བསྟན་འཛིན་སྐལ་བཟང་། ལྡི་ལི་གཙུག་ལག་སློབ་ཆེན་གྱི་སློབ་མ།
སྔོ་སེར་དམར་ལྗང་གི་མཛེས་སྡུག་རུམ་པའི།
རི་སྐྱེས་མེ་ཏོག་གི་ཞིང་སའི་དྲི་བསུང་འཐུ་བཞིན།
དབྱར་ཁའི་དུས་ཚིགས་ཀྱི་སྒལ་གཞུང་ན།
མཐའ་ཡས་པའི་སྔོ་ལྗང་གི་རྩྭ་ཐང་སྟེང་དུ།
འབྲི་གཡག་རྩྭ་ཆུ་ལ་རོལ་བའི་ངང་ཚུལ་སྒོམ་བཞིན།
མུ་འབྲེལ་བའི་རི་ཚོགས་ཀྱི་ཕྲེང་བའི་རྩེ་ན།
མིག་གི་མཐོང་ཚད་ཀྱི་མཐའ་ལ་བརྐྱངས་བའི།
སྔོ་བསངས་ཀྱི་ནམ་མཁའི་ཁ་དོག་རུམ་བཞིན།
ཁོ་མོས་དུས་ནམ་ཡང་མིག་གིས་མཐོང་མ་མྱོང་ལ།
བྲང་ལ་སྦྱར་མ་མྱོང་བ་ནི།
ཕ་ཡུལ་གྱི་དྭངས་གཙང་གི་མཛེས་སྡུག་དེ་ཁོ་ན་ཡིན།
འོན་ཀྱང་ ཁོ་མོས་གྲང་ངར་གྱི་རླུང་བའི་གཤོག་པས་རྡེབ་པའི་
དར་ལྕོག་གི་འབོད་པའི་བླ་སྲོག་ཧ་གོ་ལ།
རང་གི་ལུས་ཀྱི་སྐྱི་ལྤགས་ལ་དམར་མདངས་རྒྱས་ཤིང་།
འགྲམ་པར་སེར་ག་ཅུངཟད་གས་པའང་ཚོར་ཐུབ།
ད་དུང་འབྲི་མར་སེར་པོ་དང་ཞིམ་མངར་འོ་ཞོའི་དྲི་བསུང་།
གྲང་སིབ་སིབ་ཀྱི་ཆུ་ཕྲན་ནང་།
ཁྲུས་ལ་རོལ་བའི་ངང་ཚུལ་སོགས།
ཡིད་ཀྱི་མེ་ལོང་ནང་ལྷང་ལྷང་དུ་འཆར་བྱུང་།
ཕ་ཡུལ་ནི་རང་ཉིད་གར་སོང་ས་རུ།
ཡིད་ཀྱི་དཀྱིལ་གཙུག་ཏུ་ཁུར་བ་དེ་ཡིན་ལ།
ཁོ་མོའི་འཆར་སྣང་ཁྲོད་ཀྱི་ཕ་ཡུལ་གྱི་དྲན་ཤིང་དག་ནི།
ཁྱེད་ཀྱིས་མཐོང་ཐུབ་པའི་བདག་གི་སེམས་གཏིང་གི་ཡོད་ཚད་ཡིན།
འདི་ལྟར། ཁོ་མོ། རྨི་ལམ་གྲངས་མེད་ཀྱི་འགྲུལ་བཞུད་ཁྲོད་དུ།
གནས་དེར་ཡང་ཡང་ཕྱིན་མྱོང་ཨང་།
(སྙན་རྩོམ་འདི་ནི་ཨིན་ཡིག་ནང་བྲིས་ཡོད་པ་ཞིག་ཡིན་ལ། བསྟན་འཛིན་སྒྲོལ་མས་བོད་བསྒྱུར་བྱས།)
བསྟན་འཛིན་སྒྲོལ་ལགས། ཐུགས་རྗེ་ཆེ། དབྱིན་ཡིག་གི་མ་ཡིག་མཉམ་དུ་བཀོད་ཐུབ་ན་དེ་ལས་ཀྱང་ཡག་པོ་བྱུང་ཡ་རེད་ཞག