ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་།
༢༠༡༣ ཟླ་༡༠ ཚེས་༧ ཉིན་མོར་འཛམ་གླིང་རོགས་སྐྱོབ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་རྒྱ་ནག་ཁྲིན་འདུར་མི་ངན་བསམ་ཤེས་མེད་པའི་དུད་འགྲོ་གླང་གོག་ནང་བཞིན་མི་འགས་སྐུ་བཀྲོངས་པ་ཐོས་མ་ཐག་སྐབས་གཅིག་གི་རིང་ལ་ཅི་དྲན་མེད་པར་ཀྲོང་ངེར་ལྷག་སོང་། དེ་ནས་བསམ་གཞིག་གནད་མོ་ཞིག་བྱེད་དུས་དེ་ནི་བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་གི་དྲང་བདེན་ལ་དགའ་བ་མི་མང་ལ་གྱོང་གུད་བསམ་ཡུལ་ལས་འདས་པའི་གནས་སྟངས་ཤིག་རེད་འདུག་སྙམ་ནས་སེམས་ནང་དུ་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་སར་ཟགས་སོང་། ཡང་སྒོས་དམ་པ་ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་འཕེལ་རྒྱས་ཀྱི་ཆེད་དུ་རླབས་ཆེན་གྱི་ལས་འགུལ་སྣ་མང་མཛད་དང་མཛད་བཞིན་པའི་སྐབས་གློ་བུར་དུ་སྐུ་བཀྲོངས་པ་དེ་ནི་ཧ་ཅང་བློ་ཕམ་ཆེན་པོ་ཞིག་རེད་ལ། ད་རེས་ཀྱི་གྱོང་གུད་དེ་ནི་བོད་མི་རིགས་ཡོངས་ལ་གྱོང་གུད་ཚབས་ཆེན་ཞིག་ཀྱང་ཡིན་ཞིང་། དམ་པ་ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་ཆག་འཇིག་གི་སོ་མཚམས་སུ་ཡོད་ཚད་བློས་བཏང་གནང་ནས་ཐབས་མཁས་ཐུགས་རྗེའི་ཐོག་ནས་བོད་ཀྱི་རིག་གཞུང་དར་སྤེལ་ལ་མཛད་རྗེས་བླ་མེད་བཞག་གནང་མཛད་ཡོད་ཅིང་། དམ་པ་ཁོང་གིས་བླ་མའི་མིང་འཛིན་ཐོག་ནས་སོ་སོའི་དགོན་པ་གཅིག་པུ་ཡར་རྒྱས་བཏང་བ་མ་ཡིན་པར། འཛམ་གླིང་སྤྱི་དང་། ཡང་སྒོས་བོད་མི་རིགས་ཡོངས་རྫོགས་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཆེད་སློབ་གྲྭ་གསར་འཛུགས་དང་། དབུལ་ཕོངས་རོགས་སྐྱོབ། རིག་གནས་དར་སྤེལ། དགོན་སྡེ་ཞིག་གསོ། མི་སྣ་གསོ་སྐྱོང་ལ་སོགས་ཀྱི་ལས་དོན་འབུར་དུ་ཐོན་པ་བོད་རང་ལ་གནང་བ་ཞེ་དྲག་གི་རླབས་ཆེན་གྱི་ལས་དོན་ཞིག་ཀྱང་ཡིན་པ་རེད། ཨ་དཀོན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ་ཡང་སྲིད་བཅོ་ལྔའི་དུང་ཟླ་ཞིག་གངས་ལྗོངས་སྲིད་པའི་ཞིང་ལ་མྱུར་དུ་འཁྲུངས་པའི་སྨོན་འདུན་གདུང་ཤུགས་དྲག་པོ་དང་བཅས།
“བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་གྱི་བྱས་རྗེས་བླ་མེད་འཇོག་གནང་མཛད་མཁན་ཨ་དཀོན་སྤྲུལ་སྐུ་རིན་པོ་མཆོག་ལ་མྱ་ངན་གུས་འདུད་ཞུ།”
གངས་ལྗོངས་ཤེས་རིག་འཕེལ་རྒྱས་ཡོང་ཆེད་དུ།།
ཕྱག་ལས་རླབས་ཆེན་མཛད་པོ་ཨ་དཀོན་མཆོག།།
མ་བཞུགས་ཕྱི་མའི་ལམ་དུ་གཤེགས་པར་ཐོས།།
སེམས་ཁོང་གཏིང་ནས་སྡུག་གི་མུན་པ་རུབ།།
ཤར་ཕྱོགས་མདོ་ཁམས་ཆབ་མདོ་ཞེས་པའི་ཕྱོགས།།
ངོམ་གཞུང་མདའ་རག་ཅེས་པའི་ཡུལ་གྲུ་ལ།།
ཨ་དཀོན་སྐུ་ཕྲེང་གཉིས་པའི་ཡང་སྲིད་དུ།།
རྟགས་མཚན་དང་བཅས་ཡང་སྲིད་དངོས་སུ་འཁྲུངས།།
རྒྱལ་བ་ཀརྨ་རིག་ལྡན་རྡོ་རྗེ་ཡིས།།
ཨ་དཀོན་སྐུ་ཕྲེང་གཉིས་པའི་ཡང་སྲིད་ལ།།
ངོས་འཛིན་མཛད་ཅིང་ཐུགས་བརྩེས་བསྐྱངས།།
དྲིན་ཅན་རྩ་བའི་བླ་མ་དུ་མའི་དྲུང་།།
ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་རྣམས།།
ལུང་རིག་བུམ་པ་གང་བྱོའི་ཚུལ་དུ་མཛད།།
རིག་པའི་གནས་ལ་མཁས་པ་ཆེན་པོར་གྱུར།།
གངས་ཅན་བོད་ལ་དུས་འགྱུར་བྱུང་བའི་དུས།།
ལེ་བར་བརྒྱ་ཕྲག་བརྒལ་ཏེ་འཕགས་ཡུལ་ཕེབས།།
༸གོང་ས་སྐྱབས་མགོན་ཆེན་པོའི་སྐྱབས་འོག་ཏུ།།
རང་ནུས་ཡོད་ཚད་བསྟན་དང་གཞན་ཕན་མཛད།།
ཆབ་སྲིད་ཕྲན་བུ་གུ་ཡངས་རྣམ་པའི་སྐབས།།
གངས་ལྗོངས་ས་གནས་ཞེ་བདུན་ཁག་ལྷག་ལ།།
བཤད་སྒྲ་བརྒྱད་དང་དགེ་འོས་སློབ་གྲྭ་གཉིས།།
གསོ་རིག་སློབ་གྲྭ་གསུམ་དང་དྭ་ཕྲུག་སོགས།།
སློབ་འབྲིང་དག་གི་ཕོགས་དངུལ་གནང་།།
ས་ཁུལ་གཉིས་ལ་དྲོད་ཁང་གཉིས་བསྐྲུན་མཛད།།
སྔོ་ཚལ་འདེབས་འཛུགས་རྟེན་གཞི་གསར་པར་བསྐྲུན།།
གངས་ཅན་གསོ་རིག་འཕེལ་རྒྱས་གོང་འཕེལ་ཆེད།།
བོད་སྨན་ཆེད་སྦྱོང་འཛིན་གྲྭ་གསར་འཛུགས་མཛད།།
སློབ་གྲྭའི་སློབ་མ་བཞི་བརྒྱ་བཅུ་ཙམ་ལ།།
རོགས་དངུལ་སོགས་ཀྱི་མཐུན་འགྱུར་བླ་མེད་གནང་།།
སྤྱི་ལོ་ཆིག་སྟོང་གོ་དགུ་ལོ་ནས་བཟུང་།།
སྤྱི་ལོ་ཉིས་སྟོང་བཅུ་བར་རོགས་གནང་སོགས།།
རགས་རྩིས་སློབ་མ་དགུ་སྟོང་གཅིག་བརྒྱ་ལྷག།།
གསོ་སྐྱོང་གནང་བའི་བཀའ་དྲིན་བསམ་མི་ཁྱབ།།
