུ་འགོད།༽་་་་་་་་་་་་་་་་་
ད་ངོས་གནས་བློ་ཕམ་གྱི་གནས་རེད། ཕལ་ཆེར་ལག་དམར་གོ་མེད་ཚོར་མེད་དུ་མི་འགྲོ་བའི་ངེས་པ་མེད།
ཡིད་སྐྱོ་བ་ཞིག་རེད། བོད་ལ་གནས་ཚུལ་སྡུག་པོ་ཞིག་མ་གཏོགས་གོ་རྒྱུ་མི་འདུག །གནས་ཚུལ་རྣམས་ལ་བསམ་གཞིག་རེ་བྱེད་དུས་བོད་པ་ཟེར་བ་འདི་འཛམ་གླིང་འདིའི་ཐོག་ག་ཚོད་བར་དུ་གནས་ཐུབ་བམ་སྙམ་པའི་དོན་མེད་ཀྱི་སེམས་ཁྲལ་ཡང་སླེབ་འོང་ངོ་། སྤྱི་སེམས་ཡོད་པའི་མི་སྣ་གལ་ཆེན་དེ་ཚོ་རེ་རེ་བཞིན་ང་ཚོའི་མིག་མདུན་ནས་གར་སོང་ཆ་མེད་གྱུར་འགྲོ་གི་འདུག །དོན་རྐྱེན་དེའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་པ་ནི་སུས་ཀྱང་བཤད་དཀའ་གི །སྐབས་རེར་བླ་མ་དང་གྲྭ་བ་ལ་ཁ་གཏོང་བ་དང་ཆོས་ལུགས་སྒོ་རྒྱག་དགོས་ཚུལ་བཤད་མཁན་དང་ཕྲག་དོག་དང་འགྲན་སེམས་ཀྱིས་འཚོས་བའི་རྒྱ་བོད་མི་རིགས་གང་རུང་ཞིག་ཡིན་པ་ལས་ཁ་ཆེ་དྲག་སྤྱོད་པ་མིན་པ་ནི་གཏན་འཁེལ་རེད།།
ཨོ་་་་་་་་།སྐྱོ་བ་ལ་ཨང་། དོགས་པའི་རྒྱ་རུ་ལྷུང་སོང་།
མི་རིགས་ཀྱི་ཕམ་ཁ་ཞིག