གནས་ཚུལ་མཁོ་སྤྲོད་པ། དོལ་སྨྱོན།
ནུབ་ལུགས་གསོ་རིག་གཞུང་གི་ཟས་སྤྱོད་བསྟེན་སྟངས་དང་བོད་ལུགས་གསོ་རིག་གཞུང་གི་ཟས་སྤྱོད་བསྟེན་སྟངས་གཉིས་ལ་ཚོད་ལྟ་ཞིབ་བསྡུར་བྱས་ཏེ། སྙིང་ནད་གསོ་ཐབས་ལ་བོད་ལུགས་གསོ་རིག་གཞུང་གི་ཟས་སྤྱོད་བསྟེན་སྟངས་ཀྱིས་ཕན་འབྲས་ཆེ་བ་ཐོན་པ་གསལ་རྟོགས་བྱུང་ཡོད་འདུག
འཇར་མན་གྱི་གཙུག་ལག་སློབ་ཆེན་(Tubingen University)ཞེས་པའི་ནང་། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཞུང་གི་ཟས་སྤྱོད་བསྟེན་སྟངས་ལས་སྙིང་ནད་བཅོས་ཐབས་ལ་ཞིབ་འཇུག་བྱས་ཏེ། བོད་ལུགས་གསོ་རིག་གཞུང་གི་ཟས་སྤྱོད་བསྟེན་སྟངས་ཀྱིས་ནུས་པ་ཆེ་བ་ཐོན་ཡོད་པའི་སྐོར། ད་ལོའི་ཟླ་༧ ཚེས་༢༩ ཉིན་རྒྱལ་སྤྱིའི་སྙིང་ཁམས་ཚན་རིག་གི་དུས་དེབ་གྲགས་ཅན་(International Journal of Cardiology)ཅེས་པའི་ནང་ཐོན་འདུག
འདི་གའི་གསར་འགོད་པས་གོང་གི་གནས་ཚུལ་དེའི་ཐད། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ནས་ ༢༠༡༠ ལོའི་ཟླ་ ༡༡ བར་འཇར་མན་གྱི་གཙུག་ལག་སློབ་ཆེན་(Tubingen University)ནང་། བོད་ལུགས་གསོ་རིག་ལ་ཉམས་ཞིབ་དང་། གཞུང་ལུགས་ལག་ལེན་ལ་ཚོད་ལྟ་གནང་བར་ཕེབས་བའི་ནོར་གླིང་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་དང་། ཁྱུ་གསར་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་ལགས་སུ་བཅར་འདྲི་ཞུས་ཡོད།
སྨན་རམས་པ་ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། དེང་སྐབས་འཛམ་གླིང་གི་ཡུལ་ལུང་གང་སར་ཚན་རིག་ལག་རྩལ་གྱི་རྦ་རླབས་ཤུགས་ཆེར་འཕྱུར་བཞིན་པ་དང་མཉམ་དུ། མི་རྣམས་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་དང་འགྲན་རྩོད་ཁྲོད་ནས་ལུས་སེམས་གཉིས་ལ་རྒོལ་བའི་ནད་གཞི་རིགས་མང་དག་ཅིག་འབྱུང་གི་ཡོད་པ་དང་། ཕྱི་དངོས་པོ་འཕེལ་རྒྱས་ཆེན་པོ་ཕྱིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་སྙིང་གི་ན་ཚའི་རིགས་དང་ཤ་རྒྱགས་དྲགས་པའི་དཀའ་ངལ་ཆེན་པོ་ཡོད་སྟབས།