ཞིང་འབྲོག་ཁྱིམ་ཚང་དབུལ་ཕོང་བུ་ཕྲུག་ལ།།
སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོར་བསྐྲུན།།
གངས་ལྗོངས་ཉིན་བྱེད་གསར་པའི་འོད་སྣང་བསྐྲུན།།
གངས་ལྗོངས་བུ་སློབ་ཤེས་རིག་ལོ་འདབ་རྒྱས།།
ཀུན་ལ་ཉེ་རིང་མེད་པའི་བྱམས་བརྩེས་བསྐྱངས།།
གོ་སྐབས་ནམ་ཤར་མི་རིགས་མཐུན་འབྲེལ་དང་།།
བློ་རྩ་གཏན་པོའི་ཕ་མའི་རིག་གཞུང་ལ།།
སྦྱོང་བ་ལྷུན་བརྩོན་དགོས་པའི་ལམ་སྟོན་མཛད།།
གནའ་བོ་ཡ་རབས་བཟང་སྤྱོད་རྒྱུད་འཛིན་སོགས།།
དགོས་པའི་རིན་བྲལ་བཀའ་སློབ་ཡང་ཡང་གནང་།།
གདོན་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས།།
བདག་གཅེས་དགོས་པའི་ལམ་སྟོན་གནང་བར་མཛད།།
གངས་ལྗོངས་བོད་མིར་ཕན་ཐོགས་བླ་མེད་བྱུང་།།
བྱས་རྗེས་ཆེ་བའི་སྐྱེས་བུ་དམ་པ་ཁོང་།།
རྐྱེན་ངན་བྱུང་བ་བོད་མི་ཕམ་ཁ་ཡིན།།
དེ་འདྲ་གངས་ལྗོངས་སྐྱེས་བུ་དམ་པ་ཞིག།
ཕྲག་དོགས་ཁྲག་གི་སྨྱོས་པའི་སྐྱེ་བོ་འགས།།
རྒྱུ་ལས་བསམ་རྒྱུ་མེད་པའི་སྐྱེ་བོ་འགས།།
ཁྱེད་ཉིད་བཀྲོངས་པ་ཐོས་པ་བྲང་གཞུང་ནས།།
ཟུགས་གཟེར་དྲག་པོ་དབུགས་རིང་དབང་མེད་ཤོར།།
གངས་ལྗོངས་ཆོས་ཀྱི་ཞིང་ཁམས་གནས་མཆོག་ལ།།
ཡང་སྲིད་བཅོ་ལྔའི་དུང་ཟླ་མྱུར་བྱོན་ཤོགས།།
བདག་གི་གསོལ་བ་སྙིང་ནས་ཤུགས་དྲག་འདེབས།།
བཤུལ་ལུས་ནང་མི་སྤུན་མཆེད་ཐམས་ཅད་ལ།།
གདུང་སེམས་མཉམ་སྐྱེད་གདུང་ཤུགས་དྲག་པོ་ཞུ།།
ཅེས་པ་འདི་ནི་གང་ཐོས་གང་དྲན་རྣམས།།
ཡིག་ཐོག་བཀོད་དེ་བླ་མའི་རྗེས་དྲན་ཆེད།།
བཅོས་ལྷད་མེད་པར་གང་ཤར་འབུལ་བ་འདིར།།
ནོར་བ་འཁྲུལ་བ་མཆིས་ཚེ་ཐོལ་བཤགས་འཚལ།།
ལྷག་དཀར་ཉིན་མོར་ཆབ་མདོ་ངག་ཕུན་གྱིས། 2013.10.9
ཁ་ནས་ཡག་སྡུག་གླེང་བ་ཁ་ཡི་ཁྲལ།
དགོས་དུས་མེད་པར་གྱུར་པ་བོད་ཀྱི་ཁྲལ།
ཡ་རབས་རྗེས་སུ་དྲན་པ་ཡ་རབས་གཤིས།
དཀོན་ཅོག་མ་ཐོས་མེད་ཐོས་དཀོན་མཆོག་མཁྱེན།
ཁྱོད་ཀྱི་དགོངས་ཚུལ་བརྗོད་པ་དགའ་བསུ་ཞུ།། བྱས་རྗེས་ཅན་ལ་བྱས་རྗེས་དྲན་པ་འདིར།། གངས་ཅན་བོད་ཀྱི་ཡ་རབས་བཟང་པོའི་ལུགས།། འདི་ལ་ཉེས་པ་ཞིག་ནི་ག་ལ་ཡོད།། དྲྭ་གྲོགས་ཁྱོད་ཀྱི་ཐུགས་ལ་བཟུང་གནང་མཛོད།