ནམ་མཁའ།
ཁ་སང་དེ་རིང་ཨ་ཀོང་རིན་པོ་ཆེ་བཀྲོངས་བའི་གནས་ཚུལ་དྲ་རྒྱའི་ཀློངས་སུ་འཁྱམས་སོང་། ཕྲན་གྱིས་ཁོང་གི་མཚན་ཐོས་པ་ཐོག་མ་ཕལ་ཆེར་ལོ་གཉིས་ཡས་མས་ཞིག་རེད། དེ་ཡང་ཁོང་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་གྱི་གཏམ་བཤད་ཞིག་ལ་ལན་འདེབས་གནང་བའི་གནས་ཚུལ་དང་འབྲེལ་ཐོས་པ་ཞིག་ཡིན། ཡིན་ཡང་གསར་འགྱུར་གང་ཞིག་བརྒྱུད་ལམ་ནས་ཐོས་པ་དེ་རིང་ཡང་ད་རུང་དྲན་གྱི་མི་འདུག་པ་མ་ཟད། རྒྱ་ནག་སྲིད་གཞུང་གི་གཏམ་བཤད་གང་ཞིག་ལ་ལན་འདེབས་བྱས་པ་ཡང་བཤད་ཡ་མི་འདུག་མོད། འོན་ཀྱང་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་ཁ་བརྡའི་དྲ་ཐོག་ཏུ་བརྒྱུད་བཀོད་བྱས་པ་ལས་གསལ་བོར་ཤེས་ཐུབ་ཀྱི་འདུག གང་ལྟར་བོད་མི་རིགས་དང་རང་གི་རིག་གཞུང་ལ་ཁ་ཞེ་གཉིས་མེད་ཀྱིས་གཅེས་འཛིན་བྱེད་མཁན་ཞིག་ཡིན་པས་ཁ་སང་དེ་རིང་གི་ཡིད་སྐྱོ་བའི་གནས་ཚུལ་ལ་བློ་ཕམ་བྱུང་།
ཨ་ཀོང་རིན་པོ་བཀྲོངས་རྐྱེན་དང་ཅི་ཞིག་ལ་བཀྲོངས་དགོས་བའི་རྒྱུ་མཚན་དང་། ལག་དམར་སུ་ཡིན་སོགས་ཀྱི་གནས་ཚུལ་ད་རུང་གསལ་ཁ་མེད་མོད། འོན་ཀྱང་ལག་དམར་ལ་དོགས་གཞི་བྱས་ཏེ་བོད་མི་འགའ་རྒྱ་གཞུང་གིས་འཛིན་བྱས་ཡོད་པ་རེད། ཡིན་ཡང་བོད་མི་དེ་ཚོ་ལག་དམར་ཡིན་མིན་སུས་ཀྱང་ད་རུང་བཤད་དཀའ་བ་ཞིག་རེད། ཨ་ཀོང་རིན་པོ་ཆེ་བཀྲོངས་མ་ཐག་བོད་མི་གསུམ་འཛིན་བྱས་པ་འདི་ནི་ཆེས་ཤིན་ཏུ་ཡ་མཚར་བའི་གནས་ཞིག་ཡིན་ལ་དོགས་གཞི་ཅན་ཞིག་ཀྱང་རེད།
ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ནས་བཤད་ན། ལག་དམར་བོད་མི་འགའི་མགོ་ཐོག་ལ་འཇོག་སྟངས་དང་ལམ་སེང་འཛིན་བཟུང་བྱེད་སྟངས་ལ་བལྟས་ཚེ། གཡོ་སྒྱུ་ཁྲ་གསུམ་འཛོམས་པའི་སྲིད་གཞུང་གི་ལས་སྣེ་དབང་འཛིན་པ་དག་གི་ནག་ཉེས་ཆ་ཚང་ཁོ་རང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་མི་ཞིག་སྟེང་འཇོག་པ་གུང་ཁྲན་ཏང་གི་འགྲོ་ལུགས་རེད། ང་རང་ལ་ཆེས་ཤིན་ཏུ་དོགས་གཞི་ཆེ་བ་ཞིག་སྟེ། སྐུ་ཞབས་དགེ་རབ་ལགས་ཀྱིས་བརྒྱུད་བཀོད་བྱས་པ་ལྟར་ན༢༠༡༡ ལོར་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་བཅུ་ལོན་པའི་དགའ་སྟོན་སྐབས། ཨ་ཀོང་རིན་པོ་ཆེ་ཡང་སྐབས་དེར་བོད་ནང་སློབ་གསོའི་རོགས་སྐྱོར་ཆེད་ཕེབས་པ་དང་བསྟུན། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཛིན་ཀྲུའུ་ཝེན་ཆོན་གྱིས་དོན་ཚན་ལྔ་ཅན་གྱི་གཏམ་བཤད་བྱས་ཡོད་ལ། དེའི་དགུང་མོའི་གསོལ་སྟོན་སྐབས་ཡང་བསྐྱར་གཏམ་དེ་དག་བསྐྱར་བཤད་བྱས་ཡོད་པ་རེད། སྐབས་དེར་ཨ་ཀོང་རིན་པོ་ཆེ་མཆོག་གིས་དོན་ཚན་ལྔ་བོ་ལ་ལན་འདེབས་གནང་བ་འདི་ལྟར། ༼དཔེར་ན་ཕྱི་ལོ་༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་༦༠ འཁོར་མཛད་སྒོའི་ཐོག་བོད་ནང་གི་སློབ་གསོའི་ལས་དོན་སྒྲུབ་པའི་ཁོར་ཡུག་གི་ཆེད་དུ་དམིགས་ནས་ཕེབས་ཡོད་ཀྱང། མཛད་སྒོའི་སྟེང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གཏམ་བཤད་དོན་ཚན་ལྔ་ཅན་ཞིག་བཤད་པ་དང། དགོང་མོ་གསོལ་སྟོན་སྟེང་སླར་ཡང་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཅིག་གིས་བསྐྱར་བཤད་བྱས་པར། དོན་ཚན་ལྔ་པ་དེ་ཏཱ་ལའི་རུ་ཚོགས་རྩ་མེད་གཏོང་དགོས་ཟེར་བ་སོགས་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་དགོས་སྐོར་ཡིན་པར། “ཨ་དཀོན་རིན་པོ་ཆེས་དོན་ཚན་ལྔ་རེ་རེ་བཞིན་ལན་འདེབས་དང། གཙོ་ཆེ་ཤོས་དོན་ཚན་མཐའ་མ་དེར་ཁོང་གིས། ང་བོད་པའི་བླ་མ་ཆུང་ཆུང་ཞིག་གི་མིང་ཁུར་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རྒྱུ་དང། སྐྱག་རྫུན་ཤོད་རྒྱུའི་རིགས་དེ་ངས་ད་བར་བྱེད་མ་མྱོང། མ་འོངས་པར་ཡང་ངའི་མི་ཚེའི་ནང་རྩ་བ་ཉིད་ནས་བྱེད་རྩིས་མེད་”ཅེས་སོགས་གསུངས་པ་སྐབས་དེའི་འབྲེལ་ཡོད་ཅིག་གིས་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་གནང་ཡོད་འདུག༽གོང་གི་འདི་ཁ་བརྡ་དྲ་རྒྱ་ལས་བཤུས་པ་ཡིན།
གང་ལྟར་བོད་ནང་དུ་སློབ་གསོའི་ཕྱོགས་ལ་གང་ནུས་ཀྱིས་རོགས་གནང་མཁན་ཞིག་ཡིན་པ་དྲ་རྒྱ་སོགས་སུ་གསལ་བོ་ཡོད་པས་འདིར་བསྐྱར་འབྲི་བྱས་མེད། གོང་གི་རྒྱ་ནག་སྲིད་གཞུང་ལ་ལན་འདེབས་གནང་བ་འདི་གཅིག་པོས་ཀྱང་ཨ་ཀོང་རིན་པོ་ཆེ་མཆོག་གི་སྙིང་སྟོབས་དང་བོད་མི་རིགས་ཀྱི་ལར་ཞེན་ག་འདྲ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་ཀྱི་འདུག་པས། རྒྱ་གཞུང་གིས་གཡོ་ཐབས་ཀྱིས་ལྐོག་གསོད་བྱས་པ་ལ་དོགས་པ་ཤིན་ཏུ་ཆེ། རྒྱུ་མཚན་ནི། པཎ་ཆེན་རིན་པོ་ཆེ་ལྐོག་བཀྲོངས་བྱས་པ་ཡང་ཁ་སང་དེ་རིང་རྒྱ་མི་རིགས་ཀྱིས་ཚུར་ང་ཚོ་བོད་མི་རིགས་ལ་བཤད་བཞིན་ཡོད།
འདི་འདྲའི་བོད་མི་རིགས་ཀྱི་རིག་གཞུང་དང་རང་གི་མི་རིགས་ལ་ཤ་ཞེན་ཡོད་མཁན་ཞིག་དང་བོད་མི་རིགས་ལ་ཕྱག་རྗེས་ཡོད་མཁན་ཞིག རྒྱུ་མཚན་འདི་ཡིན་དང་དེ་མིན་གྱི་གནས་ལུགས་གཅིག་ཀྱང་བཤད་ཡ་མེད་པར། མཚོན་ཆས་དམར་གསོད་བཏང་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ། ཨ་ཀོང་རིན་པོ་ཆེ་ཡི་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་ནས་ཉིན་གཉིས་ཕྱིན་ན་ཡང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་མ་ཐོས་མ་མཐོང་གི་བརྟུལ་ཞུགས་བཟུང་སྟེ་གྲགས་འགུལ་ཅི་ཡང་མེད་པ་འདིར་བློ་ཕམ་ཤིན་ཏུ་བྱུང་། བཙན་བྱོལ་བཀའ་སྤྱིས་རྒྱ་གཞུང་ལ་བཀྲོངས་རྐྱེན་དང་ལག་དམར་དངོས་སུ་ཡིན་མིན་ཞིབ་དཔྱོད་བྱེད་དགོས་ཞེས་འབོད་སྐུལ་ཞིག་གང་ནས་གནང་ཐུབ།
