སྤོབས་པ་མཐའ་ཡས།
ཁར་སང་དེ་རིང་བོད་ཡིག་གི་སྤྱི་ཚོགས་དྲ་བའི་བརྒྱུད་ལམ་ཁ་ཤས་ན་སྒོ་ཤེར་གྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དང་ལེན་མ་བྱས་པའི་སྐོར་ལ་གླེང་མོལ་བྱེད་པ་མཐོང་། སྒོ་ཤེར་གྱིས་རྩོམ་རིག་བྱ་དགའ་མི་ལེན་པའི་རྒྱུ་མཚན་ནི་སྒོ་ཤེར་གྱིས་བྲིས་པ་དེ་རྩོམ་རིག་མིན་ཏེ་དབྱིན་ཡིག་གི་Literatureམིན་པའི་རྒྱུ་མཚན་བཀོད་འདུག ཡིན་ན་ཡང་། དེ་ནི་ཐ་སྙད་ལ་གོ་བ་མ་ལོན་པའི་སྐྱོན་ཞིག་འདུག་བསམ། དཔེར་ན། བོད་ཀྱི་རྩོམ་རིག་སྟེ་Tibetan Literature གང་ཡིན་ཞེ་ན་བཀའ་འགྱུར་བསྟན་འགྱུར་དང་། དེབ་ཐེར་སྔོན་པོ། རྗེའི་ལམ་རིམ་ཆེན་མོ། ཀློང་ཆེན་མཛོད་བདུན། མི་ལ་རས་པའི་རྣམ་ཐར། ས་སྐྱ་ལེགས་བཤད་སོགས་ལ་མཛུབ་མོ་འཛུགས་མི་རུང་ཟེར་མཁན་སུ་ཡང་མེད། སྒོ་ཤེར་ལྟར་ན་དེ་དག་ཀྱང་རྩོམ་རིག་མ་ཡིན་སྟེ་ནང་ཆོས་དང་ལོ་རྒྱུས་ཀྱི་བརྗོད་བྱ་སྟོན་པ་ཙམ་རེད། རྒྱ་གར་གྱི་གནའ་བོའི་རྩོམ་རིག་ལོ་རྒྱུས་བཤད་དུས་རིག་བྱེད་ཀྱི་གཞུང་མཚན་གཞིར་གླེང་། དེ་བཞིན་དུ་པ་ལིའི་རྩོམ་རིག་དང་། ལེགས་སྦྱར་གྱི་རྩོམ་རིག་ཞེས་གླེང་སྐབས་སྐད་རིག་དེའི་སྟེང་དུ་ཡོད་པའི་ཡིག་ཆ་ཤུལ་བཞག་ཚང་མ་རྩོམ་རིག་ཡིན་ཞིང་དེ་ལས་གཞན་དུ་གྱུར་པའི་རྩོམ་རིག་ཞེས་ལོགས་སུ་དགར་རྒྱུ་མེད། དེ་བཞིན་དུ་ཨི་རྗིབ་ཀྱི་གདོད་མའི་རྩོམ་རིག་ལོ་རྒྱུས་གླེང་དུས་སྐད་གྲགས་ཅན་གྱི་’འཆི་བའི་གཞུང་’མཚན་གཞིར་བཞག་ནས་གླེང་བཞིན་ཡོད།
སྤྱིར་ན་literatureགྱི་སྐད་དོད་ནི་ལ་ཏྲིན་ལས་བྱུང་ཞིང་ཚིག་རང་སྟེང་ན་’ཡི་གེ་ལས་གྲུབ་པའི་དངོས་པོ’་ལྟ་བུ་ཞིག་ལས་གོ་དོན་གཞན་ཞིག་མེད། དེ་ཡང་ཡིན་ཏེ། རྩོམ་ཟེར་དུས་ཡིག་ཐོག་ཏུ་བྲིས་ཡོད་པའི་སྐད་ཆ་ཞིག་ལ་གོ་བ་ཡིན། སྒོ་ཤེར་གྱིས་བྲིས་པ་དེ་དག་ཀྱང་དེ་ལས་མ་འདས་པས་དེ་རྩོམ་མིན་ན་རྩོམ་ཞེས་པའི་མཛུབ་མོ་འཛུགས་ས་མི་རྙེད་པར་འགྱུར། དེ་ནི་སྒོ་ཤེར་ཁོ་རང་གིས་དྲངས་པའི་དབྱིན་ཡིག་གི་ཚིག་Literature རང་སྟེང་ནས་གོ་བ་བླངས་ནས་བཤད་པ་ཡིན། literature ཟེར་བ་བོད་སྐད་ཀྱི་རྩོམ་རིག་ལ་བསྒྱུར་ཆོག་པ་སྒོ་ཤེར་ཁོང་རང་གིས་ཀྱང་བཞེད་པ་འདྲ་བས་དེ་ལྟར་ན་ཡིག་ཐོག་ཤུལ་བཞག་གི་སྐད་ཆ་ཡིན་ན་རྩོམ་རིག་ཡིན་པས་ཁྱབ་དགོས། སྒོ་ཤེར་གྱིས་བྲིས་པ་ཡང་དེ་ལས་མ་འདས་པས་རྩོམ་རིག་ཡིན་པར་ངེས།
རྩོམ་རིག་ཟེར་བ་དེ་དང་literature གཉིས་གོ་དོན་གཅིག་ཏུ་སྦྱར་ཆོག་ན་སྒོ་ཤེར་གྱིས་བྲིས་པ་དེ་དག་རྩོམ་རིག་གི་གྲས་སུ་བགྲང་མི་རུང་བ་མེད་དེ། རྩོམ་རིག་ནི་སྤྱིའི་ཆ་ནས་རྟོག་བཟོས་དང་རྟོག་བཟོས་མ་ཡིན་པ་གཉིས་སུ་དབྱེ་ཡོད། རྩོམ་རིག་གི་དབྱེ་བ་འདི་ལ་དབྱིན་སྐད་དུ་fiction and non fiction ཟེར། དེ་ཡང་སྒྲུང་རྩོམ་ལྟ་བུ་རྟོག་བཟོས་ཡིན་ལ། མི་ཚེའི་བྱུང་བ་བརྗོད་པ་ལྟ་བུ་རྟོག་བཟོས་མ་ཡིན་པའི་རིགས་སུ་དབྱེ་བ་རྩོམ་རིགས་ཀྱི་དབྱེ་སྟངས་ཡིན། ཐ་ན་དཔེ་ཚོང་ཁང་ཞིག་ལ་སོང་ནས་ལྟོས་དང་སྤྱིའི་ཆ་ནས་དབྱེ་བ་དེ་ལྟར་ཕྱེས་ནས་བང་ཁྲིའི་སྟེང་དུ་བསྒྲིགས་ཡོད།
ད་དུང་གཞུང་ལུགས་གཞན་ན་སྙན་ངག་གི་རྒྱན་གྱིས་སྤྲས་པའི་རྩོམ་དང་མ་སྤྲས་པའི་རྩོམ་སྟེ་རིགས་གཉིས་སུ་དབྱེ་བ་ཡང་ཡོད། རང་རེའི་སྙན་ངག་སྦྱང་གཞི་གྲགས་ཅན་སྙན་ངག་མེ་ལོང་མའི་ལུགས་ལྟ་བུ་ཡིན་ན་རང་བཞིན་བརྗོད་པ་དང་འཁྱོག་པོར་བརྗོད་པ་ཞེས་ཡིག་ཐོག་ཏུ་སྒྲ་དག་སྒྲོས་གཙང་གིས་བཀོད་པ་ཚང་མ་སྙན་ངག་ཀྱང་ཡིན་པར་འདོད་དེ་རྣ་བར་སྙན་པ་ཡིད་དབང་འགུགས་པའི་བརྗོད་པ་ཡིན་པས་སོ།། དེ་ནི་དོན་ལ་ཡང་ཧ་ཅང་གནས་པར་འདོད། རྩོམ་རིག་གི་བརྗོད་བྱ་ལས་དབྱེ་བ་ཧ་ཅང་མང་པོ་ཡོད། དཔེར་ན། རང་བྱུང་ཚན་རིག མཚན་ཉིད་རིག་པ། ལོ་རྒྱུས། ཁྲིམས་ལུགས། ཟློས་གར། ངག་རྒྱུན་གཏམ་རྒྱུད་ཡི་གེར་བཀོད་པ་སོགས་མདོར་ན་ཡིག་ཐོག་ན་ཡོད་པའི་ཤུལ་བཞག་ཚང་མ་རྩོམ་རིག་རེད། ཡིན་དོན་ནི་དེ་དག་ཚང་མ་ཡང་literature ཞེས་པའི་དབྱེ་བ་ཡིན་པས་སོ།།
སྒོ་ཤེར་ལྟར་ན་གལ་སྲིད་མ་འོངས་པར་མི་ཞིག་གིས་ནང་ཆོས་རིག་པའི་དེབ་འབྲི་མཁན་ཞིག་ལ་བྱ་དགའ་གནང་བ་ཡིན་ན་ཕར་ཕྱིན་གྱི་གཞུང་བརྩམས་མཁན་ལ་ཡང་མི་འོས། ཕ་རོལ་དུ་ཕྱིན་པ་བྲིས་པ་ལས་ནང་ཆོས་རིག་པ་བྲིས་པ་མིན། དབུ་མའི་གཞུང་བརྩམས་ན་ཡང་དབུ་མའི་ནང་དོན་ཅན་བྲིས་པ་ལས་ནང་ཆོས་རིག་པ་བྲིས་པ་མིན་སོགས་བརྗོད་དགོས་པར་འགྱུར། རྫོགས་ཆེན་བྲིས་ན་ཡང་ཁྲེག་ཆོད་ཐོད་རྒལ་བྲིས་པ་ལས་ནང་ཆོས་རིག་པ་བྲིས་པ་མིན་ན་སུ་གཅིག་ལ་ཡང་སྤྲད་ས་མི་རག་པར་འགྱུར།
