སྐྱོ་བྲག་དགའ་དབང་།
ཁོ་བོའི་གཅུང་པོ་ལེགས་མཐོང་གིས། དེང་སང་གི་ཞིབ་འཇུག་པ་ཚོས་དབུ་མ་རིན་ཆེན་སྒྲོན་མ་སྟེ་སྡེ་དགེའི་བསྟན་འགྱུར་མདོ་ཕྱོགས་པོད་ཚ་པའི་ཤོག་གྲངས་ཉིས་བརྒྱ་དོན་གསུམ་པའི་མདུན་ཕྲེང་གཉིས་པར་དུས་རབས་བརྒྱད་པར་བྱོན་པའི་ཞི་བ་འཚོའི་དབུ་མ་རྒྱན་གྱི་ལུང་ཡང་དྲངས་ཡོད་པས། དུས་རབས་དྲུག་པ་ཙམ་གྱི་ནང་དུ་བྱོན་པའི་རང་རྒྱུད་སྲོལ་འབྱེད་ཀྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་རྩ་བ་ནས་ཡོང་ཐབས་མེད་པར་དེ་ཉིད་ལེགས་ལྡན་འབྱེད་ཆུང་བའམ་ལེགས་ལྡན་འབྱེད་ཕྱི་མ་ཞིག་ཡིན་པར་ངོས་འཛིན་གྱི་འདུག་པ་ནི་ཐུགས་དྲན་གསོ་འདོད་ཙམ་ཡིན། ཞེས་གསུངས་པའི་རྐྱེན་གྱིས་ལྟ་རྟོག་ཧོལ་ཙམ་བགྱིས་པ་ན། དབུ་མ་རིན་ཆེན་སྒྲོན་མའི་ནང་དུ། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང༌། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་པ་བདོག་ཅིང་། མཇུག་བྱང་དུ། བཀའ་མ་ལུས་པའི་སྙིང་པོ་བསྡུས་པ། དེ་ཁོ་ན་ཉིད་གསལ་པོར་སྟོན་པ་དབུ་མ་རིན་པོ་ཆེའི་སྒྲོན་མ། བདག་དང་གཞན་ཐམས་ཅད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ་སྐུ་ཚེ་འདི་ཉིད་ལ་སྐུ་ལུས་དེ་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ། །
བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེང་གེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་བཀོད་པ་དང་། དབུ་མའི་སྙིང་པོའི་མཇུག་བྱང། དབུ་མའི་སྙིང་པོ་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་རྫོགས་སོ། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་ཕྱོགས་མཚུངས་སུ་འདུག
བུ་སྟོན་ཆོས་འབྱུང་དུ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤུ་ལོ་ཀ་བརྒྱད་ཅུ། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། དབུ་མ་རིན་པོ་ཆེའི་སྒྲོན་མ། རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར། ཞེས་དང་། ཚུལ་ཁྲིམས་རིན་ཆེན་གྱི་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང༌ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ། ཞེས་ཡིན་ངེས་སུ་བཞག་པ་ལས་ཐེ་ཚོམ་གྱི་ཟུར་ཙམ་ཡང་མི་འདུག