ཐ་ན་མྱ་ངན་གྱི་འཚམས་འདྲི་ཙམ་ཡང་མེད་པར་རྨི་ལམ་གྱི་ཞིང་ན་མྱུལ་བ་འདི་ཁོ་ནས་ཀྱང་། སེང་གེ་བཀའ་ཤག་དང་སྤེན་པ་གྲོས་ཚོགས་ཀྱི་བསམ་བློའི་ཤེས་ཚད་དང་། བོད་མི་རིགས་ཀྱི་སྐད་ཡིག་སློབ་གསོ་བདག་གཉེར་བྱེད་མཁན་ཚོར་ལྟ་སྟངས་ག་འདྲ་ཞིག་ཡོད་པ་ངས་འདིར་བཤད་མི་དགོས་བར་ཚང་མས་ཤེས་ཐུབ་ཀྱི་འདུག བཙན་བྱོལ་བཀའ་སྤྱིས་བོད་མི་རིགས་ཀྱི་མགྲིན་ཚབ་ཞིག་ཁ་ཞེ་གཉིས་མེད་ཀྱིས་བྱེད་འདོད་ཡོད་ཚེ། ནང་མི་ཚོ་དང་བོད་ནང་གི་རོགས་སྐྱོར་བྱེད་སའི་སློབ་ཕྲུག་ཚོར་མྱ་ངན་འཚམས་འདྲི་དང་། རྒྱ་གཞུང་ལ་གནས་ཚུལ་རྒྱུས་ལོན་ཆེད་འབོད་སྐུལ་བྱེད་དགོས་སྙམ། འདི་ནི་རང་གི་མི་རིགས་ཆེ་ཆུང་ལ་མ་ལྟོས་བར་བདག་པོའི་མགྲིན་ཚབ་པ་ཞིག་ཡིན་པའི་རྟགས་རེད་སྙམ་མོ།
ང་དྲ་བ་འདི་ཡི་ནང་དུ་བཅུག་རོགས་གནང་
ནམ་མཁའ་ལགས་ནས། ༼ཐ་ན་མྱ་ངན་གྱི་འཚམས་འདྲི་ཙམ་ཡང་མེད་པར་རྨི་ལམ་གྱི་ཞིང་ན་མྱུལ་བ་འདི་ཁོ་ནས་ཀྱང་། སེང་གེ་བཀའ་ཤག་དང་སྤེན་པ་གྲོས་ཚོགས་ཀྱི་བསམ་བློའི་ཤེས་ཚད་དང་། བོད་མི་རིགས་ཀྱི་སྐད་ཡིག་སློབ་གསོ་བདག་གཉེར་བྱེད་མཁན་ཚོར་ལྟ་སྟངས་ག་འདྲ་ཞིག་ཡོད་པ་ངས་འདིར་བཤད་མི་དགོས་བར་ཚང་མས་ཤེས་ཐུབ་ཀྱི་འདུག བཙན་བྱོལ་བཀའ་སྤྱིས་བོད་མི་རིགས་ཀྱི་མགྲིན་ཚབ་ཞིག་ཁ་ཞེ་གཉིས་མེད་ཀྱིས་བྱེད་འདོད་ཡོད་ཚེ། ནང་མི་ཚོ་དང་བོད་ནང་གི་རོགས་སྐྱོར་བྱེད་སའི་སློབ་ཕྲུག་ཚོར་མྱ་ངན་འཚམས་འདྲི་དང་། རྒྱ་གཞུང་ལ་གནས་ཚུལ་རྒྱུས་ལོན་ཆེད་འབོད་སྐུལ་བྱེད་དགོས་སྙམ། འདི་ནི་རང་གི་མི་རིགས་ཆེ་ཆུང་ལ་མ་ལྟོས་བར་བདག་པོའི་མགྲིན་ཚབ་པ་ཞིག་ཡིན་པའི་རྟགས་རེད་སྙམ་མོ།༽གསུང་པ་དེར་རྒྱབ་སྐྱོར་ཡོད་ད་རེས་བཀའ་སྤྱི་གཉིས་ཀྱི་གནང་སྟངས་དེར་བློ་ཕམ་ཡོད། མ་ཚད་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་ཚོ་ཡང་གཟིམ་ལ་བཞུགས་ཡོད་པ་འདྲ། གང་ལྟར་འཛམ་གླིང་གསར་ལམ་སྐད་གྲགས་ཅན། BBC CNN གཙོས་ཕྱི་ཕྱོགས་ཀྱི་གསར་ལམ་དང་བོད་པའི་གསར་ལམ་ཆེ་འབྲིང་ཆུང་གསུམ་ཕལ་ཆེ་བ་ནས་གླེང་སློང་ཤུགས་ཆེན་གནང་བཞིན་པ་དེ་ལྟར་ཡང་། རྡ་རམ་ས་ལ་ནས་གང་ཡང་གོ་རྒྱུ་མི་འདུག གཅིག་བྱས་ན་ཁོང་གི་ཆོས་བརྒྱུད་ཀྱི་ཁྱད་པར་ཡིན་སྲིད་གང་ལྟར་འཟམ་ཐིང་ངེར་རེད་འདུག་རི་མཐོ་དྲག་ནས་མ་གསན་ཡིན་འགྲོ། ཁོང་ཉམས་ཐག་མི་མང་དང་འབྲེལ་འབྲིས་ཆེ་བའི་བླ་མ་ཞིག་ཡིན་ཙང་མ་གཟིགས་ཡིན་འགྲོ། ཁོང་གཞིས་ལུས་མི་མང་ན་གཞོན་ལ་བཀའ་དྲིན་བསམ་ཡུལ་ལས་འདས་ཀྱང་རྡ་སའི་གཙུག་ལག་ཁང་དུ་མང་ཇ་དང་སྐུ་འགྱེད་ཕུལ་མ་མྱོང་བས་མ་གསན་ཡིན་འགྲོ། གང་ཤེས།