དཔེར་ན། ཆ་རྒྱུས་ཡོད་པའི་ཆ་ནས་ནོ་སྦེལ་རྩོམ་རིག་བྱ་དགའ་ལས་འཕྲོས་ནས་ཅུང་ཙམ་གླེང་ན་གོ་བ་ལེན་བདེ་བར་ཕན། ༡༩༠༢ལོར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་འཇར་མན་པ་ཐོ་རྡོར་མོམ་སན་Christian Matthias Theodor Mommsen (1817 – 1903)ཡང་ལོ་རྒྱུས་མཁས་པ་དང་གསར་འགོད་པ་ཞིག་ཡིན་པ་ལས་སྒྱུ་རྩལ་རྩོམ་རིག་གཙོ་བོར་འབྲི་མཁན་ཞིག་མིན། ཁོང་གིས་བྲིས་པའི་རོ་མན་ལོ་རྒྱུས་ནི་བརྩམས་ཆོས་ཚབ་མཚོན་དུ་འཇོག་གིན་ཡོད། སྤྱི་ཚོགས་ནང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཡིག་ཆ་ཞིག་ཡིན་ནས་བཟུང་སྟེ་དེ་ལ་རྩོམ་རིག་གི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ཡོད་དགོས་པ་རེད། ཁོང་གིས་བྲིས་པ་མང་པོ་ཞིག་ནི་ལོ་རྒྱུས་ཀྱི་ཡིག་ཆ་ཡིན་ན་ཡང་ནོ་སྦེལ་རྩོམ་རིག་བྱ་དགའ་འབུལ་མཁན་གྱིས་འབུལ་རྐྱང་དང་བཞེས་མཁན་གྱིས་བཞེས་རྐྱང་མཛད་མི་རུང་བ་མེད་པ་དེ་ནི་དཔེ་མཚོན་ཙམ་ཡིན།
སྤྱིར་ན་ང་ནི་སྒོ་ཤེར་ལ་རྩོམ་རིག་བྱ་དགའ་འབུལ་དགོས་ཟེར་མཁན་མིན་ལ་འབུལ་མི་རུང་ཟེར་མཁན་ཡང་མིན། འོན་ཀྱང་། སྒོ་ཤེར་གྱིས་བྱ་དགའ་འདི་མ་བཞེས་དོན་དེ་literature གྱི་གོ་བ་མ་ལོན་པ་ཙམ་ཡིན་ན་ཕངས་བར་བསམ་ནས་གླེང་མོལ་འདི་བྱ་འདོད་བྱུང་། དེ་བཞིན་དུ་ཀླུ་སྨྱོན་རྩོམ་རིག་བྱ་དགའ་གནང་མཁན་ཚོར་རྒྱབ་སྐྱོར་མཚོན་པའི་ཆེད་དུ་ཡང་ཡིན། སྒོ་ཤེར་གྱིས་དགོངས་གཞི་གཞན་ཞིག་ལ་བརྟེན་ནས་བྱ་དགའ་བཞེས་འདོད་མེད་ན་མི་བཞེས་པའི་ཐོབ་ཐང་ཆ་ཚང་ཡོད་པས་འདིའི་ཐད་ལ་ཁོང་གིས་འགྲེལ་བཤད་གཏན་ནས་མི་དགོས། མ་མཐའ་ཡང་ཐ་སྙད་འགྲེལ་ལོག་བྱས་ན་ཕན་ཐོགས་མེད། དེ་ནི་དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྟེང་གི་ཞབས་འདྲེན་ཞིག་ཏུ་ཡང་འགྱུར་སྲིད།
གཅིག་འགུལ་ཆེ་བའི་ཤུགས་དེ་ཀྲུང་ཀོའི་རྩ་ཁྲིམས་དང་མི་འགལ་བའི་འགྲེལ་བཤད་དགོས། དེ་མེད་ན་བཞེས་དང་ཕེབས་ནོར་འགྲོ།
གཉིས་རང་དབང་ལུང་པ་ནས་དོན་དག་གཅིག་མི་གོ་མ་བགྱིས།
གསུམ་ཁ་སྟོང་བཤད་མཁན་ཚོས་མིའི་སྐྱིད་སྡུག་མི་ཤེས་པས་བཞེས་ན་ཡག་ཟེར་བ་ལས་ག་རེ་ཡིན་ན་ཅེས་རང་ཉིད་འདྲི་རྟགས་བཀོད།
སྤོབས་པས་གསུངས་པ་ཧ་ཅང་བདེན་པ་རེད། ངས་ཐོག་མར་སྒོ་ཤེར་ཀིརྟི་དགོན་པ་ནས་གནས་དབྱུང་བཏང་བ་ལ་ཁ་རྡུང་བཏང་མྱོང་། དེ་རྗེས་ཀིརྟི་རིན་པོ་ཆེས་བསྒྲགས་ཡིག་ཅིག་བྲིས་འདུག་པ་ལ་ཡང་ངོ་མ་དགའ་མ་སོང་། ཀིརྟི་སྤྲུལ་སྐུ་ལ་ཡང་ལོག་ལྟ་བྱས་པ་ཡིན། ད་བལྟས་ནས་ཡོང་ན་ཁོང་རྣམས་ལ་ཁག་ཡོད་ས་མ་རེད། སྒོ་ཤེར་ཟེར་བ་འདི་རྩ་མི་ཚང་མཁན་དང་མྱི་ཁྲག་མྱི་ལ་མི་འདྲེས་མཁན་ཞིག་ཡོད་ས་རེད། བྱ་བརྒྱ་ཉིན་ལ་འཁོར་ས་ན་ཕ་བོང་སྐྱུར་ལེབ་སྲིབ་ལ་འཁོར་མཁན་འདི་འདྲ་སྤྱི་ཚོགས་གང་ན་ཡོད་ཀྱང་རུམ་ནང་དུ་གཡག་ར་བཅུག་པ་ལྟར་མི་བདེ་ལོང་ངེ་བ་ཞིག་ལས་གང་ཡང་ཡོད་མ་རེད། ད་ཡིན་ན་སྒོ་ཤེར་ཟེར་བ་དེའི་མི་གཤིས་རིག་སོང་། ཚོགས་པ་དང་ཆོས་མཐུན་དགེ་འདུན་ལ་མ་འགྲིགས་པ་དེ་ཚོས་སྐྱོན་ཆེན་གང་ན་ཡོད་པ་ཁྲག་འཐུང་གླིང་བས་མ་དགོངས་པ་འམ་ཚོགས་ཆུང་གིས་མ་དཔྱད་པའི་སྐྱོན་རེད། ད་ཆོག་འདུག ཁོས་ཀླུ་སྨྱོན་གྱི་རྩོམ་རིག་བྱ་མི་ཤེས་བཤད་འདུག དྲ་ཉུལ་བ་དེ་ཚོས་སྐྱག་རྫུན་རེད། དེ་མ་ཤེས་ན་སངས་རྡོར་ཁང་ནང་དུ་ས་བཟུང་འདུག་ག མདོར་ན་སྒོ་ཤེར་གྱིས་ད་རིས་བཟང་ལན་ངན་བརྗོད་ཞིག་ཏུ་མཐོང་གི་འདུག ད་ཡིན་ན་སྒོ་ཤེར་འགྱོད་རུང་ད་ཕྱི་དྲག་པ་རེད། ཁ་མཆུ་དེ་བཟོས་ཟིན་པ་རེད། ཚོགས་ཆུང་གི་གསལ་བཤད་གཅིག་ཡོད་ན་ཤིན་ཏུ་བཟང་སྙམ་མོ། །
བྱ་དགའ་ང་ལ་སྤྲད་ན། ངས་ཡར་སློག་བགྱི་མ་རེད་པ། ཧ་ཧ་ཀུ་རེ་ཡིན།
ད་ནི་འབུ་ཆ་གའི་རྩོད་གྱི་མེད་པའི་བྱ་ཕོ་མགོ་རྩོད་གྱིས་འདུག
