བཀྲ་ཤིས་དོན་འགྲུབ།
—–(ཨ་དཀོན་རིན་པོ་ཆེ་གཤེགས་པར་མྱ་ངན་ཞུས་པ།)
འཇིག་རྟེན་ལ་མུན་པ་འཐིབས་བྱུང
གྲང་རླུང་གི་ཤུར་སྒྲས་སྡོང་ལོ་ཤག་ཤག་ཏུ་དེད
ངམ་ནག་པའི་མཚན་མོའི་འཇིག་རྟེན་སྐྱི་རེ་གཡའ
དྭ་ཕྲུག་ཁྲི་ཕྲག་གི་ངོ་གདོང་ཁྲག་གི་མིག་ཆུས་བརླན
ཁྱི་སྤྱང་གི་ངུ་ཟུག་གིས་ཟིན་པའི་མཚན་མོ་འདིའི་རྒྱབ་ལྗོངས
ལྐོག་བྱུས་དང་གདུག་རྩུབ་ཀྱིས་བྲིས་ཡོད་པས
ངན་གཡོའི་སྤྲིན་པ་ནག་པོ་དེ་དུག་རླངས་ཤིག་དང་འདྲ་བར
ལང་ལོང་དུ་འཕྱུར་ཞིང་བན་བུན་དུ་འཁྲིགས་ཏེ
ཟླ་བ་དཀར་མོ་དེ་ཁྱུར་མིད་བྱས་སོང
སྐར་ཚོགས་ཀྱི་འཇིག་རྟེན་མག་མོག་ཏུ་བཏང་སོང
སྙིགས་དུས་ཀྱི་རྒུད་པ་དྲག་ནས་དྲག་ཏུ་རྒོད
སྣོད་བཅུད་མཐའ་དག་མྱ་ངན་གྱིས་རབ་ཏུ་གཟིར
སྨྲེ་ངག་དང་གདུང་འབོད་ཀྱིས་འཇིག་རྟེན་ཚོས
མེ་ཏོག་གི་མཛེས་པ་བརླགས་སོང
ཡོད་ཚད་སྐྱོ་བ་ཡིས་བཟི་འདུག
ཉི་ཟླ་གཟའ་ཡིས་བཟུང་བ་སུ་ཞིག་གི་ཕམ་ཁ་ཡིན་སྲིད་དམ
མཚན་སྨག་ལ་དྭངས་རྒྱུ་མེད་པ་སུ་ཡི་སྐྱོ་བ་ཡིན་ནམ
སྡུག་བསྔལ་འདི་དག་སུ་ལ་བརྗོད་དགོས་སམ
གསོན་ཁྲག་འཐུང་བར་འདོད་པ།
ཉན་ན་རྣ་བ་གས་པའི་གཏམ་ངན་ཞིག།
བསམས་ན་དྲན་པ་འཐོར་བའི་བྱ་ངན་ཞིག།
མདོ་ཁམས་སྡེ་དགེ་ཕྱོཊ་ཀྱི་གསོན་འདྲེ་འགས།།
བྱང་སེམས་ཨ་དཀོན་སྤྲུལ་སྐུ་བཀྲོངས་སོང་ལོ།།
ཟས་མེད་སྤྲང་པོ་ཁྲི་འབུམ་འཆི་ལམ་བརྫངས།།
གོས་མེད་གཅེར་བུ་མང་པོར་གསོན་པགས་བཤུས།།
མགོན་མེད་ཞ་བོ་མང་པོའི་མིག་འབྲས་ཕྱུང་།།
ཤི་འདྲེ་དེ་ཚོའི་ནག་ཉེས་སུ་ཡིས་བསབ།།
མི་ལུས་འདྲེ་སེམས་ཅན་གྱི་མྱི་ངན་ཚོའི།
མ་ཤི་སྔོན་ནས་གློ་སྙིང་ཕྱིར་བཏོན་ཏེ།།
སྙིང་ཁྲག་དྲོད་མོ་འཐུང་བའི་གོ་སྐབས་ཤིག།
བྱུང་ན་བདག་སེམས་ལྷོད་ལ་བབ་པ་ངེས།།
སྡུག་གི་མུན་ནག་འཁྲིགས་པའི་དུས་སྐབས་སུ།།
ཁྲག་གི་མིག་ཆུ་བསླངས་བ་ཡ་རེ་ང་།།
མྱ་ངམ་བྱེ་ཐང་འཁྱམ་པའི་དྭ་ཕྲུག་ཚོའི།།
ཁ་ཕོར་གཏད་དུ་བཅག་པ་གློ་སེམས་ན།།
རང་རྣའི་ཆེད་དུ་རང་ཁང་རི་ལྟར་བརྩེགས།།
རང་ལྟོའི་ཆེད་དུ་འདྲ་གཟུགས་གསེར་གྱིས་བཏུམས།།
རང་དོན་ཁོ་ནར་གཉེར་རྣམས་གོང་བཀུར་ན།།
རང་རིགས་འགྲོ་བའི་མགོན་ཞིག་བཀྲོངས་སམ་ཅི།།
དྭ་ཕྲུག་ཁྲི་མ་འབུམ་གྱི་ཨ་ཕ་ཞིག།
ཟས་མེད་སྤྲང་པོ་དུ་མའི་སྦྱིན་བདག་ཅིག།
གྲོགས་མེད་མགྲོན་པོ་དུ་མའི་གྲོགས་དན་ཞིག།
སྤྲང་པོའི་ཡུལ་ནས་གྱེས་པ་སྔར་སོང་ངོ་།།
དོལ་རྒྱལ་ཚོགས་མིས་མཚན་ཉིད་བླ་མ་བཀྲོངས། །
རོགས་དངུལ་ཆེད་དུ་ཨ་ཀོང་བླ་མ་བཀྲོངས། །
བཀྲོངས་ཚད་རྒྱབ་ཏུ་རྒྱ་བོད་མི་རིགས་གཉིས། །
སུས་བྱས་སུས་བཀྲོངས་ཚང་མས་ངོས་འཛིན་གྱིས། །
ཁ་བརྡའི་རྩོམ་སྒྲིག་པ་རྣམ་པས་”ལྐོག་བྱུས་དང་གདུག་རྩུབ་ཀྱིས་(བྲེས་)ཡོད་པས”ཞེས་པ་དེ་(བྲིས་)ཡོད་པས་ཞེས་བཅོས་འདུག་པར་དགོངས་གཞི་དགོས་པ་ག་རེ་ཡོད་མིན་ཤེས་མ་བྱུང་། ཁྱད་མཚར་རེད།