བཀའ་སྤྱིས་ མྱ་ངན་ གུས་དུད་ ཐུབ་དང་། མི་ཐུབ་པའི་ སོ་མཚམས་ཤིག ངེས་པར་ དགོས་པའི་ དུས་ལ་ བབས་པ་འདྲ།
འདིས་རྒྱབ་བ་གཏིང་ཟབ་པའི་གནས་ཚུལ་གཞན་ཅི་ཡོད་སུས་ཤེས། ནམ་མཁའ་ཞེས་པ་འདི་དེ་འདྲའི་འུར་འདྲོག་ཚ་བ་ལ།
ནམ་མཁའ་ཟེར་བ་འདིས་བཙན་བྱོལ་བའི་རུ་ཚོགས་ལ་ཁ་རྡུང་འདྲ་གཏང་མ་ཐུབ་པར་སྨྱོས་ཡོད་པ་རེད། ཁ་ཡར་གྲག་ལ་ངན་སྨྲས། ཁ་མར་གྲག་ལ་སྡུག་གཏམ། བཀྲ་མི་ཤིས་བ་རྐྱང་རྐྱང་གི་ཕྱོགས་ཤིག་བཤད་ཡ་ཡོད་མདོག་གིས་ཡར་སེམས་ཡར་ལ་དཀྲུག། མར་སེམས་མར་ལ་དཀྲུག། མྱི་འདིས་ནམ་ཡིན་ཡང་སྐྱག་པ་པད་ཀོག་ལ་བཏང་ནས་འདུག་གི་རེད།
ངའི་ཨ་ཕ་མི་བཟང་རབས། ངའི་ཨ་མ་མི་ཡག་རབས། བུ་ང་། མེ་ཏོག་པད་མ་འདམ་གྱིས་མ་གོས་བའི་ཡ་མཚན་ཡོད་མདོག་བསྟན་ཡ་ལ་དགའ་བོ་ཡོད་པ་རེད། ལས་མ་དག་པ་ག་རེ་ཞིག་ཡིན་ན་གང་ཤེས།
བཙན་བྱོལ་སྲིད་གཞུང་གིས་བོད་མི་རྣམས་ལམ་ལོག་ཏུ་ཁྲིད་ཚེ། མིག་གཙུམ་ནས་འདུག་མ་ཐུབ་པའི་ནམ་མཁའ་ལ་ཐུགས་རྗེ་ལེགས་འབུལ་ཡོད།
ནམ་མཁའ་ཁྱོད་ཀྱིས་གསུང་པ་དེར་རྒྱབ་སྐྱོར་ཡོད། བོད་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེབས་ཀྱི་བྱས་རྗེས་འཇོག་མཁན་ཞིག་དང་བོད་ཀྱི་སྤྲུལ་སྐུའི་མཚན་སྙན་ཡོད་མཁན་ཞིག་རྒྱ་ནག་གི་གྲོང་འཁྱེར་ནང་སྐུ་སྲོག་བཀྲོངས་ཡོང་དུས་རང་གཞུང་བཀའ་སྤྱི་གཉིས་ཀྱི་གོ་མེད་འཚོ་མེད་ཀྱི་བཞུགས་པ་འདིས་གནད་དོན་གང་ཞིག་ཡིན་ནམ། གང་ཞིག་མཚོན་དོན་ཡིན་ནམ། ཧ་ཅང་བློ་ཕམ་གྱི་འདུག་གོ།
གནམ་འདིས་ནམ་རྒྱུན་ཡིག་ནོར་སྒམ་གང་བོ་མ་འཁྱོག་པར་དུག་དྲི་རྩོམ་ཞིག་ཡོད་ཚད་ཀྱི་མཆན་ན་ཤོར་ནས་འགྲོ་གི་མི་ཟེར་བ་དགོད་སྤྱད་རེད། ནམ་མཁའ་ལགས་མིས་གང་བཤད་ལ་མ་ཉན་པར་མུ་མཐུད་ནས་འབྲི་རོགས་ཀློག་ཁོམ་ཡོད་དུས་རྒྱུན་ཏུ་ཀློག་གི་ཡོད།
མཆན་འདིའོད་ཟེར་ལགས་ཀྱིས་འདི་ལྟར་བཤད་འདུག
ཨ་དཀོན་རིན་པོ་ཆེ་དགྲོང་རྐྱེན་གྱི་དོགས་གཞི།
_____ ཚེ་རིང་འོད་ཟེར།
ཟླ་༡༠པའི་ཚེས་༨ཉིན། ལྷ་ས་ལ་ཡོད་པའི་ངས་དྲྭ་ཐོག་ནས། དབྱིན་ཇིའི་ཁྱིམ་ཐོ་ཅན་གྱི་བོད་མི། ལོ་ན་༧༤ཅན་གྱི་ཨ་དཀོན་རིན་པོ་ཆེ་ཁྲིན་ཏུའུ་ནས་
ལྐོག་དགྲོང་བྱས་པའི་གཏམ་ངན་མཐོང་པས་ཧ་ལས་སོང་། འདི་ཡང་ཁྲིན་ཏུའུ་ཉེན་རྟོག་པས་མགྱོགས་མྱུར་ངང་ནས་ཁྱབ་བསྒྲགས་བྱས་པའི་”དཔལ་འབྱོར་རྩོད་གླེང་”ཞེས་པ་དེས་བྱས་པ་ཡིན་ནམ། བདེན་མཐའ་མ་གསལ་གོང་དུ་༼བརྒྱ་ལ་ན་བདེན་མཐའ་གསལ་བར་ཤིན་ཏུ་དཀའ་ན་ཐང་།༽ང་ཚོས་སྐད་ཆ་འདྲ་མིན་དག་ལ་དོགས་པ་ཟ་ཆོག
ལོ་མང་ཕྱིར་རྟོག་བྱེད་དུས། ང་དང་ངའི་ཁྱོ་ག་ཡུལ་ཤུལ་ནས་ཨ་དཀོན་རིན་པོ་ཆེ་དང་ཐུག་པ་མ་ཟད་ཁ་བརྡ་ཡང་བྱེད་མྱོང་། དེ་བས་བག་ཆགས་ཟབ་མོ་ཞིག་བཞག་འདུག འདི་ནས་