Literature སྟེ་རྩོམ་རིག་ཅེས་པ་དེར་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཡོད། སྤོབས་པ་མཐའ་ཡས་ལགས་ཀྱིས་སྒྲ་ཡངས་འཇུག་གི་ངོས་ནས་བཤད་ཡོང་གི་འདུག སྒོ་ཤེར་ལགས་ཀྱིས་སྒྲ་དོག་འཇུག་གི་ངོས་ནས་བཤད་ཡོང་གི་འདུག བཤད་ཚུལ་སོ་སོ་རེད། དེ་གཉིས་བར་ན་ཐོད་ཐུག་གི་མི་འདུག སྤོབས་པ་མཐའ་ཡས་ལགས་ཀྱིས་Literature ཞེས་པ་དེར་སྒྲ་བཤད་བརྒྱབས་ནས་དེ་རྐྱང་པའི་ངོས་ནས་གོ་བ་བླངས་ཏེ་བཤད་ཀྱི་འདུག་ལ་རྩོམ་རིག་ཅེས་པར་ཡང་དེ་དེ་བཞིན་རེད་བཞག འོན་ཀྱང་སྒྲ་བཤད་ནི་སྒྲ་བཤད་དེ། གཞུང་ལུགས་ཀྱི་སྐད་ཆ་བཤད་དུས་མཚན་ཉིད་ཀྱི་ངོས་ནས་བཤད་དགོས་པ་མ་གཏོགས་སྒྲ་བཤད་ཀྱི་ངོས་ནས་བཤད་ན་འགྲིག་གི་མེད། དེ་ནི་བོད་ཀྱི་མཁས་པའི་འགྲོ་ལུགས་ཙམ་མིན་པར་ནུབ་ཕྱོགས་ཀྱི་མཁས་པའི་འགྲོ་ལུགས་ཤིག་ཀྱང་ཡིན་པ། Philosophy ཞེས་པའི་མིང་ཚིག་འདིའི་ནང་དོན་བཤད་སྟངས་ཙམ་ལས་ཀྱང་གསལ་གསལ་ཐིང་ཐིང་ཡིན། རྩོམ་རིག་ཅེས་པ་དེ་སྒྲ་དོག་འཇུག་ལྟར་ལས་སྒྲ་ཡངས་འཇུག་ལྟར་དུ་གོ་བ་ལེན་གྱི་མེད་པ་ནི་ཡོངས་གྲགས་ཀྱི་སྐད་ཆ་ཞིག་ཡིན་ལ། བཤད་དུས་སྒྲ་ཡངས་འཇུག་ལྟར་དུ་བཤད་ཀྱི་ཡོད་པ་ཡང་ཡོངས་གྲགས་ཀྱི་སྐད་ཆ་ཡིན།
དཔེར་ན་དུས་རྒྱུན་བོད་མིའི་འཚོ་བ་དཀྱུས་མའི་ཁྲོད་དུ། འཇིག་རྟེན་པ་ཞེས་ལབ་ཡོང་དུས་གྲྭ་པ་མ་ཡིན་པའི་སྐྱ་བོ་རྣམས་ལ་བརྗོད་པ་ཡོངས་སུ་གྲགས་ཟིན་པ་ལྟར། དེབ་ཐེར་སྔོན་པོ། རྗེའི་ལམ་རིམ་ཆེན་མོ། ཀློང་ཆེན་མཛོད་བདུན། ས་སྐྱ་ལེགས་བཤད་རྣམས་ལ་ Literature ཞེས་པའི་མིང་དེ་ནས་བརྗོད་དོན་ཡང་དེ་ལྟར་རེད། འོན་ཀྱང་གཞུང་ལུགས་ཀྱི་ངོས་ནས་བཤད་དུས་འཇིག་རྟེན་པ་ཞེས་པའི་མིང་དེ་གྲྭ་ཆས་གོན་མིན་ཙམ་ལ་བཤད་ཀྱི་མེད་པ་ནང་བཞི་ Literature གྱི་དོན་ཡང་དེ་དེ་བཞིན་རེད་འདོད།
འོ་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཚོགས་ཆུང་གིས་སྒྲ་དོགས་འཇུག་ལ་གོ་བ་ལེན་དགོས་པའི་ལྟ་ཚུལ་འཛིན་གྱིན་འདུག་གམ།
ངས་བསམ་ན་མི་འདུག ཡང་ན་ངེས་པར་དེ་ལྟར་གོ་བ་ལེན་དགོས་པ་ཡོད་དམ། ངས་བསམ་ན་དེ་ཡང་མི་འདུག
དེ་ལྟར་ན་ངས་བསམ་ན་་་་་་་་་་་་་་་་་་་་
ཡང་གཅིག་མིན་ན་འབུལ་ཡུལ་ཆེ་དྲགས་པ་འདྲ། ཡང་གཅིག་མིན་ན། བྱ་དགའ་ཆེ་དྲགས་པ་འདྲ། ངས་ནི་གཉིས་ཀ་མི་ཤེས། ཁ་དོན་ཚིགས་ལ་མ་གནས་པ་འདྲ་བོ་ཞིག་བྱུང་སོང།
སྒོ་ཤེར་ཁོང་གི་དགོངས་པ་འདི་རེད་འདུག། ༼སྤྱི་པའི་དོན་བྱ་རྒྱ་གང་ཆེ་ཞིག་ལ་དམིགས་ཏེ་ཕྱག་ལས་སྒྲུབ་ཀྱིན་པའི་ཁྱེད་ཅག་ལ་ནི། ཁོ་བོ་སྒེར་གྱི་མོས་པ་དང་ལྟ་ཚུལ་འདི་ཙམ་ཐུགས་ལ་ཤོང་བའི་བློ་རྒྱ་ཡོད་ངེས་སྙམ་པའི་ཡིད་ཆེས་སྐྱེས་བྱུང་བས། རང་རེ་གངས་ཅན་པའི་ལས་སྒོ་ཕྲ་རགས་ཐམས་ཅད་ཕྱོགས་ཀུན་ནས་སྤུས་གཙང་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་བ་དང་། རྣམ་པ་ཚོས་ཀྱང་དེ་ལུགས་ཐུགས་ཀྱི་དཀྱིལ་དུ་བསྲེལ་བའི་རེ་བ། སླད་ཕྱིན་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལེགས་འགྲུབ་ཡོང་བའི་རེ་བ་དང་བཅས། བློ་གཡེང་སྤངས་ཏེ་གུས་པས་ཕུལ་བ་ལགས་སོ། །༽
སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཟེར་དུས། རོ་ཅི་ཞིག་ལབ་ཀྱིན་ཡོད་པ་རེད།
ཁ་སང་དེ་རིང་མི་ཁ་ཤས་ཀྱིས་གླེང་གིན་པའི་སྐད་ཆ་གསར་བ་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཟེར་བ་དེ་འབུལ་མཁན་གྱིས་ཞིབ་མོའི་བློ་ཡིས་ཕུལ་ཀྱང་། ལེན་མཁན་གྱིས་དགའ་བཞིན་སྤྲོ་བཞིན་སྤོབས་པར་ཤེས་ནས་དང་ལེན་མ་བྱས་པར་ཐོལ་བྱུང་གི་ཞུ་ཡིག་ཞིག་བཀྲམས་པ་དེ་རེད། སྤྱིར་བྱ་དགའ་ནི་རིགས་དང་གྲངས་མང་པོ་ཡིན་ལ། དེ་ལམ་ལྷོང་བྱུང་དང་མ་བྱུང་བ་ཡོད་། དེ་རིང་ལྟ་བུའི་དང་ལེན་མ་བྱས་པའང་ཡོད། དེ་ནི་རྒྱུན་ལྡན་གནས་ཚུལ་ཙམ་རེད། ཡིན་ཡང་ཆ་མི་སྙོམས་ཁོར་ཡུག་ནས་ཐམས་ཅད་གཅིག་ཏུ་ཤེས་ན་མི་འོས།
འདི་ལ་གནད་དོན་ཞིག་ཡོད་པ་ནི་ཀླུ་སྨྱོན་བྱ་དགའ་འདི་ཕྱི་གསལ་ནང་གསལ་གྱིས་ཅི་ཞིག་གི་བྱ་དགའ་ཡིན་པ། ཅི་ལྟར་འབུལ་ཀྱིན་ཡོད་པ། སྒེར་གཞུང་སུས་གཉེར་གྱི་ཡོད་པ་སོགས་ངེས་པར་ཤེས་དགོས་པའི་རྒྱུན་ཤེས་མང་པོ་ཞིག་བོད་ཕྱི་ནང་གི་སྤྱི་ཚོགས་སུ་ཡོངས་ཁྱབ་ཏུ་གྱུར་མེད་པ་དང། སྔོན་ལ་ཕུལ་ཟིན་པ་གཉིས་ཀྱིས་ལོ་རྒྱུས་ཀྱི་བག་ཆགས་ཟབ་མོ་ཞིག་འཇོག་མ་ཐུབ་པ། ལྷག་ཏུ་བྱ་དགའ་གསལ་བསྒྲགས་བྱེད་སྟངས་ཀྱང་ཁ་བརྡར་བཀོད་པ་ལྟར་ན་ཧ་ཅང་ཉམས་ཆུང་གི་ཚུལ་ཏུ་མགོ་གསལ་ན་མཇུག་མ་གསལ་བ་ཞིག་ཡིན་པ། ད་དུང་དེ་ཁར་མིང་བརྡའི་གོ་དོན་ལའང་གནའ་དེང་དང་། སྒྲ་ཡངས་དོག ཁྱབ་ཆེ་ཆུང་གི་གོ་བ་ནོར་འཇོལ་ཅན་ཅན་དུ་གྱུར་བ་དང་བཅས་པ་རེད་སྙམ།
