རྔ་བ་རྒྱལ་ཁམས་པ།
ལམ་གྱི་ལྟེབ་ཚིགས་རེ་རེ་བཞིན་འཕྲོ་རིམ་འཕྲོར་ང་ཚོའི་ཕྱི་རྗེས་སྙེག སྐབས་དེར་ངའི་སེམས་ལ་ཤིན་ཏུ་བགྲོད་པར་དཀའ་བའི་རི་ཀླུང་ཆེན་པོ་ཞིག་བརྒལ་མཐར། བགྲོད་བདེ་བའི་ཐང་ཡངས་པོ་ཞིག་ཏུ་སྐྱོད་བཞིན་པའི་སྣང་བ་ཤར། ངའི་ལས་དཔོན། ལས་གྲོགས་དག མི་དོན་ལས་བྱེད་སོགས། ང་དང་རྒྱུན་འབྲེལ་ཡོད་པའི་མི་མང་བོ་ཞིག་གིས། ད་ཐེངས་ཀྱི་ཛ་དྲག་གནད་དོན་འདིར་ཤེས་འདོད་ཀྱི་རྣ་བ་བརླགས་ནས་ཡོད་པ་ངས་ཧ་གོ་གི་ཡོད། ངས་དེ་དག་ལ་ད་རེབ་ཀྱི་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཞིབ་མོ་ཞིག གསལ་བཤད་བྱ་རྒྱུའི་ས་བཅད་ལྟ་བུ་ཞིག་འགྲེམས་པའི་མུ་ནས། སླར་ཡང་མ་རྒན་གྱི་དྲོད་སྐྱིད་ཁོལ་བའི་ཁྱིམ་གཞིས་སུ་སླེབས། ངེད་གཉིས་ཀྱིས་བུའི་མཆན་ཞབས་གཡས་གཡོན་ནས་སྐྱོར། ཡར་ཐེམ་སྐས་ཐོག་འཛེགས་སྐབས། བུས་ནམ་རྒྱུན་ལྟར་ཨ་མ་ལགས། ང་ཕྱིར་ནང་དུ་སླེབས་ཡོད། ཅེས་སྐད་ཤུགས་རན་ཙམ་གྱིས་བོས། ཆུང་མའི་ཨ་མ་ལགས་ཀྱང་དགའ་ཉམས་དོད་པའི་བཞིན་རས་ལས། སྐྱོ་སྣང་འཆར་བའི་མིག་གོང་གཉིས་མཆུ་མས་གང་བཞིན། བུའི་ལུས་པོ་ལ་དམ་གྱིས་འཁྱིད། མགོ་བོ་བྱིལ་བྱིལ་བྱེད། འོ་སྤྲོད་ཞོར་ཁྱེད་ཕྱིར་སླེབས་པ་ཡག་བྱུང་། ཁྱོད་ཕྱིར་ཕེབས་པ་ཡག་བྱུང་ཞེས་སྨྲས།
དེ་ནས་བུ་ནམ་རྒྱུན་ནས་སྡོད་པར་སྤྲོ་བའི་ཇ་ཁང་ཟུར་ངོས་ཀྱི་སོབ་སྟེགས་སེར་ནག་དེའི་ཐོག་བསྡད། ཆུང་མའི་ཨ་མ་ལགས་ཀྱིས་ངེད་ཚོར་དགོང་ཟས་དང་། ཉལ་ཁང་ཉལ་ཆས་སོགས་གཙང་བཟོས་གྲ་སྒྲིག་ཆ་ཚང་གནང་ཡོད་པ་མཐོང་། ངེད་གཉིས་ཀྱིས་བཅའ་དངོས་ཚང་མ་དབོར་འདྲེན་དབྱེ་བསྡུ་བྱས་ནས། འཕྲལ་མར་བེད་སྤྱོད་གཏོང་དགོས་པའི་སྨན་དང་། གཙང་སྤྲའི་དངོས་པོ། ལུས་བྱུག་སྣུམ་སྨན་བཅས་ཟུར་བཞག་གྲ་སྒྲིག་བྱས། སྔ་གཏོང་བྱས་པའི་སྟབས་བདེའི་གསང་སྤྱོད་དང་། རྐང་བ་བཞིན་ལྡན་གྱི་ལག་འཁར་ཡང་སླེབས་འདུག་སྟབས། ལམ་སང་ཤོག་སྒམ་ཁ་ཕྱེས་ནས་དེ་དག་རེ་རེ་བཞིན་ལྷུ་སྒྲིག་སྟེ་བེད་སྤྱོད་གཏོང་ཆོག་ཆོག་བྱས། ཐོག་མའི་བདུན་ཕྲག་གཅིག་གི་རིང་། ངེད་ཚོ་གསུམ་ཀ་ཉལ་ཁང་གཅིག་གི་ནང་ཉལ། ལར་སྐྲན་སྨན་ཟོས་པའི་ཉེར་ལེན་ལས། བུའི་ལུས་ཀྱི་རྐང་ལག་རྒྱུས་པའི་ནུས་པ་ཤོར་ཡོད་ཁར། ད་རེབ་ཀྱི་ཛ་དྲག་ཉེན་སྐྱོབ་སྐབས། རྐང་ལག་རྩ་རྒྱུས་དམ་ལྷོད་ཤོར་ཡོད་པས། གོམ་པ་སྤོ་དཀའ་ལ། རྒྱ་ལ་ཅུང་སྤོ་ཐུབ་པའི་དབང་དུ་བཏང་ཡང་། རྐང་བའི་སྔ་རྟིང་ལས་ཕྱི་རྟིང་དང་། ཕྱི་རྟིང་ལས་སྔ་རྟིང་ས་ལ་འཛུགས་མི་ཐུབ་པའི་དཀའ་ངལ་ཡོད་སྟབས། ཉིན་རེའི་གཟུགས་པོའི་གནས་བབ་ལ་དཔགས་པའི “རྩ་གནད་འཕུར་གནོན”གྱི་སྨན་བཅོས་ལག་ཐབས་གང་མང་བེད་སྤྱོད་བྱས་པ་ཡིན། ད་དུང་བཟའ་བཏུང་ཉུང་ངུ་ཞིག་ལས་བྱེད་མི་ཐུབ། བཟའ་བཏུང་ཡག་པོ་མ་བྱས་ན་ལུས་འཚོབ་དཀའ་བའི་རྒྱུ་མཚན་མང་བོ་གསལ་བཤད་བྱས།
བུས་ཀྱང་ཨུ་ཚུགས་བརྒྱབ་ནས་བཟའ་བཏུང་བྱེད། བཟའ་བཏུང་གྲུབ་འཕྲལ་ག་ལེར་ཡར་བསླངས་ནས་གོམ་སྦྱོང་བྱེད། གོམ་སྦྱོང་བྱེད་ཐེངས་རེར་ལྟོ་བའི་ནང་གི་དབུགས་ཁ་ནས་ཕྱི་ལ་ཐོན་པའི་སྒྲག་སྐད་ཆེ་ཆུང་རྒྱུན་དུ་གོ་རྒྱུ་འདུག ཐོག་མའི་ཉིན་གསུམ་བཞི་ཞིག་གི་རིང་། སྟབས་བདེའི་གསང་སྤྱོད་དེ་བེད་སྤྱོད་བཏང་། གོམ་སྦྱོང་གི་དུས་སུ་སྐབས་རེར་རང་ཉིད་གོམ་པ་བཅུ་གྲངས་རེ་སྤོ་ཐུབ། སྐབས་རེར་ལག་འཁར་རྐང་བ་བཞི་ལྡན་དེ་བེད་སྤྱོད་བྱེད། དཔུང་བ་གཡས་མའི་ངོས་སུ་ཡོད་པའི་སྐུད་པ་ཡལ་ག་གཉིས་ལྡན་དེ། ད་དུང་བླངས་མེད་པས་གོན་པ་བརྗེ་བོ་རྒྱག་པ་དང་། ཁྲུས་བྱེད་པ། ཉལ་བའི་སྐབས་སུ་ལྷག་ཏུ་སྟབས་ཀ་མ་བདེ་བའི་དཀའ་ངལ་འདུག