ཡུན་རིང་དུ་བོད་མི་རིགས་ཀྱི་སློབ་གསོ་ལ་རོགས་སྐྱོར་གནང་ཞིང་། བོད་ཁུལ་དུ་བྱམས་བརྩེ་རྒྱ་ཆེར་སྦྱིན་པའི་ཨ་དཀོན་རིན་པོ་ཆེ་ལ་གུས་ཕྱག་འཚལ།
ཨ་དཀོན་རིན་པོ་ཆེ་ཁྲིན་ཏུའུ་ནས་ལྐོག་དགྲོང་
བྱས་པའི་དུས་ཚོད་ནི་ཟླ་༡༠པའི་ཚེས་༨ཉིན་གྱི་ཞོགས་པའི་དུས་ཚོད་༡༡གཡས་གཡོན་རེད། དེ་ནུབ་མོའི་དུས་ཚོད་༨:༢༢ཐོག་ནས་ཁྲོན་ཏུའུ་ཉེན་རྟོག་ཁག་གི་པོད་འཕྲིན་”བདེ་འཇགས་ཁྲིན་ཏུའུ་”ཞེས་པ་ལས། “ཉེན་ཅན་མི་སྣ་གསུམ་པོ་འཛིན་བཟུང་བྱས་ཟིན་”མ་ཟད་ཉེན་མི་གསུམ་པོས་ལམ་སངས་”ཤི་ཟིན་པའི་མི་གསུམ་པོ་དེ་ཁོང་ཅག་གིས་བསད་པ་ཡིན་པར་ཁས་བླངས་”ཞེས་ཁྱབ་བསྒྲགས་བྱས་འདུག་པས། ཉེས་རྩད་ཆོད་པ་དང་ཁས་ལེན་བྱས་པ་འདི་ཡང་ཅུང་ཙམ་མགྱོགས་སོང་མི་འདུག་གམ།
ཐེའུ་ཐུ་ཐོག་ནས་དྲྭ་གྲོགས་འགའ་རེས་དོགས་འདྲི་འདི་ལྟར་བྱས་འདུག ” དཔལ་འབྱོར་རྩོད་གླེང་ཡིན་ན་གྲོས་བྱེད་པའི་ཆེད་དུ་ཅིའི་ཕྱིར་ཁྱིམ་དུ་གདན་དྲངས་པ་ཡིན། བྱམས་བརྩེ་པ་ཞིག་སྒོར་མོ་དགོས་ལ་ཚེ་སྲོག་མི་དགོས་མཁན་ཇི་ལྟར་ཡིན་སྲིད། དཔལ་འབྱོར་རྩོད་གླེང་ཞི་འཇགས་འགྲོ་ཕྱིར་མི་གསོད་པ་ལས་དཔལ་འབྱོར་མི་དགོས་པ་ཅི་ཡིན། གསོན་པོ་གཅིག་ཀྱང་བསྐྱུར་མེད་པས་མི་གསོད་རྒྱུ་དམིགས་ཡུལ་བྱས་ཡོད་པ་གཏན་ཁེལ་རེད།”
ཡང་བོད་མི་འགའ་རེས་འཕྲིན་ཕྲན་ཐོག་ནས་དོགས་འདྲི་འདི་ལྟར་བྱས་འདུག “ཉེན་མི་གསུམ་པོ་དང་པོ་གྲོས་མོལ་བྱེད་དུ་ཡོང་བ་ཡིན་ཞིང་གྲོས་མ་འགྲིགས་ནས་འགལ་བ་བྱུང་པ་ཡིན་ཟེར། གྲོས་བྱེད་པ་ཙམ་ཡིན་ན་གྲི་མཚོན་འཁྱེར་དགོས་དོན་ཅི་ཡིན་ནམ། དེར་མ་ཟད་གུས་བརྩི་ཐོབ་པའི་རིན་པོ་ཆེ་ཞིག་མཇལ་དུ་འགྲོ་སྐབས་གྲི་མཚོན་འདོགས་པ་ནི་བོད་མི་ཕལ་ཆེ་བས་མི་སྲིད་པ་ཞིག་རེད། ཡིན་ནའང་། ཉེན་མི་གསུམ་པོས་གྲི་བཏགས་ནས་གྲོས་བྱེད་དུ་སོང་། གྲོས་མ་འགྲིགས་པའི་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་བྱས་ཤིང་། རིན་པོ་ཆེ་མ་ཟད་ཁོང་གི་ཚ་བོ་དང་ཁ་ལོ་པ་བཅས་ཡོད་ཚད་བསད་དེ་གསོན་པོ་གཅིག་ཀྱང་བསྐྱུར་མེད། འདི་ཡིས། རྩ་མེད་གཏོང་འདོད་ཀྱི་གྲ་སྒྲིག་དང་བཅས་པར་ཡོང་བ་ཡིན་པར་གསལ་པོར་ཤེས་ཐུབ།”
མ་ཟད་”བདེ་འཇགས་ཁྲིན་ཏུའུ”འི་པོད་ཕྲན་འོག་ཏུ་དཔྱད་མཆན་མང་པོ་བཏབ་འདུག་པས། བལྟ་རིན་ཡོད་པ་ཞིག་རེད། དཔྱད་མཆན་མང་ཤོས་ཀྱི་ཚིག་ནི་ཕལ་ཆེར་”བོད་ཀླ་ཀློ”ཞེས་པ་འདི་རེད། ད་དུང་མཆན་ཞིག་ལ་”ཡང་བོད་ཀླ་ཀློས་བསྒྲུབས་པའི་བྱ་བ་བཟང་པོ་ཞིག་རེད།”ཅེས་བཤད་འདུག
རླབས་གསར་(新浪)གསར་འགྱུར་ལྟེ་གནས་ཀྱིས་”ཁྲིན་ཏུའུ་ནས་བོད་མི་སྐྱེས་པ་གསུམ་གྱིས་ཁྱིམ་ཐོ་དབྱིན་ཇི་ཡིན་པའི་བོད་པ་ཞིག་དང་དེའི་ཚ་བོ། ཁ་ལོ་པ་བཅས་བསད་འདུག”ཅེས་ཁ་བྱང་བྲིས་ནས་ཁྱབ་བསྒྲགས་བྱས་པའི་འོག་ཏུ་དཔྱད་མཆན་བརྒྱ་ཕྲག་ལས་བརྒལ་བ་བཏབ་འདུག་པས་དེ་དག་ལའང་བལྟ་རིན་ཡོད་པ་ཞིག་འདུག དཔེར་ན། ” བོད་པས་ཀྱང་ལུས་ལ་མཚོན་འདོགས་ཆོག་གི་མ་རེད།” ལྟ་བུའོ།།
དོན་དུ། བོད་ཡུལ་དང་རྒྱ་ཡུལ་གང་ཡིན་རུང་བོད་མི་རྣམས་ཞིབ་གཤེར་ནན་མོ་བྱེད་ཀྱིན་ཡོད་པས་ལུས་ལ་མཚོན་འདོགས་པ། ལྷག་ཏུ་སྲོག་འཕྲོག་ཐུབ་པའི་གྲི་འདོགས་པ་ནི་མི་སྲིད་པ་ཞིག་རེད།”
རླབས་གསར་གསར་འགྱུར་གྱི་ཁ་བྱང་གིས་ཅི་ཞིག་གསལ་བཤད་བྱ་ཐུབ། “དབྱིན་ཇིའི་ཁྱིམ་ཐོ་ཡིན་པའི་བོད་མི།” ཞིག་"བོད་མི་གསུམ་གྱིས་གྲི་བཙུགས་ནས་བསད།” འདི་དག་གིས་བོད་མའི་སྤྱི་ཚོགས་ཤིན་ཏུ་རྙོག་གྲ་ཆེ་བ། ཤིན་ཏུ་འཇིགས་སྣང་སྐྱེ་ས་ཞིག་ཡོད་པ་དང་། མ་ཟད་རྒྱལ་སྤྱི་ལ་ཤུགས་རྐྱེན་ཐེབས་ནས་རྒྱལ་སྤྱི་ནས་ཀྱང་བོད་མི་སྤྱི་ཚོགས་ཤིན་ཏུ་རྙོག་གྲ་ཆེ་བ་དང་ཤིན་ཏུ་འཇིགས་སྣང་སྐྱེ་ས་ཞིག་ཡིན་པར་འདོད་དགོས་པ་རེད་དམ། དེས་ན། བོད་མི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བརྒྱ་དང་ཉི་ཤུ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་དུ་བྱུང་པ་འདིས་ཀྱང་གོང་གི་ཁ་བྱང་དང་གཅིག་མཚུངས་སུ་བྲིས་ནས་རྟགས་བྱང་དུ་གྱུར་ཅིང་། མ་མཐའ་མི་མང་པོ་ཞིག་ལ་”འཇིགས་སྣང་” དང་ “ཀླ་ཀློ”འི་སྣང་བརྙན་བསྐྲུན་རྒྱུ་རེད།
ཤིན་ཏུ་སྟབས་འགྲིག་པ་ཞིག་ལ། དུས་དེ་དང་མཉམ་དུ། ལྐོག་གྱུར་གྱི་མི་ཞིག་གིས་ཁོ་མོའི་
ཟིན་བྲིས་ལས་རང་ལུས་མེར་བསྲེགས་སྐོར་གྱི་སྦྱར་འཛར་༼དྲྭ་ཐོག་གླེང་མོལ་སྐབས་སུ་སྦྱར་བའི་ཡིག་འཛར་ཆུང་བ།༽འོག་ཏུ་འཕྲིན་ཞིག་བཞག་སོང་།
ཚིག་མཐའ་མ་ལ་མཉམ་པར་འཇོག་རྒྱུ་མ་བརྗེད།
“ཚེས་བརྒྱད་ཀྱི་ཞོགས་ཀ ཁྲིན་ཏུའུའི་ཝུས་ཧོ་ཕྱོགས་ཀྱི་ཁྱིམ་སྐོར་ཆུང་ཆུང་ཞིག་ནས། དཔལ་འབྱོར་རྩོད་གླེང་བྱས་ནས་བོད་མི་གསུམ་གྱིས་དེ་ལས་གཞན་པའི་བོད་མི་གསུམ་བཤས་བཞག་འདུག འོད་ཟེར། འདི་ལྟ་བུ་བོད་རིགས་ནང་དམེ་བྱེད་ཚུལ་གྱི་སྐད་ཡང་བཤད་དགོས་པ་ཡིན་ནོ།། ཁྱོད་ཀྱིས་དུས་རྟག་ཏུ་ཁོང་ཚོ་གནམ་འཕང་དུ་བཏེགས་ནས་ཡོད་ཚད་ཀྱིས་ཁོང་ཚོ་ངང་དཀར་གྱི་ལྷ་ཡི་ཕོ་ཉ་ཡིན་པར་འཛིན་དུ་མ་འཇུག ཁོང་ཚོའི་སྡུག་རྩུབ་དང་གུས་མེད་ཀྱི་བཙན་ཤེད། ད་དུང་དྲག་སྤྱོད་ཀྱིས་སྟབས་བདེའི་ངང་ནས་བྱ་བ་ཡོད་ཚད་ཐག་གཅོད་བྱེད་པའི་མི་རིགས་རང་བཞིན་ཅན་དེ་ཡང་ང་ཚོ་ཚང་མ་ལ་གསལ་པོར་བསྟན་ནས་མཐོང་རྒྱ་བསྐྱེད་རོགས། ” ཞེས་པ་འདིའོ།། བསྐྱར་དུ་ཞུ་བྱ། ཚིག་མཐའ་མ་དེ་ལ་ཐུགས་མཉམ་མཛད་རོགས། གོ་རྒྱུ་ཟབ་མོ་འདུག
ཡིན་ནའང་། རླབས་གསར་པོད་ཕྲན་ཐོག་ནས་བོད་མི་མང་ཆེ་ཤོས་ཀྱིས་རིན་པོ་ཆེ་བཀྲོངས་སོང་པ་ལ་སེམས་སྡུག་བྱེད་ཅིང་ལག་དམར་གྱི་