དེ་མིན་བཤད་སྟངས་གཞན་ཞིག་གིས་བསམ་ན། ལྐོག་གྱུར་གྱི་དོན་བྱ་མང་པོར་དོགས་སློང་བྱས་ཆོག་ལ། དེ་ནི་ཐག་གཅོད་ནམ་ཡང་བྱེད་མི་ཐུབ་པའི་ལས་ཉོག་དང་གཏམ་ཉོག་ཞིག་རེད། ཡིན་ནའང་། དང་ལེན་བྱས་མ་བྱས་གནད་ས་མ་རེད། བྱ་དགའ་ཚོགས་ཆུང་ནས་བྱ་དགའ་འདི་འབུལ་དགོས་པའི་དགོས་པ་ནས་བཟུང་སྦྱོར་དངོས་མཇུག་གསུམ་ཀྱི་དོན་གནད་དག་རྒྱ་ཆེ་ཀློག་པ་པོ་སྤྱན་ལམ་དུ་ཕུལ་ནས་ཐག་གཅོད་ཀྱི་དབང་ཆ་་འབུལ་མཁན་དང་ལེན་མཁན་ལ་མེད་པ་བྱས་ན། ད་གཟོད་བྱ་དགའ་འདིའི་ཡོད་ཚད་རྟོགས་ཐུབ། དེ་མིན་ང་ལ་མཚོན་ན། འབུལ་མཁན་དཔྱད་འདེམས་པ་དང་། ལེན་མཁན་སྒོ་ཤེར་ཕྱོགས་གཉིས་ཀྱི་སུ་འགྲིག་དང་སུ་ནོར་ལ་དབྱེ་འབྱེད་དང་། བྱ་དགའི་རིན་ཐང་སོགས་ལ་ཚོད་དཔག་འདྲ་མིན་བྱས་ན་རང་མགོ་ན་བའི་རྒྱུ་ལས་མི་འདུག་གོ།
ཀླུ་སྨྱོན་ནི་དྭངས་གཙང་ལྷད་མེད་ཀྱི་མེ་ཏོག་ཞིག་དང་འདྲ་བས་འདིའི་ཕྱོགས་ནས་བཀུར་འོས་སོ།།
རྩོམ་རིག་ཟེར་བའི་ཚིག་འདི་ཡང་དེ་འདྲ་ཞིག་རེད། literature ཡི་མཚན་ཉིད་ཀྱི་རིག་མཛོད་ Britannica ནང་ལ་བཤད་པའི་སྐབས་སུ། སྒྲ་ཡངས་པའི་ཆ་ནས་བཤད་ན་ཙག་སྒྲའི་སྒམ་ཆུང་ཐོག་གི་ཡི་གེ་ཡང་ literature རེད་ཅེས་བྲིས་འདུག ཡང་ཡིད་ཆེས་མེད་ན་སོ་སོས་བལྟ་ན་འགྲིག་གི་རེད།
ལོ་ངོ་བདུན་བརྒྱད་ཅིག་གི་སྔོན་དུ་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་རྒན་གྲས་ཤིག་གིས་སཱ་ར་མཐོ་སློབ་ཏུ་རྩོམ་རིག་གཏམ་བཤད་ཅིག་གི་སྐབས་ཐང་ལ་བྲིས་པའི་རི་མོ་དེ་ཡང་རྩོམ་རིག་ཡིན་གསུངས་པ་ཞིག་དྲན་གྱི་འདུག རྩོམ་རིག་ལ་ངག་རིག་ཡིན་མི་དགོས་པའི་བོད་ཀྱི་རྩོམ་རིག་སྨྲ་བ་ཡང་འདུག ཕལ་ཆེར་སྒོ་ཤེར་ཞུ་བར་ཡང་རྩོམ་རིག་ལ་དོན་དག་ཅིག་གསུང་རྒྱུ་ཡོད་སྲིད།
དོན་ངེས་གཏན་ཅིག་སྟོན་དགོས་པའི་བཀག་རྒྱ་མེད་པའི་ཐ་སྙད་ཅིག་ལ་ནང་དོན་ཇི་འདྲ་ཞིག་ལྡན་དགོས་མིན་གྱི་ལྟ་ཚུལ་སྣ་ཚོགས་འཛིན་པའི་གནས་སྐབས་དང་རང་དབང་ལ་སུས་ཀྱང་ཚོད་འཛིན་བྱེད་པ་མི་འོས།
གང་ལྟར་བྱ་དགའ་ལེན་མིན་ནི་ཁོ་རང་སྐུ་སྒེར་གྱི་རང་དབང་དང་ཐོབ་ཐང་ཡིན་པས། སུས་ཀྱང་ལེན་དགོས་པའི་ཨུ་ཚུགས་དང་མ་བླངས་པར་འོལ་ཚོད་ཀྱི་སྒྲོ་སྐུར་བྱེད་པ་འོས་སུ་མ་མཆིས།
དེ་ལྟ་ནའང་སྒོ་ཤེར་ལགས་ཀྱི་ཡི་གེའི་མཇུག་མཐའ་དེར། རང་རེ་གངས་ཅན་པའི་ལས་སྒོ་ཕྲ་རགས་ཐམས་ཅད་ཕྱོགས་ཀུན་ནས་སྤུས་གཙང་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་བ་དང་། རྣམ་པ་ཚོས་ཀྱང་དེ་ལུགས་ཐུགས་ཀྱི་དཀྱིལ་དུ་བསྲེལ་བའི་རེ་བ། ཟེར་བ་ཞིག་གསུངས་འདུག ཚིག་འདིའི་ནང་དོན་དང་བྱ་དགའ་མི་ལེན་པའི་གནད་དོན་དབར་འབྲེལ་བ་ཡོད་སྲིད་པ་ནི་ཁོ་བོའི་དྭོགས་པ་ཙམ་ཡིན།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མང་པོ་ཞིག་ཁོང་གིས་བསམས་ཀྱི་ཡོད་མིན་གྱི་སྟེང་ནས་ཐག་བཅད་ཡོང་གི་འདུག ངས་བལྟས་ན། གལ་སྲིད་ཁྱེད་ཉིད་འཇིག་རྟེན་བྱེད་པོ་འདྲ་མིན་ན། ཁྱེད་ཀྱིས་བསམས་མ་བསམས་དེ་གཙོ་བོ་མ་རེད་འདོད། རྩོམ་རིག་བྱ་དགའི་ལས་དོན་འདི་བཟའ་མི་མཉམ་འཛོམས་གྱིས་དགོང་ཟས་ལ་རོལ་ལྟ་བུ་ཞིག་མ་ཡིན་ཙང་། ལས་དོན་དེའི་མཚོན་བྱ་མཚོན་བྱེད་ཆུང་ཙག་རེ་ཡང་ཤིན་ཏུ་ཞིབ་ཚགས་རང་བཞིན་དང་གཏིང་ཟབ་རང་བཞིན་ཡིན་དགོས་པས། རྩོམ་རིག་ཅེས་པའི་མིང་ཚིག་དེ་ཤིན་ཏུ་གལ་ཆེན་དང་གནད་འགག་ཅིག་ཆགས་ཡོད་སྟབས། དེ་ནི་གཞུང་ལུགས་རང་བཞིན་ཅན་གྱི་མིང་ཚིག་ཅིག་ཡིན་དགོས་ལ་གོ་བ་ལེན་དུས་ཀྱང་དེ་ལྟར་ལེན་མིན་ལ་ཐེ་ཚོམ་ཅི་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་བ་ཚོར་ལས་དོན་གང་ཡང་མཐའ་ཆོད་མེད་ཅིང་། མགོ་མེད་མཇུག་རྡུམ་ཡས་ཀྱི་གྲས་ལ་མི་ཚུད་ཅིང་མས་ཀྱི་གྲས་ལའང་མི་ཚུད་པའི་ལུང་མ་བསྟན་དེ་འདྲ་ལས་རྒྱུར་དགའ་པོ་ཡོད་ཙང་། ད་ལྟ་བཤད་པའི་རྩོམ་རིག་ཅེས་པའི་མིང་ཚིག་དེ་ལ་ཡང་སྤྱི་བམ་གྱི་གོ་བ་རགས་པ་ཞིག་བཤད་དེ། ལུང་དང་པགས་པ་གར་འཐེན་འཐེན།། ཟེར་བ་འདྲ་ཞིག་བྱས་ཏེ་ག་བར་འཐེན་ནའང་འཐེན་ཆོག་ཆོག་འདྲ་ཞིག་བཟོས་བྱས་དེ་འབྲེལ་གྱི་་དགའི་ལས་འགུལ་དེ་ཡང་དེ་འདྲ་ཞིག་སྤེལ་གྱི་ཡོད་བཟོ་འདུག་མོད། བསྒྱུར་དུ་མེད་པའི་རང་གཤིས་སུ་ཟད།