བུ་རང་ཉིད་ཀྱིས་སྐུད་སྣེའི་ཁ་ཁེབ་ལྷུང་དྭོགས་ཀྱིས་རྒྱུན་པར་བལྟ་སྲུང་བྱེད་ཀྱིན་པར་བསམས་ན། ཁོ་ལ་སེམས་ཁྲལ་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་སྨྲོས་མ་དགོས། ང་ཚོ་ད་རེབ་ཀྱི་ཛ་དྲག་སྨན་ཁང་ནས་བུད་དེ། ཕྱིར་རང་ཁྱིམ་དུ་ལོག་ནས་བདུན་ཕྲག་གཅིག་གི་རྗེས། དུས་བཏབ་པ་ལྟར་སླར་ཡང་སྨན་ཁང་དུ་ཕྱིན། རྒྱུན་ལྡན་གྱི་བརྟག་དཔྱད་བྱས་པར་གཞིགས་ན། བུའི་གཟུགས་པོའི་ལྗིད་ཚན་རྒྱ་མ་བརྒྱ་ནས་མར་བདུན་ཅུར་ལྷུང་ཡོད་པ་དང་། རྐང་ལག་གི་འགུལ་ཤུགས་ཆ་མི་སྙོམས་པ་ཧ་གོ
འོན་ཀྱང་། དགའ་འོས་པ་ཞིག་ནི། ལུས་ཀྱི་ཁྲག་ཤུགས་ཀྱི་ནུས་པ་ཕལ་མོ་ཆེ་ཞིག་ཡར་འཕར་བ་མ་ཟད། ཁྲག་དཀར་གྱི་གྲངས་ཚད་ཡར་འཕར་ནས་རྒྱུན་ལྡན་ལྟ་བུར་གྱུར་ཡོད་སྟབས། ང་ཚོ་བློ་སེམས་བདེ་ཞིང་བུའང་དགའ་ཐག་ཆོད་ནས། ཀོ་རི་ཡའི་ཏོས་སྤོས་དང་། རྩིབ་ཤ་སྲེག་མ་ཟ་རུ་འགྲོ་དགོས་ཞེས་ཨུ་ཚུགས་བརྒྱབ། སྨན་པར་ཟ་ཁང་དུ་སོང་ན་འགྲིགས་མིན་གྱི་བཀའ་འདྲི་ཞུས་པར། སྨན་པས་ཀྱང་དེ་ལུགས་བྱས་ན་ཉེན་ཁ་མི་འདུག་ཅེས་བཤད། སྨན་པས་བཀོད་མངགས་ལྟར་སྨན་གཡོག་ཅིག་གིས། བུའི་དཔུང་ངོས་ཀྱི་སྐུད་ལམ་དེ་ཕྱིར་བླངས། སྐུད་ལམ་བརྒྱུད་ལུས་ལ་གཏོང་དགོས་པའི་སྨན་གྱི་ཚབ་ཏུ་སྨན་ཁབ་བརྒྱབས་ན་འཐུས་པ་དང་། ཁ་ནས་ཟ་དགོས་པའི་སྨན་ཁ་ཤས་ཀྱི་ནུས་ཤུགས་ཀྱང་གཅོག་འཕྲི་བྱས། ཁྲག་བརྟག་ཆེད་ནམ་རྒྱུན་སྐུད་ལམ་ནས་ཁྲག་འཐེན་བཞིན་པའི་དོད་དུ། ལག་འཛུབ་ནས་ཁྲག་ཐིག་ཉུང་ངུ་རེ་བླངས་ཏེ་བརྟག་པ་བྱས་ན་ཆོག་པ་དང་། རྐང་ལག་གི་སྒུལ་ཤུགས་འཕེལ་ཞིང་། ལུས་བྱིངས་ཀྱི་ཤ་རྒྱུས་ལ་མཉེན་ཆ་དབབ་ཕྱིར། སྨན་ཁང་དེ་ཉིད་ཀྱི་ལུས་རྩལ་སྡེ་ཚན་ནང་བདུན་རེའི་གཟའ་ལྷག་པ་དང་སྤེན་པ་གང་ཤར་ལ། (physical therapy)གཟུགས་ཁམས་བཅོས་ཐབས་ཀྱི་སྦྱོང་བརྡར་དང་། (occupational