བྱ་བ་ངན་པ་ལ་ཞེ་སྡང་བྱེད་པ་ལས། བསམ་བློ་ཞིབ་མོ་ཞིག་གཏོང་གི་མི་འདུག
རིན་པོ་ཆེ་བཀྲོངས་རྐྱེན་ནི་”དཔལ་འབྱོར་རྩོད་གླེང་”དང་” གྲོས་མ་འགྲིགས་པ” ལྟ་བུ་གནས་དོན་སྟབས་བདེ་ཞིག་ཡིན་ནམ།
ཡང་བོད་མི་རིག་སྟོབས་ཅན་འགའ་རེས། “འདི་ལྟ་བུའི་བླ་ཆེན་ཞིག་གིས་དཔལ་འབྱོར་རྩོད་གླེང་བྱེད་པ་མི་སྲིད། ” ” མིང་དོན་མཚུངས་པའི་རྒྱལ་སྤྱིའི་བྱམས་བརྩེ་པ་ཞིག བྱམས་དང་སྙིང་རྗེ་ཐུགས་རྒྱུད་ལ་མངལ་བའི་བོད་བརྒྱུད་ནང་བསྟན་གྱི་རིན་པོ་ཆེ་ཞིག རྒྱལ་ཕྱི་ནང་སྲིད་གཞུང་གིས་
དགའ་བསུ་ཐུབ་པའི་ཕྱི་རྒྱལ་གྱི་བོད་མི་ཞིག་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འཇུག་པ་འགའ་ཤས་ཀྱིས་བཀྲོངས་པ་ནི་ནམ་མཁའ་ལས་རྒྱ་ཆེ་ཞིང་བསམ་ཡུལ་ལས་འདས་པ་ཞིག་རེད། ” “ཁོང་ནི་
དྭ་ཕྲུག་དང་དཀའ་ཁག་ཅན་ལ་ལོ་ལྟར་རོགས་སྐྱོར་འབོར་ཆེན་གནང་ནས་ཕྲུ་གུ་བགྲང་ལས་འདས་པ་ཞིག་སློབ་གྲྭར་བཏང་ནས་སློབ་གསོ་
མྱངས་བཅུག་པའི་བླ་མ་དམ་པ་ཞིག་རེད། དཔེར་ན་ཡུལ་ཤུལ་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ལ་ལོ་རེར་ཁོང་གི་རོགས་དངུལ་སྒོར་ཁྲི་དྲུག་བཅུ་ཡོང་གི་ཡོད། དེ་ལས་གཞན་པའི་རོགས་དངུལ་དག་བགྲངས་ན་གྲངས་ཀ་ལོན་མི་སྲིད། དེ་བས་ན་” དཔལ་འབྱོར་རྩོད་གླེང་” རྐྱེན་གྱིས་གཞན་གྱིས་དགྲོང་པ་ཡིན་སྲིད་དམ། ”
ཚང་མས་སྲིད་གཞུང་གི་གསར་ལམ་གྱིས་ཞིབ་གཅོད་སྐབས་སུ་བཀོལ་བའི་མིང་ཚིག་དག་ལ་གཟབ་ནན་གྱིས་མཉམ་འཇོག་བྱ་རོགས།
སྐར་ཆེན་ཞིག་འདས་གྲོངས་སུ་སོང་པའི་སྡུག་བསྔལ་ལ་ནི་ཚད་ཅིག་ལར་ནས་མེད་པའི་ཐོག་ཏུ། ཚིག་ཚོགས་དེ་དག་གིས་ཤེན་ཤུགས་མི་ཐེབས་
པར་མཛད་རོགས། འཇིག་རྟེན་གྱི་སྙིགས་མ་འདི་ལ། གཟི་འོད་ལྡན་པའི་མི་འདི་འདྲ་ཞིག་ཡོད་པར་མི་འོས།
ཡ། ད་མང་པོ་མི་བཤད། གལ་སྲིད་ཨ་དཀོན་རིན་པོ་ཆེ་ལྐོག་དགྲོང་གི་དོན་རྐྱེན་འདི་བསྙལ་ནས་
འདི་ལས་གཞན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོང་པ་ཡིན་ན། གནས་ཚུལ་གལ་ཆེན་འགའ་ཤས་ཤིག་ཀྱང་སྦས་གསང་བྱེད་དགོས་ཚོད་རེད།
དཔེར་ན། ཟླ་༡༠པའི་ཚེས་༢༢ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཡི་ཐོབ་ཐང་ལས་འཛིན་ཚོགས་པས་རྒྱ་ནག་ངོས་ཡོངས་ཀྱི་འགྲོ་བ་
མི་ཡི་ཐོབ་ཐང་གི་གནས་བབ་ལ་ཞིབ་དཔྱོད་བྱ་རྒྱུ་ཡིན་རེད། འཛམ་གླིང་གི་མིག་འོད་དག་ཀྱང་ཕྱོགས་གཅིག་ཏུ་འཕྲོ་བའི་མགོ་རྩོམ་བཞིན་ཡོད་པས། བོད་མི་རང་བསྲེགས་ལ་སླར་ཡང་དོ་ཁུར་བྱེད་པ་རེད། དེ་དུས་གནད་དོན་གྱི་རྩ་བ་གང་ཡིན་ཤེས་གསལ་ཡོང་ན་ཐང་།
༢༠༡༣/༡༠/༡༠ཉིན་འོད་ཟེར་གྱིས་བྲིས། ཀརྨ་ཚུལ་ཁྲིམས་བཟང་པོས་ཚེས་༡༡ཉིན་བསྒྱུར།
2Like · · Share
15 people like this.