སྤོབས་ལགས། མིང་བརྡ་ནི་དུས་རབས་ཀྱི་འགྱུར་འགྲོས་ལྟར་འགྱུར་མི་ཆོག་པའི་ཚད་མ་མེད་ལ། མི་རིགས་རེ་རེ་བའི་སྐད་ནས་མི་རིགས་རེ་རེ་བའི་སྐད་ལ་བསྒྱུར་དུས་ཀྱང་གོ་བ་ཆུ་ལ་ཆུ་བཞག་པའི་ངེས་པ་མེད། སྒྲ་ནི་བརྗོད་པར་འདོད་པའི་རྗེས་སུ་འབྲངས་ཙམ་ཡིན་པས་ཆོས་ཉིད་ཀྱི་རང་བཞིན་མེད། གོམས་གཤིས་གཙོ་ཆེའོ། རྩོམ་རིག་ཅེས་པའི་མིང་བརྡ་འདི་ཤེས་རིག་ཏུ་གོ་བ་དང་། མཛེས་དཔྱོད་དུ་གོ་བ། བརྗོད་སྲོལ་གྱི་དབང་དུ་སོང་བ་སོགས་ཀྱི་འགྲེལ་བཤད་ཡོད། ཡིན་ནའང། སྒོ་ཤེར་གྱིས་དེང་སང་གི་རྒྱ་སྐད་བུན་ཞའོ་ཞེས་པ་བོད་སྐད་དུ་བསྒྱུར་ནས་རྩོམ་རིག་ཅེས་་པ་འདི་ལ་དམིགས་བཙུགས་ཡོད་པ་གསལ་བོ་རེད། སྒྱུ་རྩལ་རྩོམ་རིག་ཡིན་པ་དང་མ་ཡིན་པའི་མུ་དབྱེ་ནས་ཡིན་པ་ལ་རྩོམ་རིག་ཏུ་འབོད་པ་དེང་སང་བོད་དུ་ཡོངས་གྲགས་ལྟ་བུ་རེད། དེ་ལ་གོ་རྙིང་པ་དེ་བསྐྱར་ལོག་བྱེད་དོགོས་དོན་མི་འདུག ཁྱོད་ཀྱི་རྩོམ་གྱི་སྟོད་ཕྱོགས་ན་བརྗོད་པ་ཐམས་ཅད་རྩོམ་རིག་ཅེས་པ་ཤེས་རིག་ཏུ་གོ་བའི་གནས་ཚུལ་རྐྱང་རྐྱང་རེད། གནའ་བོ་ནི་གནའ་བོ་ཡིན་པས་དེང་དུས་གནའ་བོའི་སྐད་བརྡ་གྲ་མི་ཉམས་ཟུར་མ་ཆག་པར་འདུག་དགོས་པའི་གཏན་ཚིགས་མེད་པར་མ་ཟད། མི་རིགས་གཞན་གྱི་སྐད་དུ་སྒྱུར་ན་སྐད་དོད་གཉིས་ཇི་སྲིད་གནས་པ་དེ་སྲིད་དུ་འགྱུར་ལྡོག་ཅི་ཡང་མེད་པར་རྟག་པའི་ངོ་བོར་གནས་མི་དགོས་པ་ཤེས་སླ། ད་དུང་བོད་རྒྱ་དབྱིན་གསུམ་གྱི་སྐད་དོད་ཞིབ་བསྡུར་བགྱིས་ན་གོ་དོན་བྲེ་གཅིག་ལ་གཞལ་བ་ལྟ་བུ་ཡིན་དགོས་པའི་ངེས་པ་གཏན་ནས་མེད། ལོ་རྒྱུས་ཀྱི་ས་ན་དེ་ལྟར་ཡིན་ནའང་དེ་རིང་ཇི་བཞིན་ཡིན་མི་དགོས། དེ་ནི་དུས་རབས་ཀྱི་འགྱུར་འགྲོས་རེད་ཅེས་སྨྲ་ཆོག་ལ། སྐད་རིག་གཅིག་ནས་སྐད་རིགས་སྐད་གཅིག་ལ་འགྱུར་བའི་གོ་རིམ་རེད
དེང་སང་གི་རྩོམ་རིག་གི་མིང་བརྡའི་འོག་གི་རྩོམ་རིག་གཞུང་ལུགས་ཀྱི་བརྡ་ཆད་མང་ཆེ་བ་རྒྱ་ཡིག་ནས་སྒྱུར་བ་ཤ་སྟག་རེད། རྒྱ་ཡིག་གི་མིང་བརྡ་མང་ཆེ་བ་དབྱིན་ཇི་ནས་བསྒྱུར་བ་རེད། འདི་ལྟ་བུའི་རྒྱུན་ཤེས་ཤིག་ལ་སྒོ་ཤེར་རྨོངས་མེད་པར་ཁྱོད་ཀྱི་ཡིད་ཆེས་བྱས་ཆོག ངས་ཀྱང་ཁྱོད་ལ་དཔང་བོ་བྱེད་་ཆོག དེའི་ཕྱིར་སྒོ་ཤེར་གྱི་སྔར་མ་རྟོགས་པ་དང་མ་དྲན་པ་རེ་རྟོགས་པ་དང་དྲན་པའི་མཐུན་རྐྱེན་དུ་འགྱུར་ཁག་པར་སྙམ། འདི་ནི་བརྗེས་རེས་ལས་གཞན་ཅི་ཡང་མིན་ཤེས་གལ།
ད་དུང་གོང་དུ་ཚེ་རིང་བསམ་གྲུབ་ལགས་ཀྱིས་གནད་ལ་ཁེལ་བའི་སྐད་ཆ་ཞིག་བཤད་འདུག་སྟེ། རྩོམ་རིག་ཅེས་པའི་མིང་ཚིག་དེ་སྒྲ་ཡངས་འཇུག་ལྟར་ན་ཙག་སྒྲའི་སྒམ་ཆུང་གི་མིང་ཚིག་ཡན་ཆོད་ལ་རྩོམ་རིག་གི་མིང་འཇུག་ཚུལ་བཤད་འདུག་ཟེར། འོ་ན་ཀླུ་སྨྱོན་གྱི་བྱ་དགའི་མིང་ཅན་གྱི་རྩོམ་རིག་ཅེས་པའི་མིང་ཚིག་དེའི་གོ་བ་དེ་དེ་འདྲ་ཞིག་ཡིན་དགོས་སམ། ཡིན་ན་ནི། ཉིན་གཅིག་ཙག་སྒྲའི་མིང་འདོགས་མཁན་ལ་ཡང་རྩོམ་རིག་བྱ་དགའ་རག་ཉེན་འདུག་གོ། ཧཧཧཧཧཧཧཧཧཧ ད་གད་མོ་འཆོར་ཡོང་གི དྲི་བ་འདིའི་ལན་གཙོ་བོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གནང་བའི་རེ་བ་ཡོད། རྒྱུ་མཚན་ནི་ཁོང་ཉིད་རང་གིས་རང་ལ་འཇིག་རྟེན་བྱེད་པོར་རློམ་བཞིན་འདུག་པས་ཡིན།
སྤོབས་པ་ལགས། ཁྱོད་ཀྱིས་ནོ་སྦེལ་རྩོམ་རིག་བྱ་དགའ་ཟེར་གྱི་ཡོད་ཀྱང་སྒྱུ་རྩལ་རྩོམ་རིག་བརྩམས་ཆོས་མི་ཡིན་པར་བྱ་དགའ་གནང་འདུག་ཅེས་རིག་པས་སྒྲུབ་འདུག འོ་ན། ནོ་སྦེལ་རྩོམ་རིག་བྱ་དགའ་ཞེས་པ་འདི་བོད་སྐད་དུ་སུས་བསྒྱུར་བ་རེད། བསྒྱུར་དག་པའི་སྒྲུབ་བྱེད་འགོད་ན་ཅི་ལྟར་འགོད་ཀྱི་ཡིན། ནོ་སྦེལ་རྩོམ་རིག་བྱ་དགའ་ཞེས་པའི་རིགས་སའི་ཡང་འཇུག་མེད་པ་ནོར་བ་རེད་ལབ་ན་འགྲིག་མིན་གྱི་རྟགས་ཅི་ལྟར་འབྲི་དགོས་སམ། དེང་སང་གསེར་གདུང་མཆོད་རྟེན་ལ་གསེར་སྡོང་མཆོད་རྟེན་འགྲོ་མཁན་འདུག མཁས་པའི་གྲལ་ན་འདུག ཡིན་ནའང་། གསེར་སྡོང་ནི་འབྲི་ས་གཅིག་ཡོད་པ་ནི་སྐུ་འབུམ་གསེར་སྡོང་ཆེན་མོ་རེད། དེ་མིན་གསེར་གདུང་མཆོད་རྟེན་ལ་སྐུ་གདུང་གི་གདུང་འབྲི་དགོས་པ་ཨ་ལགས་ཞབས་དྲུང་ཚང་གིས་ནན་གྱིས་གསུངས་འདུག ད་དུང་། འགོ་ཁྲིད་ལ་ཞེ་སའི་ཚུལ་དུ་དབུ་ཁྲིད་ཟེར་གྱི་ཡོད། ཡིན་ནའང་། མ་མགོ་མ་བྲིས་པར་འ་འགོ་འབྲི་ཡི་ཡོད། མིང་བརྡ་གོ་དོན་རེ་འགའ་ནི་དུས་རབས་དང་དུས་རབས་མི་འདྲ། མཁས་པ་དང་མཁས་པ་མི་འདྲ། མིང་གི་གོ་དོན་དོགས་སློང་བྱེད་ན་དུས་རབས་དང་དུས་རབས། མི་རིགས་དང་མིགས། སྐད་རིགས་དང་སྐད་རིགས། གོམས་སྲོལ་དང་གོམས་སྲོལ་མི་འདྲ་བས་ཁྱབ་ཁོངས་ཆེ་རུ་བཏང་ནས་ཕྱོགས་ལ་ལྟ་ཞིབ་བྱེད་དགོས་པར་སྙམ། དུས་ཚོད་མ་ཆོད་པའི་བསམ་ཚུལ་ཙམ།