therapy)ལག་བཅོས་སྦྱོང་བརྡར་བཅས། གཟུགས་པོའི་བཅོས་ཐབས་མི་འདྲ་བ་གཉིས་བེད་སྤྱོད་གཏོང་འོས་པའི་གྲོས་སྟོན་གནང་། ཉིན་དེར་བུ་དང་འབྲེལ་ལམ་ཡོད་པའི་སྨན་པ་ཚོ་དང་། སྨན་ཞབས་མ་དག་སྤྲོ་སེམས་ཁོལ་བའི་ངང་བུ་ལ་གཟིགས་སྐོར་དུ་ཕེབས། ཉི་མ་དེའི་སྨན་ཁང་གི་ལས་ཀ་ཆ་ཚང་གྲུབ་ནས། རྒྱུན་ལྡན་སྣེ་ལེན་པར་ཐོན་བརྡ་སྤྲད། གློག་སྐས་བརྒྱུད་འོག་ཤོད་ཀྱི་རླངས་འཁོར་འཇོག་ཚུགས་སུ་ཕྱིན།
གསང་སྤྱོད་དུ་གཅིན་པ་བཏང་། ལག་པ་གཙང་མར་བཀྲུས། རླངས་འཁོར་འཇོག་གླ་སྤྲད་རྗེས་འཛིན་ཡིག་བླངས་སྟེ། སྔར་གྱི་ཀོ་རུ་ཡའི་ཟ་ཁང་དེའི་ཕྱོགས་སུ་ཆས། སྐབས་དེར་ཕར་ཆེར་ཉིན་གུང་གི་ཆུ་ཚོད་གསུམ་པ་ཡས་མས་ཤིག་རེད། ང་ཚོ་ཅུང་སྔ་བོར་ནང་དུ་ལོག་རྒྱུ་བྱུང་བས། ལམ་བར་ན་རླངས་འཁོར་གྱི་འཚང་ག་ཆེན་པོ་མི་འདུག གནམ་གཤིས་ཅུང་གྲང་ཞིང་གངས་མ་ཆར་ཞིག་ཀྱང་འབབ་བཞིན་འདུག ཀོ་རུ་ཡའི་ཟ་ཁང་དེའི་གནས་ཡུལ་བྲེལ་ཟིང་ཆེ་བའི་སྲང་ལམ་གྱི་ཁུག་སོ་ཆུང་ངུ་། རླངས་འཁོར་འཇོག་ས་ཀུ་དོག་མོ། སྟབས་ཀ་དེ་ཙམ་བདེ་རྒྱུ་མེད་ས་ཞིག་ཡིན་རུང་། བཟའ་བཏུང་ཡག་པོ་ཡོད་སྟབས། ག་དུས་ཕྱིན་ཀྱང་སྐུ་མགྲོན་གྱིས་འཚང་ག་ཤིག་ཤིག་བྱེད། རླངས་འཁོར་འཇོག་ས་ཞིག་རག་སོང་། ང་ལམ་སང་རླངས་འཁོར་ལས་མར་བབ་སྟེ། གཡས་ཕྱོགས་ནས་བུ་ལ་ཞྭ་མོ་དང་སྟོད་གོས་འཐུག་པོ་དེ་བཀབ། རྒྱབ་ངོས་ཀྱི་རྒྱབ་ཁུག་ལས་ཁོ་རང་ཉིད་ཀྱི་ཟ་ཐུར་སྤར་མགོ་མ་དང་། ཁྱེམ་བུ། དགོང་གྲོའི་སྨན། ཁྱིམ་ནས་བསྐོལ་བའི་ཆུ་གཙང་བཅས་བླངས། བུ་ག་ལེར་མར་རླངས་འཁོར་ལས་ཕབ་སྟེ། མཆན་ཁུང་གཡོན་མ་ནས་སྐྱོར་བཞིན་ཟ་ཁང་དུ་ཕྱིན།