Namkha Jigme
་ལྷ་སྲས་བསོད་ནམས་ཀྱི་ངོ་དེབ་ལས་བཤུས་པ་ཡིན། ཚང་མས་ཅིག་གཟིགས་དང་།
སྙིང་རྗེ་ངས་མ་ཤེས་པ་མ་གཏོགས་པ་ནམ་མཁའ་འདི་འདྲེ་འཁོར་ས་ཙིག་ཡིན་ཙ། སྐྱེས་བུ་དམ་པའི་ལུས་དང་སྲོག་གི་འབྲེལ་གཅོད་པ་ནི་དད་མེད་པ་དང་འདྲེའི་བདེ་སྐྱིད་ཅིག་ལོས་ཡིན།
རྒྱ་གཞུང་གིས་ཆུ་ཚོད་བཅུའི་ནང་དུ་ལྐོག་གསོད་པ་བཙལ་བ་ལྟར་ན་བཙན་བྱོལ་སྲིད་གཞུང་དང་རྒྱ་གར་སྲིད་གཞུང་གཉིས་ནི་ལྐོག་གསོད་པ་འཚོལ་བའི་ཁ་ལག་དལ་ཤོས་དང་། ལྐོག་གསོད་པ་དང་ལྐོག་གསོད་པའི་སེམས་འཚོལ་བའི་སྲིད་གཞུང་རྙིང་དྲི་བྲོ་བ་གཅིག་གཉིས་ནང་གི་གཅིག་དེ་ཡིན་སྲིད།
འོད་ཟེར་ལགས་ཀྱིས་ཨ་དཀོན་རིན་པོ་ཆེ་དཀྲོངས་པའི་གྱོད་དོན་སྐོར་དེ་ཡིག་བསྒྱུར་བ་ཉིད་ནས་ཕལ་ཆེར་མགོ་ཡག་པོ་ཚོད་མེད་པ་འདྲ། ཡིག་བསྒྱུར་བྱེད་སྟངས་དེ་འདྲ་བྱས་ན་ཤེས་པ་མ་ཤེས་པ་དང་ཡོད་པ་མེད་པ་དཔེ་ལྟར་ཆགས་རྒྱུ་རེད། བོད་བསྒྱུར་བྱས་པ་དེའི་ནང་དོན་ལ་འོད་ཟེར་ལགས་ཀྱིས་སྐད་ཆ་བཤད་པ་ཡིན་ནམ། ཡང་ན་རྒྱ་ནག་གི་ཉེན་རྟོག་པའི་སྐད་ཆ་ཡིན། ་ཡང་ན་ཡིག་བསྒྱུར་བའི་སྐད་ཆ་ཡིན་སུས་བཤད་པ་ཡིན་མིན་མགོ་ཚོད་ཀྱི་མི་འདུག དཔེ་མཚོན་ལྟ་བུར ༼ ལྷ་ས་ལ་ཡོད་པའི་ངས་དྲྭ་ཐོག་ནས༽ ཟེར་ན་གོ་རྒྱུ་ག་རེད་ཡོད་དམ། ཚིག་དོན་དེར་ལྟོས་ན་ལྷ་སར་ཡོད་པའི་འོད་ཟེར་ལགས་ཀྱི་ངོ་ཤེས་ཤིག་གིས་དཱ་ཐོག་ནས་ཨང་དཀོན་རིན་པོ་ཆེ་དཀྲོངས་པའི་གནས་ཚུལ་མཐོང་བར་གོ་དགོས་ཀྱང་༼ངས་༽ ཟེར་བྲིས་དུས་འོད་ཟེར་ལགས་ཀྱིས་མཐོང་བ་གོ་དགོས་པ་འདུག
ངས་བྱས་ན་ཡིག་བསྒྱུར་བས་དེ་འདྲ་འབྲི་དགོས་ཀྱི་མེད་དམ་༼ ང་ལྷ་སར་ཡོད་པའི་སྐབས་དྲ་རྒྱའི་ཐོག་ནས་༽ ཡང་ན་འོད་ཟེར་ལགས་ཀྱི་ངོ་ཤེས་ཤིག་གིས་མཐོང་ཡོད་ན་༼ ལྷ་ས་ལ་ཡོད་པའི་ངའི་ངོ་ཤེས་ཤིག་གིས༽ ཟེར་བྲིས་ན་ཀློག་པ་པོས་སུས་མཐོང་ཡོད་མེད་གསལ་པོ་རྟོགས་ཐུབ་པའི་ཁར་ལོ་ཙ་བ་དོན་དང་མཐུན་པ་ཞིག་ཡོང་རྒྱུ་གདོན་མི་ཟ་འོ།
ལྷ་མོ་ཚེ་རིང་ཁྱོས་ཆི་ཟིག་བཤད་ཀི་ཡོད།
(གནམ་འདིས་ནམ་རྒྱུན་ཡིག་ནོར་སྒམ་གང་བོ་མ་འཁྱོག་པར་དུག་དྲི་རྩོམ་ཞིག་ཡོད་ཚད་ཀྱི་མཆན་ན་ཤོར་ནས་འགྲོ་གི་མི་ཟེར་བ་དགོད་སྤྱད་རེད།)
བརྡ་སྤྲོད་དང་ཚིག་དོན། གཅོད་མཚམས་གང་ལ་ཆ་འཇོག་བྱེད་ས་མེད་པའི་མཆན་བུ་ནི་ཚེགས་སྡུག་ཙམ་ལས། ཁ་བརྡ་ཚང་གི་དྲ་འབུ་ཚོས་དགའ་བསུ་མེད་མ་ཤེས་སམ། ཧ་ཧ་ཧ།
ནམ་མཁའ་ལགས་ལ་རྒྱུ་མཚན་འདུག བོད་ནང་ལ་སློབ་གསོ་དང་རིག་གཞུང་གི་བྱ་གཞག་རླབས་པོ་ཆེ་དེ་དག་ལ་བྱས་རྗེས་ཅན་གྱི་མི་ཨ་ཀོང་རིན་པོ་ཆེ་ལྟ་བུར་མྱ་ངན་གི་ཚིག་སྐམ་པོ་ཙམ་ཡང་སྦྱིན་མ་ཐུབ་པའི་བཀའ་ཤག་དེ་ཚོ་དང་སྤྱི་འཐུས་དེ་ཚོ་ངོ་མ་བོད་ནང་གི་མི་ལ་བརྩེ་བ་དང་འགན་འཁུར་རྩ་བ་ནས་ཨེ་ཡོད་ལྟ་བུ་ཤར།
ཨ་ཀོང་རིན་པོ་ཆེས་བཀའ་སྤྱི་གཉིས་ཀྱི་མི་ཚེ་གཅིག་བསྒྲུབ་མ་ཐུབ་པའི་བྱ་བ་ཁོང་གིས་བསྒྲུབས་འདུག དེ་ཚོ་ལ་དོ་སྣང་ཙམ་མ་སྤྲད་པ་ནི་ད་ལྟའི་བཀའ་སྤྱི་དེ་གཉིས་ཀྱི་སྐྱོན་རེད།