ངས་ལྟས་ན་སྒོ་ཤེར་ལ་ཆབ་སྲིད་པའི་ཤན་ཞུགས་ཡོད་ཅིང་། གཅིག་ནས་ཕྱི་ལོག་གི་བྱ་དགའ་མ་བླངས་ཚེ། ཁོང་གི་བདེ་འཇགས་ལ་རྒྱ་གཞུང་གིས་ཉེན་ཁ་མེད་པ། གཉིས་ནས་བྱ་དགའ་ཐོབ་ཚར་པས་ཕྱིར་སྤྲད་ཀྱང་། མ་ཐོབ་པ་མི་འགྱུར་ཞིང་། དེ་ལས་ལྡོག་སྟེ་སྔ་ལས་གྲགས་འགུལ་ཆེ་བ། གསུམ་ནས་ཀླུ་སྨྱོན་གྱི་རྩོམ་རིག་བྱ་དགའ་སྒོ་ཤེར་ལ་སྤྲད་པ། ཀླུ་དང་ཁོང་གཉིས་ཀ་ལ་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པའི་དེང་རབས་ཀྱི་རྩོམ་པ་པོ་ཡིན་ཞིང་། ལངས་ཕྱོགས་མཐུན་པས་ཀླུ་སྨྱོན་གྱིས་ཁོ་ལ་སྤྲད་པ་རེད། རྒྱུ་མཚན་ནི། ཀླུ་སྨྱོན་ལ་ཆོས་སེམས་དང་མི་རིགས་ཀྱི་འདུ་ཤེད་འདྲ་མཉམ་གྱིས་ཆེ་ལ། སྒོ་ཤེར་ལའང་དེ་ལྟར་ཡིན་པས་ཁོང་གཉིས་ཀྱི་ལྟ་བ་ཆུ་འོ་བཞིན་འདྲེས་བས་ཀླུ་སྨྱོན་གྱིས་ཁོ་ལ་སྤྲད་པ་རེད། འོན་ཀྱང་། ཀླུ་སྨྱོན་གྱིས་སྒོ་ཤེར་ཆབ་སྲིད་པ་ཞིག་ཡིན་པ་དེ་ཐེངས་བར་འཚོར་མེད། དེ་ནི་ཀླུ་སྨྱོན་གྱི་ཞན་ཆ་རེད་ལ། ཀླུ་སྨྱོན་དཔྱད་འདེམས་ཚོགས་ཆུང་གི་ཞན་ཆ་རེད། སྒོ་ཤེར་ལ་ཆ་རྒྱུས་མེད་པའི་ཞན་ཆ་རེད།
རྩོམ་རིགས་ནི་སྤོབས་པ་མཐའ་ཡས་ཀྱི་གསུངས་བ་བཞིན་རེད། ཁག་ཅིག་གིས་ས་མཐའ་ཡོད་ན་སྒྲ་ཡང་འཇུག་དང་། མེད་ན་དོག་འཇུག་གསུངས་ཀྱང་། དབྱིན་ཡིག་གི་གོ་དོན་སྒྲ་ཡང་འཇུག་རང་རེད། མདོར་ན། བྱ་དགའ་མི་ལེན་བསམ་པ་རེད་མ་གཏོགས། ལེན་བསམ་ན། དེ་ལས་ལྡོག་སྟེ་ལེན་དགོས་བའི་སྒྲུབ་བྱེད་མི་ལེན་པའི་སྒྲུབ་བྱེད་ལ་་ལྟོས་ནའང་མང་།
སྒོ་ཤེར་གྱི་མགོ་བཤེར་འདུག་གོ །།
སྒོ་ཤེར་གྱིས་བཤད་པ་དེ། ༸རྒྱལ་བ་རིན་པོ་ཆེས། དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་གཟེངས་རྟགས་མ་བཞེས་པའི་རྒྱུ་མཚན་དང་གཅིག་འདྲ་རེད་འདུག
སྤོབས་མཐའི་དགོངས་ཚུལ་ལ་གཞི་རྩའི་ཆ་ནས་མོས་མཐུན་ཡོད། དེ་ནི་ཁྱབ་ཆེ་བའི་བྱ་དགའི་ངོས་ཤིག་གི་བརྗོད་སྟངས་རེད། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལ་མཚོན་ན། བྱ་དགའ་དེ་ལེན་མི་ལེན་ལ་དེ་འདྲའི་དོགས་དཔྱོད་བྱེད་དགོས་པ་ཞིག་མ་མཐོང་། ཆེ་ཆུང་ལ་མ་ལྟོས་པར་བྱ་དགའ་ཐོབ་མཁན་གང་ཞིག་གིས་བྱ་དགའ་ལེན་མིན་དེ་དོ་བདག་གི་འདོད་མོས་རེད། སྒོ་ཤེར་གྱིས་དགོས་དབང་ཞིག་གིས་གསལ་བཤད་བྱས་ཡོད་བཞིན་དུ་དེ་ལ་ལྐུགས་པ་ཨུ་ཚུགས་རྒྱག་དོན་མི་འདུག
ཕྱོགས་གཞན་ནས་བརྗོད་ན། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ལ་ཡང་གཤམ་གསལ་དོན་དག་དྲུག་གི་སྒོ་ནས་ཞིབ་དཔྱོད་བྱ་འོས་པ་ཞིག་རེད་བསམ།
༡༽ ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཁ་ཕྱོགས་ལ་ངེས་གཏན་གྱི་གསལ་བཤད་མེད་པ།
༢༽ ཀླུ་སྨྱོན་རྩོམ་རིག་བྱ་དགའི་རིན་ཐང་གི་ཐད་ནས་ཡོངས་ཁྱབ་ཀྱི་གཏན་འབེབས་མེད་པ།
༣༽ ཀླུ་སྨྱོན་རྩོམ་རིག་བྱ་དགའ་སྒེར་མིང་ཞིག་གི་ངོས་ནས་སྤྱི་ཚོགས་ཐོག་གོ་བེད་ཆུང་བ།
༤༽ ཀླུ་སྨྱོན་རྩོམ་རིག་བྱ་དགའི་དཔྱད་འདེམ་ཚོགས་ཆུང་གི་ཚོགས་མི་རྣམས་སུ་ཡིན་ངེས་གསལ་མེད་པ།
༦༽ ཀླུ་སྨྱོན་རྩོམ་རིག་བྱ་དགའི་རྟགས་མའམ་དེའི་མཚོན་དོན་དང་ངོས་གཞན་རྣམས་ཅི་ཡང་མི་གསལ་བ།
༼རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མང་པོ་ཞིག་ཁོང་གིས་བསམས་ཀྱི་ཡོད་མིན་གྱི་སྟེང་ནས་ཐག་བཅད་ཡོང་གི་འདུག ངས་བལྟས་ན། གལ་སྲིད་ཁྱེད་ཉིད་འཇིག་རྟེན་བྱེད་པོ་འདྲ་མིན་ན། ཁྱེད་ཀྱིས་བསམས་མ་བསམས་དེ་གཙོ་བོ་མ་རེད་འདོད། རྩོམ་རིག་བྱ་དགའི་ལས་དོན་འདི་བཟའ་མི་མཉམ་འཛོམས་གྱིས་དགོང་ཟས་ལ་རོལ་ལྟ་བུ་ཞིག་མ་ཡིན་ཙང་། ལས་དོན་དེའི་མཚོན་བྱ་མཚོན་བྱེད་ཆུང་ཙག་རེ་ཡང་ཤིན་ཏུ་ཞིབ་ཚགས་རང་བཞིན་དང་གཏིང་ཟབ་རང་བཞིན་ཡིན་དགོས་༽ངས་གལ་ཏེ་(ངས་བསམ་ན་)ཞེས་པའི་ཚིག་སྦྱོར་སྤྱད་ནས་བསམ་ཚུལ་བཏོན་པ་ཙམ་གྱིས་འཇིག་རྟེན་བྱེད་པ་པོར་འགྱུར་ན། བཀྲ་ཤིས་དོན་འགྲུབ་ཀྱི་གོང་གི་ཡི་གེ་ཐིག་ཕྲེང་ཁ་ཤས་ཀྱི་ཐོག་ནས་ནས་ཀྱང་འཇིག་རྟེན་བྱེད་པ་པོར་ཞལ་གྱིས་བཞེས་འདུག་སྟེ། (ཡོང་གིན་འདུག)(མ་རེད་འདོད)(མ་ཡིན་ཙང་)(ཡིན་དགོས)ཞེས་པའི་ཚིག་འདི་དག་སྤྱད་ལ་གཟིགས་དང་། ཁྱད་པར་འདོད་དང་བསམ་ནི་དོན་གཅིག་པའི་བརྗོད་པ་མི་འདྲ་བ་ཙམ་ཞིག་རེད།
རྟ་ལ་གཞོན་ནས་རྟ་བརྗེད་འདུག་གོཧཧཧཧཀུ་རེ་ཙམ་ཡིན།