༢༠༠༨ ལོར་འཇར་མན་གྱི་ཊུ་བྷིན་ཇེན་གཙུག་ལག་སློབ་ཆེན་(Tubingen University)དུ། ཁོང་དང་ནུབ་ཕྱོགས་ཀྱི་སྙིང་ནད་ཀྱི་སྨན་པ་མཁས་པ་བཞི་ཡིས་སྙིང་ནད་ཅན་ ༥༢༤ ལས་མི་ ༢༦༢ ལ་ཕྱི་ལུགས་སྨན་གཞུང་གི་ཟས་སྤྱོད་བསྟེན་བཅུག་པ་དང་། མི་ ༢༦༢ ལ་བོད་ལུགས་སྨན་གཞུང་གི་ཟས་སྤྱོད་བསྟེན་བཅུག་སྟེ་ལོ་གཉིས་རིང་ཞིབ་འཇུག་གནང་མཐར། བོད་ལུགས་གསོ་རིག་གཞུང་གི་སྙིང་ནད་བཅོས་ཐབས་ཀྱིས་ཕན་ནུས་ཆེན་པོ་ཐོན་ཡོད་པ་གསལ་བོ་ཆགས་ཡོད་ཚུལ་བརྗོད་བྱུང་།
རྣམ་རྒྱལ་ཁྱུ་གསར་ལགས་ཀྱིས་བརྗོད་དོན། “བོད་པའི་སྨན་གཞུང་གི་ཟས་སྤྱོད་བསྟེན་སྟངས་དེ་ནུབ་ཕྱོགས་ཀྱི་ཟས་སྤྱོད་བསྟེན་སྟངས་དང་མ་འདྲ་བ་ཞིག་ཆགས་ཡོད་པ་དང་། བོད་མི་རིགས་ནི་ཨེ་ཤ་ཡའི་མི་རིགས་ཀྱི་ནང་ནས་གཟུགས་པོ་སྐམ་པ་དང་རྐེད་འཁོར་གྱི་ཚད་གཞི་(BMI)ཆུང་བ་ཡོད་སྟབས། ང་ཚོས་གཙོ་བོ་ལུས་ཀྱི་ལྗིད་ཚད་དང་ཁྲག་ལ་བརྟག་དཔྱད་བྱས་ཡོད་པ་རེད། གང་ཡིན་ཟེར་ན། དེ་གཉིས་ཡག་པོ་ཆགས་པ་ཡིན་ན། སྙིང་གི་ན་ཚའི་ཉེན་ཁ་ཆུང་དུ་འགྲོ་བཞིན་ཡོད་པ་རེད། ང་ཚོས་ལོ་གཉིས་རིང་ཞིབ་འཇུག་བྱས་མཐར་བོད་ལུགས་གསོ་རིག་གི་བཅོས་ཐབས་ཀྱིས་ལུས་ཀྱི་ལྗིད་ཚད་མར་གཅོག་ཐུབ་ཡོད་པ་མ་ཟད། ཁྲག་ཚིལ་དང་ཁྲག་གར་འཇུ་བ། ཁྲག་ནང་གི་གཉན་ཁའི་ཚད་གཞི་བཅས་ལ་ཕྱི་ལུགས་ལས་ཕན་ནུས་ཆེ་བ་ཐོན་ཡོད་པ་རེད”ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ། “སྤྱིར་བཏང་ད་ལྟའི་བར་གྱི་སྲོལ་རྒྱུན་སྨན་གྱི་ཞིབ་འཇུག་གི་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། སྲོལ་རྒྱུན་གྱི་ཚན་རིག་ཡར་རྒྱས་ཡོད་པའི་ཞིབ་འཇུག་གྲུབ་འབྲས་ཐོན་ཡོད་པ་མ་གཏོགས་སྲོལ་རྒྱུན་ལག་ལེན་ལ་ཞིབ་འཇུག་གྲུབ་འབྲས་ཞེ་དྲག་བཏོན་ཐུབ་ཡོད་པ་མ་རེད། ཐེངས་འདིའི་ང་ཚོའི་ཉམས་ཞིབ་ཀྱི་གྲུབ་འབྲས་གཅིག་གང་རེད་ཟེར་ན། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ཚན་རིག་དང་ལག་ལེན་གཉིས་ཀའི་ཐོག་ཉམས་ཞིབ་གྲུབ་འབྲས་བཟང་པོ་ཐོན་པ་ཞིག་ཆགས་ཡོད། གྲུབ་འབྲས་གཞན་ཞིག་ནི་བོད་པའི་གསོ་བ་རིག་པའི་ཟས་སྤྱོད་ཀྱི་བཅོས་ཐབས་དེ་ན་ཚ་ཚབས་ཆུང་ཆུང་ཡིན་པའི་སྐབས་ལ་ཟས་སྤྱོད་ཀྱིས་བཅོས་དགོས་པ་ཞིག་དང་། ན་ཚ་ཚབས་ཆེན་པོ་ཆགས་སྐབས་སྨན་བསྟེན་དགོས་པ་གལ་ཆེན་པོར་རྩི་བཞིན་ཡོད་པ་རེད། ཡིན་ནའང་། ད་རེབ་བོད་ལུགས་གསོ་རིག་གི་སྒོ་ནས་ཟས་སྤྱོད་བསྟེན་སྟངས་གཅིག་པུའི་ཐོག་ནས་སྙིང་ནད་བཅོས་ཐབས་ལ་ཕན་རླབས་ཆེན་པོ་ཐོན་པ་དེ་ནི། བོད་ལུགས་གསོ་རིག་གི་མཁས་པ་གོང་མ་ཚོས་གཏན་ལ་ཕབ་པའི་གཞུང་དང་། ལག་ལེན་རྣམས་དེང་དུས་ཚན་རིག་གི་སྒོ་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པའི་དུས་སྐབས་བཟང་པོ་ཞིག་བྱུང་བ་རེད”ཅེས་གསུངས་སོང་།
མ་འོངས་པར་མུ་མཐུད་དུ་བོད་ལུགས་གསོ་བ་རིག་པའི་གཞུང་དང་ལག་ལེན་ཐོག་ཞིབ་འཇུག་གནང་འཆར་ཡོད་མེད་དྲིས་པར། “མ་འོངས་པར་ཞིབ་འཇུག་དེ་རིགས་བྱེད་དགོས་བསམ་པའི་རེ་བ་ཡོད་ཀྱང་། དུས་ཚོད་རྒྱུན་རིང་པོ་གཏོང་དགོས་པ་མ་ཟད་འགྲོ་སོང་ཡང་ཆེན་པོ་ཞེ་དྲག་རེད། ཐེངས་འདིར་ལས་རིམ་གྲ་སྒྲིག་ནས་མཇུག་བསྡོམས་བར་ལོ་དྲུག་བདུན་ཞིག་ཕྱིན་པ་རེད། གལ་སྲིད་མ་འོངས་པར་མུ་མཐུད་དུ་མཉམ་ལས་ཞིབ་འཇུག་བྱེད་པའི་གོ་སྐབས་བྱུང་བ་ཡིན་ན། བོད་སྨན་ཁ་ཤས་ལ་དཔེ་མི་སྲིད་པའི་ཕན་ནུས་ཆེན་པོ་ཡོད་སྟབས་དེའི་ཐོག་ཉམས་ཞིབ་བྱེད་འདོད་ཡོད་ལ། དེ་བཞིན་བོད་ལུགས་ཀྱི་རྩ་བརྟག་ཐབས་དེ་འཛམ་གླིང་ཐོག་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་སྟབས། ཉམས་ཞིབ་བྱས་པ་བརྒྱུད་གཞན་གྱིས་ཡིད་ཆེས་འཕེར་བ་ཞིག་བཟོ་ཐུབ་པའི་བསམ་བློ་ཞིག་འཁོར་གྱི་འདུག”ཅེས་གསུངས་སོང་།
དེང་སྐབས་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་ཀྱིས་བྱས་རྗེས་བཞག་པའི་སྒང་རེད་བཞག
ཟས་སྤྱོད་བསྟེན་སྟངས་ནི་འཕྲོད་བསྟེན་ཞིག་ཡིན་པ་ལས།
གསོ་རིག་ཅང་ཡིན་རྒྱུ་མ་རེད།
ཟས་སྤྱོད་ནི་ན་ཚ་སོགས་མི་འབྱུང་བའི་སྔོན་འགོག་དང་། གསོ་རིག་ནི་ནད་པ་ཅི་ལྟར་གསོ་བའི་རིག་པའི་གཞུང་ལུགས་ཞིག་རེད།
འཕྲོད་བསྟེན་་གསོ་རིག་ཡིན་པར་སྒྲུབ་ན་ཅུང་ཧམ་པའི་སྐད་ཆ་མ་རེད་པས།
གསོ་རིག་པའི་དགོས་དོན་གཙོ་བོ་ནི། མི་ན་བར་གནས་པ་དང་། ན་བ་གསོ་བའི་ཐབས་ལམ་དེ་ཡིན། མི་ན་བར་གནས་པ་ལ་ཟས་སྤྱོད་ཀྱི་འཕྲོད་བསྟེན་དེ་གལ་ཆེན་གཙིགས་ཆེན་བྱས་ནས་གསུང་གི་ཡོད་ལ། གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ནང་དུ་གོ་གནས་གལ་ཆེན་ཟིན་ཡོད། དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་དང་རིག་པའི་གཞུང་ལུགས་ཤིག་ལས་ཧམ་པའི་སྐད་ཆ་ནི་ཟུར་ཙམ་ཡང་མ་རེད་སྙམ།