དབུ་མ་རིན་ཆེན་སྒྲོན་མ་སྟེ། སྡེ་བསྟན་མདོ་ཕྱོགས་ཀྱི་པོད་ཚ་པའི་ལྡེབ་གྲངས་ཉིས་བརྒྱ་དོན་གསུམ་གྱི་མདུན་ཕྲེང་དང་པོ་ནས། འདི་ལྟ་བུའི་བདེན་པ་གཉིས་ཁོང་དུ་ཆུད་པ་ནི་གཞན་གྱི་སྡེ་པ་དང༌། རང་གི་སྡེ་པའི་རྒོལ་བ་དག་ལ་འཇིགས་པ་དང༌། བག་ཚ་བ་ནི་ཅི་ཡང་མེད་དེ། ཚུལ་གཉིས་ཤིང་རྟ་ཞོན་བྱས་ཏེ། །རིགས་པའི་སྲབ་ཀྱིས་བསྲབས་བྱས་ནས། །ལུང་གི་ལམ་དུ་ལེགས་པར་ཞུགས། །བླ་མའི་མན་ངག་ལྕག་གིས་གཞུ། །ཞེས་དང་། ལྡེབ་གྲངས་ཉིས་བརྒྱ་དོན་དྲུག་གི་རྒྱབ་ཕྲེང་བཞི་པ་ནས། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པས་ཁས་བླངས་པའི་གནོད་པ་ཡང་མེད་དོ། །ཚུལ་གཉིས་ཤིང་རྟར་ཞུགས་བྱས་ནས། །རིགས་པའི་ཁ་ལོ་ལེགས་བསྒྱུར་ཏེ། །ལུང་གི་ལམ་དུ་ཞུགས་བྱས་ནས། །ལམ་ལོག་པར་ནི་འགྲོ་མི་འགྱུར། །ཇི་ལྟར་འདབ་གཤོག་མ་ཉམས་བྱ། །བར་སྣང་གཅོད་པ་ཐོགས་པ་མེད། །དེ་བཞིན་ཚུལ་གཉིས་ལྡན་པ་ཡང༌། །ཆོས་རྣམས་ཀུན་ལ་ཐོགས་པ་མེད། །ཇི་ལྟར་སེང་གེའི་ང་རོ་ཡིས། །གཅན་གཟན་ཐམས་ཅད་སྐྲག་ཅིང་འཇིགས། དེ་བཞིན་སྟོང་ཉིད་སེང་གེའི་སྒྲས། །རྒོལ་བ་ཐམས་ཅད་འཇིགས་ཤིང་སྐྲག །དངོས་པོ་མེད་ལ་དབང་ཐོབ་པས། །དེ་ཕྱིར་དངོས་པོ་ཀུན་བདག་ཉིད། །རང་གཞན་སྡེ་པ་ཐམས་ཅད་ལ། །སེང་གེའི་ང་རོ་སྨྲ་བ་ཡིན། །ཞེས་བདེན་གཉིས་ཕྱེད་པའི་ཆེ་བ་བར་སྐབས་ཀྱི་ཚིགས་བཅད་ལྟ་བུར་གནང་འདུག
ཞི་བ་འཚོའི་དབུ་མ་རྒྱན་ཏེ། སྡེ་བསྟན་མདོ་ཕྱོགས་ཀྱི་པོད་ས་པའི་ལྡེབ་གྲངས་ང་དྲུག་པའི་མདུན་ཕྲེང་བདུན་པ་ནས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཞེས་དབུ་མ་པ་དང་རྣལ་འབྱོར་སྤྱོད་པ་ལྟར་གཏན་ལ་ཕབ་པའི་ཆེ་བརྗོད་ཀྱི་ཚུལ་དུ་གསུང་འདུག །དེ་ལྟར་ན་དབུ་མ་རིན་ཆེན་སྒྲོན་མ་དང་རྟོག་གེ་འབར་བ་རྩོམ་པ་པོ་གང་ཟག་གཅིག་ཡིན་པའི་ཞལ་བཞེས་མངོན་སུམ་པ་དང་། བླ་མ་བརྒྱུད་པ་བར་མ་ཆད་པའི་གསུང་དང་། མཁས་པའི་དཀར་ཆག་དག་ཏུ་བཀོད་པ་དག་རང་དགར་བོར་ཏེ། ཚིག་རྐང་གཅིག་གཉིས་ཤིག་མཚུངས་པ་ཙམ་ལ་བརྟེན་ནས་ལུང་དྲངས་མདོག་སྐད་པས་གནས་ཚུལ་གཞན་དུ་སྒྲོག་པའི་མུ་ཅོར་ལ་ཡིད་རྟོན་རུང་བ་ཅི་ཡང་མ་མཐོང་ངོ་། །
ཡ་ཡ་ཞིབ་འཇུག་ཡག་པོ་གནང་འདུག ཐུགས་རྗེ་ཆེ། ཁྱེད་ཞིབ་འཇུག་ལེགས་པོ་གནང་མཁན་ཞིག་རེད་འདུག སྐུ་མཁྱེན། འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དེ་ལ་ཞིབ་འཇུག་གཅིག་གནང་རོགས། ང་ནི་མགོ་འཐོམས་སོང། རྩ་བའི་བརྒྱ་ཆ་ལས་བརྒྱ་ཆ་མཐོ་བ་ལོན་མཁན་དེ་འདྲ་འདུག ཧང་སང་སོང་ལ་སེམས་ཀྱང་ཕམ་སོང། བརྒྱ་ཆ་རེ་རེ་ནས་བསྡོམ་དུས་ནི་མི་རེ་ལ་ཨང་ ༥༠ རེ་ཐོས་པ་ཡོད་པ་འདྲ་བོ་འདུག། སློབ་ཚན་ཁ་ཤས་ལ་ནི་ཨང་གི་གཅིག་ཀྱང་མེད་པར་རྒྱུགས་ཕྲོད་ཡོད་པ་དེ་འདྲ་འདུག གང་ལྟར་ཡང་ང་ནི་མགོ་ཐོམ་སོང་ཁྱེད་གཅིག་གཟིགས་རོགས་གནང། ཁ་བྱང་འདི་རེད། http://gelukpauniversity.com
བོད་ཀྱི་ནང་བསྟན་ཁུངས་གཏུགས་ས། །
རྒྱ་གར་ན་ལེན་ཌ་ལྟ་བུའི། །
མཁན་པ་ཆེ་ཆུང་སྐར་ཚོགས་ཀྱི། །
གསུང་ལ་གཅེས་པ་ཤིན་ཏུ་ལེགས། །
གོང་གསལ་རིན་སྒྲོན་གྱི་ཚིག་དང་ཞི་འཚོའི་གསུང་གཉིས་ལ་འདྲ་བའི་ཆ་ཡོད་པ་ཙམ་མ་གཏོགས་ཞི་འཚོའི་རྒྱན་གྱི་ཚིག་ལུང་འདྲེན་མཛད་པའི་ཤེས་བྱེད་མི་གསལ་སྙམ། ལྷག་དོན་ཞི་འཚོའི་ཚུལ་གཉིས་ཤིང་རྟའི་གོ་བ་ལེགས་ལྡན་གྱི་ལུགས་ལ་འགྲེལ་དུ་མེད་པས་ཀྱང་རིན་སྒྲོན་གྱི་ཚིག་དེ་ལེགས་ལྡན་ཆེ་ཆུང་གང་རུང་གིས་རང་སྟོབས་ཀྱིས་སྨྲས་པའི་བརྗོད་ཚིག་ཉིད་ཡིན་འོས།
དྭོགས་གཞི་ཆེ་ས་ནི་གོང་དུ་མཁན་རིན་པོ་ཆེ་མཆོག་ནས་དྲངས་པའི་ལུང་དེར་གསལ་བ་ལྟར། རིན་སྒྲོན་གྱིས་ཟླ་གྲགས་ཀྱི་ཕུང་པོ་ལྔ་པའི་རབ་བྱེད་ལ་ཞལ་འཕངས་མཛད་པ་དེ་ཡིན། ཟླ་གྲགས་ལེགས་ལྡན་གྱི་རྗེས་སུ་བྱོན་ཞིང་ཡོངས་གྲགས་ལྟར་ན་ལེགས་ལྡན་དགོངས་པ་རྫོགས་རྗེས་སུ་བྱོན་པར་བཞེད། ལེགས་ལྡན་དགོངས་པ་མ་རྫོགས་པའི་སྔ་རོལ་དུ་ཟླ་གྲགས་ཕེབས་སྐབས་སྲིད་ཀྱང་ལེགས་ལྡན་རང་ཉིད་ཀྱི་ལྟ་གྲུབ་ལ་དགག་པ་ནན་ཆེར་མཛད་པ་ཙམ་མིན་པར། རྟོག་གེ་བ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་མཁས་པ་ཙམ་ཞིག་སྟོན་པར་འདོད་ནས། ཞེས་རྩོད་ཚིག་རྩུབ་མོ་མཛད་མཁན་ཟླ་གྲགས་ཀྱི་གཞུང་ལ་ཞལ་འཕངས་མཛད་རྒྱུ་ཞིག་རྩ་ཤེའི་འགྲེལ་པ་ཤེར་སྒྲོན་མཛད་པའི་ལེགས་ལྡན་ལ་འོང་ཐབས་མེད་པར་སྙམ་པས། རིན་སྒྲོན་མཛད་པའི་ལེགས་ལྡན་ནི་ཟླ་གྲགས་ཀྱི་རྗེས་སུ་བྱུང་བའི་ལེགས་ལྡན་ཆུང་བ་ཞེེས་བོད་ཀྱི་མཁས་པ་རྣམས་བཞེད་སྲོལ་ཡོད་པ་དེ་ཉིད་ཡིན་སྙམ།
དབུ་མ་རིན་ཆེན་སྒྲོན་མེའི་དཔེ་ཆ་ཁྱེད་ཚོར་ཡོད་དམ། ཡོད་ན་ཁ་བྱང་འདི་ཐོག་སྐུར་ཐུབ་བམ། ཡང་ན་གོ་གི་ཚིགས་ (འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང༌། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ།) འདི་དོན་ཟླ་གྲགས་ཀྱི་ཕུང་པོ་ལྔའི་རབ་འབྱེད་དང་། རྟོག་གེ་འབར་བ་ན་ཇི་ལྟར་འདུག་ཞིབ་འཇུག་བྱས་ནས་རྒྱུ་མཚན་བཤད་ན་བསམ་བློ་བཏང་རྒྱུ་ཞིག་ཡོད་པ་རེད།
http://lobsang199@yahoo.co.in
རྟོག་གེ་འབར་བ་ཁོ་རང་ལ་ལྟ་ན་ཡང་ཤེས་རབ་སྒྲོན་མེ་རྩོམ་པ་པོ་ལེགས་ལྡན་བྱེད་ཨེ་ཡིན་བསམ་པ་ཁ་ཤས་འདུག
བཀོར་བཟས་ནས་འདུག་ཡག་བྱེད་ཐུབ་ན། ཆོས་མ་ཤེས་ན་གང་ཡོད་པ་མ་རེད། ཆོས་བ་ཆེན་པོ་དང་བློ་མ་མཐོན་པོ་ལ་སྐྱབས་སུ་མཆི་མི་ཟེར། དགེ་འདུན་ལ་སྐྱབས་སུ་མཆིའོ། བླ་མ་ལ་སྐྱབས་སུ་མཆིའོ་ཟེར། འདུག་ཡག་ཚུམ་མཐུན་རེ་ཡིན་ན། ཆོས་རྒྱུགས་འཕྲོད་ཡོད་མེད་ལ་བསམ་འཆར་མེད་དོ།
གོང་གི་མཆན་ཆག་དེ་དག་པ་རེ་བྱས་ན། བློ་མ་ནི་བླ་མ་ཡིན་ཤག། ཚུམ་མཐུན་ནི་ཚུལ་མཐུན་ཡིན་ཤག། མཛུག་མདོང་རྒྱག་ས་ནོར་འདུག།
འོ་རེད། ཕ་མི་ཤེས་པར་ཨ་མྱེའི་ལོ་རྒྱུས་གླེང་ཁག་པོ་རེད་སྙམ། དང་པོར་ཟླ་བའི་གཞུང་དང་། རྟོག་འབར། ཤེས་སྒྲོན་སོགས་ལ་ཞིབ་གཟིགས་མཛད་དགོས་རེད། ཚིག་ཙམ་འདྲ་མིན་གཙོ་བོ་མ་རེད། དོན་གྱི་ཆ་ནས་དགོངས་གཞི་ག་བ་ལ་འབབ་གཟིགས་དགོས་རེད། ཡིན་ནའང་། ང་རང་ཚོས་ཞིབ་འཇུག་གནང་སྟངས་འདི་རོང་པ་འབྲོག་ཁུལ་ཡོང་ནས་འབྲི་མོ་བཞོ་སྟངས་བསླབ་པ་ལྟ་བུ་རེད་ཡ།