ཡང་༼་་་་་་ ཡིན་ན་ནི། ཉིན་གཅིག་ཙག་སྒྲའི་མིང་འདོགས་མཁན་ལ་ཡང་རྩོམ་རིག་བྱ་དགའ་རག་ཉེན་འདུག་གོ། ༽ཟེར་བ་ནི་འབྲེལ་མེད་འབའ་ཞིག་སྟེ། རྩོམ་རིག་གི་ནང་ནས་ཀྱང་རྒྱུ་མཚན་དང་གནས་ལུགས་མང་དག་ཅིག་ཚང་བའི་རྩོམ་རིག་ལ་སྤྲོད་ཟེར་གྱི་ཡོད་པ་ལས་རྩོམ་རིག་ཡོད་ཚད་ལ་སྤྲོད་ཀྱི་ཡིན་སུས་ཟེར་གྱི་འདུག
ལར་ཙག་སྒྲའི་སྒམ་ཆུང་གི་ཡི་གེ་ལ་རྩོམ་རིག་གི་བྱ་དགའ་ཐོབ་མི་སྲིད་ཅེས་ལབ་ཐུབ་པ་ཞིག་གཏན་ནས་མིན་མོད། ཁོ་སྒྲ་ཡང་འཇུག་གི་རྩོམ་རིག་ཡིན་ན་ཁོ་ལ་ངེས་པར་ཐོབ་དགོས་པ་ནི་མ་ཡིན་ཏེ། མི་གཅིག་གིས་ཁ་བརྡ་ལ་ཞབས་མཆན་བཀོད་ན་འཛམ་བུ་གླིང་གི་མི་ཚང་མས་འགོད་མི་དགོས་པ་བཞིན། མི་གཅིག་ལ་ཞི་བདེའི་གཟེངས་རྟགས་ཐོབ་ན་ཞི་བདེ་དང་འབྲེལ་བའི་ལས་ཀ་ཚང་མར་ཐོབ་པར་འགྱུར་བ་ཡང་མིན་ལ། རྒྱུ་དེས་ཞི་བདེ་དང་འབྲེལ་བའི་ལས་ཀ་ཆུང་ངུ་ཆུང་ངུ་དག་ཞི་བདེའི་ལས་ཀ་མིན་པར་ཡང་མི་འགྱུར་བ་བཞྀན་ནོ།
ལན་རྒྱོབས་གསུངས་འདུག་པར་ལན་ཞུས་པ་ཙམ་ཡིན།
སྒོ་ཤེར་གྱིས་ཀླུ་སྨྱོན་གྱི་རྩོམ་རིག་གི་བྱ་དགའ་བཞེས་མ་བཞེས་ལ་རྩོད་དགོས་དོན་མ་མཐོང། མ་གཞི་ནས་མང་པོ་ཞིག་གིས་ཀླུ་སྨྱོན་གྱི་རྩོམ་རིག་གི་བྱ་དགར་རེ་བ་ཆེན་པོ་ཞིག་བཟུང་ནས་སྒུགས་མོད། མཐར་སྒོ་ཤེར་ལ་སྤྲད་པ་དེར་ཡིད་མ་རངས་པ་ཞིག་ཟོལ་འདུག གང་ལྟར་སྒོ་ཤེར་གྱིས་བཞེས་ཀྱང་རུང་མ་བཞེས་ཀྱང་རུང་དེ་གནད་འགག་ཆེན་པོ་མ་རེད། འབུལ་མཁན་གྱི་གདེང་ཆོག་ཆེན་པོས་ཕུལ་བ་རེད། དེ་འབུལ་མཁན་གྱི་ངོས་ནས་བསམ་གཞིགས་ནན་པོས་དཔྱད་དེ་ཕུལ་བ་རེད། དེའི་གྲུབ་དོན་ཀྱང་གྲུབ་པ་རེད་བསམ། ཕུལ་སའི་སྒོ་ཤེར་གྱིས་བྱ་དགའ་དེ་མ་བླང་ཀྱང་དེ་གནད་དོན་ཞིག་མ་རེད་བསམ། ཾཁོ་རང་གིས་ངོས་ནས་བོད་ཀྱི་རྩོམ་རིག་གི་བྱ་བར་ལྷག་བསམ་མེད་པའི་ལེ་ལན་ལས་གཞན་དམིགས་ཡུལ་གང་ཡང་ཡོད་རྒྱུ་མ་རེད་བསམ།་
ངས་རྣམ་པ་ལྷན་རྒྱས་ཅི་ཞིག་གསུང་བ་གོ་རྟོགས་གཏན་ནས་མ་བྱུང་། རྗེས་སུ་སྒོ་ཤེར་མཆོག་གི་རྩོམ་ཡིག་བྱ་དགའ་མི་བཞེས་པ་བཀླགས་པ་ན། “སླད་ཕྱིན་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལེགས་འགྲུབ་ཡོང་བའི་རེ་བ་དང་བཅས།” ཞེས་པ་ན་འོང་བའི་ཚབ་ཏུ་ཡོང་། ཞེས་ཁ་སྐད་བཀོལ་བ་སོགས་མ་ཡིན་པར་རིན་སྤུངས་པ་སོགས་བོད་ཀྱི་རིག་གཞུང་ལ་ཕན་པར་འབྲི་བ་པོ་ཞིག་ལ་ཐོབ་འོས་པར་མཐོངས་ནས། སྒོ་ཤེར་མཆོག་གིས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་མ་བླངས་པ་དེ། དེ་ཉིད་ཀྱི་ལྷག་བསམ་རྣམ་དག་ཅིག་༷ཏུ་མཐོང་ངོ་།
སྒོ་ཤེར་ལགས་ནས་བྱ་དགའ་དེེ་ལེན་མིན་ཁོང་གིས་འདོད་པ་རེད
གང་ལྟར་སྒོར་ཤེར་གྱིས་ཀླུ་སྨྱོན་རྩོམ་རིགས་ཚོགས་པ་དང་འོས་འཕེན་མཁན་ཚོས་རྩོམ་རིག་ངོས་ཟིན་མེད་པའི་གོ་བརྡ་སྤྲོད་ཆེད་དུ་བྱ་དགའ་མ་བཞེས་པ་རེད་འདུག་ཨ།།
བཀའ་འགྱུར་སོགས་ལ་མཛུབ་མོས་མི་འཛུགས་མཁན་སུ་ཡང་མེད། ཅིའི་ཕྱིར། ཅིའི་ཕྱིར། སྒོ་ཤེར་འདུག་ལ་ང་ཡང་འདུག རྒྱུ་མཚན་ནི་དོན་དངོས་ཐོག་དེ་སོགས་ནི་དེའི་ཁྱབ་ཁོངས་སུ་མེད་པས་སོ།། ཞིབ་ཏུ་དཔྱད་པར་འཚལ། ཡང་ན་གཞན་དང་གཞན་ལ་དྲི་བར་བྱའོོ།།
རྫ་ཚེ་རིང་ལགས་ཀྱིས་དོན་མེད་རིགས་པ་སྒོ་མཚུངས་ཡིན་ཁུལ་གྱི་སྐད་ཆ་ཞིག་བཤད་འདུག་སྟེ། ཁྱེད་ཀྱིས་བཤད་པ་དང་ངས་བཤད་པའི་སྐད་ཆ་དེ་དག་མཚུངས་ཀྱི་འདུག་གམ་མི་འདུག་ཅིག་བལྟ་བར་བྱ། “(ངས་བལྟས་)ན། གལ་སྲིད་ཁྱེད་ཉིད་འཇིག་རྟེན་བྱེད་པོ་འདྲ་མིན་ན། ཁྱེད་ཀྱིས་བསམས་མ་བསམས་དེ་གཙོ་བོ་མ་རེད་(འདོད།)” འདི་ནི་ངས་བཤད་པའི་སྐད་ཆ་རེད། ད་ཁྱེད་ཀྱིས་བཤད་པ་དེར་ལྟོས་ཨ་་་་་་་་་། “(ངས་བསམ་ན་)(མི་འདུག) ཡང་ན་ངེས་པར་དེ་ལྟར་གོ་བ་ལེན་དགོས་པ་ཡོད་དམ། (ངས་བསམ་ན)་དེ་ཡང་(མི་འདུག)
དེ་ལྟར་ན་ངས་བསམ་ན་་་་་་་་་་་་་་་་་་་” ཁྱད་པར་དེ་རེད། ངས་ང་རང་གི་བསམ་ཚུལ་ཡིན་པ་དེ་ང་རང་གི་འདོད་པ་ཙམ་ཡིན་པ་ཚིག་འབྲུ་ཐ་མ་(འདོད་)ཅེས་པ་དེ་ག་རང་གིས་གསལ་བཤད་བྱས་ཡོད་ལ། ཁྱེད་ཀྱིས་བཤད་པ་དེ་དག་ཁྱེད་རང་གིས་བཤད་པ་ནང་བཞིན་དོན་ལ་ཡང་དེ་ལྟར་ཡིན་དགོས་པའི་བཙན་གཤེད་ཅིག (ངས་བསམ་ན་)(མི་འདུག) (ངས་བསམ་ན་)དེ་ཡང་(མི་འདུག) ཅེས་མདོར་ན་ཁྱེད་ཀྱིས་བསམ་པ་དག་དོན་དངོས་ཡིན་དགོས་པར་འདུག་དང་མི་འདུག ཅེས་པའི་ཚིག་གྲོགས་དེ་དག་གིས་ཐག་བཅད་འདུག་མོད། ཡིན་ན་ཡང་འདུག་དང་མི་འདུག་གི་ཚིག་ཅིག་ཡིན་ཚད་དེ་ལྟར་ཡིན་དགོས་པའི་ཁྱབ་པ་མེད་པས། བག་ལེབ་སྒོར་སྒོར་ཡིན་པའི་རྒྱུ་མཚན་གྱིས་ཤེས་བྱ་སྒོར་སྒོར་ཡིན་པར་སྒྲུབ་པའི་རིགས་ལམ་མི་ཤེས་མཁན་ཚོའི་གྲས་སུ་འཕེན་དགོས་ཐུག་ཉེན་འདུག་ན། ཞིབ་ཆ་མེད་པའི་ཐལ་བ་དེ་འདྲ་མི་འཕེན་པའི་རེ་བ་ཡོད།