ཟ་ཁང་གི་སྣེ་ལེན་པར་ང་ཚོར་བསྡོད་ས་དྲོན་མོ་ཞིག་དགོས་ཞེས་རེ་སྐུལ་ཞུས་པ་ལྟར། ཟ་ཁང་ཕུག་ནས་བསྡོད་སྟེགས་ཡངས་པོ་ཞིག་མཁོ་སྤྲོད་གནང་། ཛ་དྲག་སྨན་བཅོས་ཀྱི་རྐྱེན་ལས་ང་ཚོ་ཟ་ཁང་འདིར་མ་ཡོང་བར་ཕལ་ཆེར་བདུན་གཉིས་ལྷག་ཕྱིན། ནམ་རྒྱུན་ནས་ང་ཚོར་སྣེ་ལེན་བྱེད་མཁན་གྱི་ཀོ་རུ་ཡའི་བུད་མེད་དེས། ཕར་ཕྱོགས་ཀྱི་བསྡོད་སྟེགས་ཤིག་ཏུ་ཟས་ཞབས་སྒྲུབ་ཞོར་ང་ཚོར་ཡང་ཡང་ལྟ་བཞིན་འདུག བུད་མེད་དེ་དང་ཟ་ཁང་གི་བདག་མོ་གཉིས་ཀས་ངའི་བུ་ལ་སྐྲན་ནད་ཡོད་པ་ཧ་གོ་གི་ཡོད། ད་ལམ་ང་ཚོ་རྒྱུན་རིང་བོར་ཟ་ཁང་འདིར་མ་ཡོང་བ་དེས། ཁོང་ཚོར་ངའི་བུའི་བདེ་ཐང་ཐད་དྭོགས་པ་མང་བོ་ཞིག་ཟ་བཞིན་ཡོད་པ་ཐག་གིས་ཆོད། ལྷག་པར་བུད་མེད་ཟས་ཞབས་མ་དེའི་ཁྱོ་བོའང་སྐྲན་ནད་ཀྱིས་ཟིན་ཡོད་པ་དང་། མོས་རང་གི་ཁྱོ་གར་ཟས་ཀྱི་ཡི་ག་བརླག་པ་དང་། ཟས་འཇུ་དཀའ་བའི་དཀའ་ངལ་མང་བོ་ཞིག་ཡོད་ཚུལ་ང་ཚོར་བཤད་མྱོང་། ང་ཚོས་ནམ་རྒྱུན་ལྟར་ཟས་ཚང་མ་གཡོས་སྦྱོར་གཙང་མ་དང་། ཚོས་ཐག་ཆོག་པ་དགོས་ཞེས་མངགས་བཅོལ་ཞུས། ངས་བུ་ཆུང་གི་ཞྭ་དེ་དང་། སྟོད་གོས་སྟུག་པོ་དེ་མར་ཕུད་ནས་རྐུབ་སྟེགས་རྒྱབ་ངོས་སུ་བཀལ། བུའི་མགོ་སྐྲ་ཕལ་ཆེར་བྱི་ནས་དམར་ཧྲེང་དུ་གྱུར་ཡོད་པ་དང་། གཟུགས་པོའི་རྣམ་པ་ཤིན་ཏུ་ཉམས་རྒུད་དུ་ཕྱིན་ཡོད་སྟབས། ནད་རིགས་འདིར་ཆ་རྒྱུས་མེད་མཁན་ཞིག་གིས་བལྟས་ཚེ། ཀླུ་ནད་ཀྱི་རིགས་སམ། ཡང་ན་འགོ་ནད་འཇིགས་སུ་རུང་བ་ཞིག་ཏུ་མཐོང་སྲིད།
ཆ་རྒྱུས་ཡོད་མཁན་ཞིག་གིས་བལྟས་ན། བུ་འདི་སྐྲན་ནད་ཅན་ཞིག་ཡིན་པ་ལས་སླ་བོས་ཚོད་དཔགས་བྱེད་ཐུབ། ང་ཚོའི་ཟ་མ་དྲོན་མོ་རླངས་པ་ཐོལ་ལེ་བ་དག་སླེབས་བྱུང་། ཟས་དེ་དག་ནི་ཉིན་དེའི་གནམ་གཤིས་ལ་ལྟོས་ན་ཧ་ཅང་འཚམས་པོ་ཞིག་རེད། ང་ཚོས་ཟས་ཟ་མགོ་ཚུགས་ནས་ཅུང་མ་འགོར་བར། ཆུང་མའི་གཅེན་རྒན་གྱིས་ཁོའི་ཟ་ཁང་ཇི་ལྟར་ཡར་རྒྱས་གཏོང་ཕྱོགས་དང་། ཟས་རིགས་གང་ཞིག་གསར་གཏོད་བྱས་ཚུལ་སོགས། རྒྱུར་པར་གླེང་བཞིན་པའི་སྐད་ཆ་དག་བསྐྱར་ཟློས་ཀྱི་མགོ་བཟུང་། ང་ནི་སྐད་ཆ་དེ་རིགས་ལ་ཉན་འདོད་དང་ཤེས་འདོད་ཁྱོན་ནས་མེད་པས། ནམ་རྒྱུན་ཁོ་དང་འཕྲད་སྐབས་དེའི་སྐོར་གླེང་ཡོང་བསམས་ནས་སུན་སྣང་འདྲ་ཞིག་སྐྱེ་བཞིན་ཡོད། ངའི་ཆུང་མ་ལའང་ལབ་ཟློས་དེ་དག་ཉན་འདོད་མེད་ཁར། ད་ལམ་ཛ་དྲག་སྨན་ཁང་ནས་ཕྱིར་བུད་མ་ཐག་ཡིན་པས། ཟ་ཁང་ཞིག་གི་ཚོང་དོན་གླེང་བ་ནི། མོ་ལ་ཉན་འདོད་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད་མོད། མོས་ཟ་མ་ཟ་ཞོར་གཅེན་པོའི་སྐད་ཆ་དེ་དག་ལ་ཁུ་སིམ་མེར་ཉན་རྗེས། ལན་ཞིག་ཡོད་པ་ནི“ཨིན”ཞེས་པ་གཅིག་པུ་དེ་རེད།
ག་ལེར་བསམ་བློ་ཞིག་བཏང་ན། བོད་ཀྱི་ཁ་དཔེར། ན་སར་ནོན། དགའ་ས་ཤོད་ཅེས་པ་ལྟར། ཟ་ཁང་གི་ཚོང་ལས་ནི་ཁོས་མི་ཚེའི་འཚོ་ཐབས་གཅིག་པུ་དེ་ཡིན་སྟབས། ཁོས་དེ་སྐོར་གླེང་བ་ལ་ཅི་ཁག ང་ཚོས་ནམ་རྒྱུན་ཟ་ཁང་འདི་ནས་ཟ་མ་ཟ་སྐབས། ངའི་བུས་མ་མཐའ་ཡང་ཁ་ཟས་ཀར་ཡོལ་ཕྱེད་ཀ་ཙམ་དང་། ཟོག་ཤ་རྩིབ་མ་གཉིས་ལྷག་ཟ་བཞིན་ཡོད་མོད། དེ་རིང་ཁེམ་བུ་ཁ་ཤས་ཤིག་ཟོས་རྗེས། ངའི་ཁ་ཚིག་གི་འདུག ཅེས་ཟ་རོགས་མི་བྱེད། ང་ཚོས་ཟ་མ་ནི་ལུས་འཚོ་བའི་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན་པས། ཁྱེད་ལ་རྒྱུན་ལྡན་ལྟར་བདེ་ཐང་གི་ལུས་པོ་ཞིག་དགོས་ན་ངེས་པར་ཟ་དགོས་པ་རེད། ཅེས་ནན་བཤད་བརྒྱབ་པས། ཁོས་ཀྱང་ཟོག་ཤ་རྩིབ་མ་གཅིག་དང་། ཐུག་པ་དཀར་ཡོལ་ཕྱེད་ཀ་ལྷག་ཨུ་ཚུགས་བྱས་ནས་བཟའ་བཏུང་བྱས། བཟའ་བཏུང་ཚར་རྗེས་ཟ་མ་དང་མཉམ་པོར་ཟ་དགོས་པའི་སྨན་རྣམས་ཀྱང་ཟོས། ཆུང་མའི་གཅེན་རྒན་གྱིས་ཟས་རིན་སྤྲད་རྗེས་ཟས་ཞབས་མར་ཐུགས་རྗེ་ཆེ་ཞེས་གྱེས་བརྡ་བཏང་སྟེ་ལམ་དུ་ཞུགས།
བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །སྤྱོད་འཇུག་གི་ཚིག་འདིའི་ངོ་གདོང་ནས་གོ་བ་བླངས་པ་ཡིན།