ད་དུང་སྐད་ཆ་དགོད་བྲོ་པོ་ཁ་ཤས་བཤད་འདུག་སྟེ། ཁྱེད་ཀྱིས་ཙག་སྒྲའི་སྒམ་ཆུང་གི་ཁ་ཡིག་འབྲི་མཁན་ལ་རྩོམ་རིག་བྱ་དགའ་སྤྲོད་རྒྱུ་ཨེ་་་་་་་་་་་་་་་་་་་་་་་་ཧཧཧཧཧཧཧཧཧ དེ་དངོས་གནས་ཟིང་ཚ་པོ་ཞིག་འདུག དེ་དུས་འཛམ་བུ་གླིང་གི་རྩོམ་རིག་གཞུང་ལུགས་པ་ཆ་ཚང་ཧད་ཅིང་ཧང་སང་ཐག་ཆོད་ནས། རྩོམ་རིག་གི་བརྡ་དོན་གྱི་གོ་བ་སྦྱོང་དུ་ཁྱེད་ཀྱི་སར་བཅར་ཉེན་ཡོད་པས་ཁྱེད་ཉིད་ད་ལྟ་ནས་གྲ་སྒྲིག་ཨང་སར་བྱས་ཏེ་བཞུགས་རོགས། རྗེས་ལོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དེ་རྫ་ཚེ་རིང་བཀྲིས་ལགས་ཀྱི་ཐག་གཅོད་འོག་དགེ་འདུན་ཆོས་འཕེལ་གྱི་མཚན་གནང་མཁན་གྱི་བ་བཤེས་གཉེན་དེར་ཕུལ་གང་འདྲ་ཡོང་ས་རེད། རྒྱུ་མཚན་ནི། དགེ་འདུན་ཆོས་འཕེལ་ཞེས་པའི་མིང་དེ། བོད་མི་རིགས་ཀྱིས་ནམ་དུ་ཡང་གླེང་མི་ཚར་ཞིང་། ནམ་དུ་ཡང་འོད་ཟེར་ཁོ་ན་འཕྲོ་ལ་ནམ་དུ་རླབས་ཆེན་ཁོ་ན་ཡིན་པའི་མིང་ཞིག་ཡིན་ཙང་། ཁྱེད་ཀྱི་འདོད་པ་ལྟར་མིང་གི་བརྩམས་ཆོས་ལ་དེ་ལས་ལྷག་ཙམ་གྱི་གྲུབ་འབྲས་ལེན་མཁན་ཞིག་བོད་ནང་ཧ་ལམ་རྙེད་དཀའ་བས་སོ།། དེ་ག་ནང་བཞིན། ནོ་བྷེལ་རྩོམ་རིག་བྱ་དགའ་དེ་ཁྱེད་ཀྱིས་ཐག་གཅོད་འོག Michal jackson གྱི་མིང་འདོགས་མཁན་ཁོའི་ཕ་རྒན་མ་རྒན་དག་ལ་ཕུལ་ན་གང་འདྲ་ཡོང་ས་རེད། ཧཧཧཧཧཧཧཧཧཧ ད་གད་མོ་འཆོར་བྱེད་རེད་ཡ། རྫ་ཚེ་རིང་བཀྲ་ཤིས་ལགས། ཆོས་རའི་ནང་དམ་བཅའི་ཁུང་རྡོལ་ལ་ཁད་བྱེད་དུས་ཁས་ལེན་ཁྱད་མཚར་དེ་འདྲ་བྱེད་དགོས་ཐུག་རྒྱུ་ཡོད་པ་དེ་ཁྱེད་ཀྱིས་ང་ལ་དྲན་གསོ་བསླངས་བྱུང་ལགས།
ངས་དཔེ་མཚོན་ཞིག་འཇོག
?
!
ཞེས་པ་དང་།
不知道不知道
知道不知道
知道知道
不知道知道
འདི་ཚོར་ཁྱེད་ཅག་གིས་ཉམས་འཇོག་མྱོང་ངམ།
བཀྲ་ཤིས་དོན་གྲུབ་ལགས། རང་གི་ལན་བཀླགས་ཟིན།
ཁྱེད་རྒྱལ་བར་གྱུར་ཏོ། །
རྩེད་མོ་ཡིན།
ལན་དམིགས་བསལ་ཅང་མེད་ལགས།
རྩོམ་རིག རིག་རྩོམ། རྩོམས་རིགས། བཀའ་བསྟན་དང་། དེབ་སྔོན་། རྗེའི་ལམ་རིམ་སོགས་རྩོམ་རིག་རེད་ཅེས་གནའ་དེང་མཁས་པ་སུས་བཤད་འདུག་སྤོབས་པ་ལགས། ཆོས་ཅན་འགོད་རོགས།
སྤྱིར་བཏང་ངས་Literature ཟེར་བ་དེ་ལ་གོ་བ་ཇི་ལྟར་ལེན་དགོས་མིན་མི་ཤེས། ཡིན་ཡང་། རྩོམ་རིག་ཅེས་པ་དེ་ནི་ད་སྐབས་སྤྱི་ཡོངས་ནས་སྒྱུ་རྩལ་རྩོམ་རིག་ཁོ་ན་ལ་གོ་ཡོང་གི་འདུག། ཕལ་ཆེར་དེ་ལ་འཁྲུག་གཞི་གཞན་ཞིག་མི་འདུག དེ་མིན་རྩོམ་རིག་དང་རྩོམ་རིགས་གཉིས་ལ་གོ་བ་མ་འདྲ་བ་རེ་ཡོད་པའང་གོང་གི་འབྲི་མཁན་དག་གིས་ཤེས་ལོས་ཡོད། ལྷག་པར་སྤོབས་པ་མཐའ་ཡས་ལགས་ཀྱིས་ཤེས་ལོས་ཡོད། དེ་ཤེས་བཞིན་དུ་འདི་ལྟར་བཤད་དགོས་པའི་དམིགས་ཡུལ་གང་ལ་ཐུག་ཡོད་མེད་བཤད་ཚོད་མི་ཐིག་པ་ཞིག་རེད། ཕྱོགས་གཅིག་ནས་དེའི་ཕྱོགས་ནས་གླེང་སློང་རེ་བྱས་ན་གསར་ཞུགས་པ་དག་ལ་གོ་རྟོགས་རེ་ཡོང་རེ་ཕན་སེམས་བཟུང་འདུག ཕྱོགས་གཞན་ཞིག་ནས་ད་སྐབས་ཀྱི་མབྲི་མཁན་མང་ཆེ་བ་ལ་འདིའི་ཕྱོགས་ནས་གོ་རྟོགས་ཅི་གང་མེད་པ་གོ་སྐབས་སུ་བཟུང་ནས་སྒོ་ཤེར་ནག་པོ་བཟོ་བའམ། ཡང་ན་Literature ཟེར་བ་དེ་རྩོམ་རིག་ཅེས་པ་ལ་གོ་བ་བླངས་ན་ཁྱབ་ཆུང་བས་གནོད་པ་ཞིག་ཡོད་འདུག དེ་མིན་ན་སྤོབས་པ་མཐའ་ཡས་ལྟ་བུའི་རྩོམ་མཁན་ཞིག་མཚོན་ན་དེའི་བར་ན་འཁྲུག་གཞི་ཅི་གང་མེད། ད་སྐབས་བོད་དུ་ཐོན་དང་ཐོན་བཞིན་པའི་རྩོམ་བྱུང་ཁག་དང་རྩོམ་གཞུང་ཁག་ལ་བལྟས་ཙམ་གྱིས་རྩོམ་རིག་དང་རྩོམ་རིགས་སོགས་ཀྱི་གོ་བ་འཐིལ་ཕྱིན་པ་ཞིག་ཤེས་རྒྱུ་ཡོད། དེ་མིན་འོག་ཏུ་མཆན་འདེབས་མཁན་དག་གིས་གཟབ་དགོས་པ་ཧ་ཅང་གལ་ཆེའོ། སྐབས་ཐོག་གི་ཚོར་བ་ལས་དཔེ་ཀློག་རེ་བྱས་ཏེ་སྐད་ཆ་བཤད་རྒྱུ་གལ་ཆེའོ། རེ་ཟུང་མ་གཏོགས་མང་ཆེ་བས་དཔེ་ཆ་ཞིག་བཀླགས་ཡོད་ས་མ་རེད། གློའུ་བཤད་གནམ་སར་མི་ཤོང་བ་རེ་བཤད་འདུག
ཅི་ཞིག་ལ་རྩོམ་རིག་ཟེར་རམ། དེབ་སྔོན་སོགས་རྩོམ་རིག་མ་ཡིན་པའི་གཏན་ཚིག་བྱིས་པའི་ལྷ་སྒྲུང་འདྲ་ལབ་རྒྱུ་ཡིན་ནམ།
ཡ་ད། དབྱིན་ཡིག་གི་literatureགྱི་སྟེང་ནས་གོ་བ་ཨེ་རག་མ་ལྟ། བོད་སྐད་རང་སྟེང་ནས། རྩོམ་རིག་དང་། རྩོམ་རིགས་དང་། རྩོམ་སོགས་ལ་ཁྱད་པར་ཅི་ཡོད་ཤོད་དང་། འདི་བཤད་དགོས་པ་ཞིག་རེད།