འཆི་མེད། (རྡ་ས།)
གལ་སྲིད་ཁྱོད་ཀྱིས་བཤད་པ་བཞིན་སྒོ་ཤེར་གྱི་གསལ་ཁ་མེད་པའི་ཡིག་འཕྲིན་ཐུང་ངུ་དེས་ཀླུ་སྨྱོན་ལ་འགྲམ་ལྕག་ཚ་བོ་ཞིག་གཞུས་ཡོད་ཚེ། བདག་གིས་ར་སྤྲོད་བྱས་པའི་རྩོམ་ཡིག་འདིས་ཁྱོད་ཀྱི་ཧམ་སེམས་ཀྱིས་དམར་བོར་ཆགས་པའི་རྐུབ་ཐོག་ཏུ་དེ་ལས་ཀྱང་ཚ་ཐག་ཆོད་པའི་ཐལ་ལྕག་ཅིག་གཞུས་པ་ཡིན།
ཁྱེད་ཀྱིས་ཅི་ཞིག་ཤེས་ཡོད་མདོག་མདོག་གིས་བཤད་པའི་སྐད་ཆ་བརྡ་དག་གི་སྙིགས་རོ་ཅན་དེ་དོན་ངོ་མར་སྤོབས་མཐའ་ལས་ཁྱེད་རང་ལ་རན་ཤོས་རེད་འདུག “གལ་སྲིད། དབྱིན་སྐད་དུ་གྱུར་པའི་རྩོམ་རིག་གི་ཕྱི་ཤུན་དང་ནང་ཤུན་(དང་)བཅས་བཤུ(ས)་བསམ་ན་དེའི་སྐོར་གྱི་དཔེ་ཀློག་དང་རྒྱུས་ལོན་ཞིབ་ཚགས་བྱེད་དགོས་ནི་རེད།” ཁྱོད་ཀྱིས་རྩོམ་ཡིག་ཐུང་ངུ་འདི་ཞིབ་མོར་བཀླགས་རྗེས་ད་གཟོད་རང་མགོ་རང་གིས་རྡུང་བའི་ཟློས་གར་ཁྲོད་ཀྱི་འཁྲབ་སྟོན་པ་གཙོ་བོ་རང་ཉིད་ཡིན་པ་དངོས་སུ་ཤེས་ངེས།
ཁྲོན་པའི་ནང་གི་སྤལ་བས་རང་ཉིད་འཁོར་ཚོགས་ཁྲོད་ཀྱི་རྒྱལ་བོར་མཐོང་གི་ཡོད་པ་ལྟར་ཁྱོད་ཀྱིས་ཝེ་གེ་རིག་མཛོད་ཀྱི་འགྲེལ་བཤད་ཁ་ཤས་ལོག་པར་བསྒྱུར་ནས་གནས་ལུགས་གང་ཞིག་རྟོགས་ཡོད་མདོག་མདོག་བཤད་འདུག་མོད། དོན་ངོ་མར་ཝེ་གེ་རིག་མཛོད་ནི་མི་སྒེར་སུས་ཀྱང་རང་དབང་གིས་རྩོམ་སྒྲིག་དང་བཟོ་བཅོས་བྱེད་ཆོག་པའི་རིམ་པ་འོག་མའི་དཔེ་མཛོད་ཅིག་ཡིན་པ་ལས། རྒྱལ་སྤྱིའི་ཚད་ལྡན་ཤེས་ཡོན་སྡེ་ཁག་གིས་ཁུངས་འཕེར་འོས་པའི་ཡིག་ཆའི་འབྱུང་ཁུངས་སུ་མི་རུང་པའི་གནས་ལུགས་དེ་ཁྱོད་རྣམ་པ་གཉིས་ཀྱིས་མ་ཤེས་པར་ཝེ་གེའི་བཤད་པ་ཁ་ཤས་བདེན་རྫུན་གྱི་ཐིག་ཤིང་དུ་བཟུང་བ་ནི་རང་ཉིད་ཀྱི་ཁྲོན་པའི་ཆེ་ཆུང་གསལ་བཤད་བྱས་པ་ཙམ་ལས་མ་འདས་སོ།།
གང་ལྟར། དེ་རིང་ངས་ཡིག་སྐྱོན་གྱི་རྫབ་སྣོད་དུ་ཆགས་ཤིང་བྱིས་པའི་ཀ་ར་རྩོད་པའི་ངང་ཚུལ་དུ་གྱུར་བའི་ཁྱོད་ཀྱི་རྩོམ་ཡིག་དེའི་རྒྱུ་མཚན་རྫུན་པ་དག་གི་རྐུབ་བརྡོལ་རྒྱུ་དེ་མ་ཡིན་གང་ཡིན་ཟེར་ན་དེ་ནི་ལོང་བའི་བལྟས་ཀྱང་རྒྱལ་ཁམས་མཐོང་པའི་དཔེ་རུ་འདུག་པས་རིག་པས་བསྒྲུབ་བྱེད་གཏོང་དགོས་གལ་མ་མཐོང་། དེ་རིང་ངས་ཁྱོད་ལ་བཤད་འདོད་པ་ནི “ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་ཕན་པའི་སྨན་ལ་ཞིམ་པོ་མེད།” ཅེས་པའི་དཔེ་ལྟར་རང་ངོ་རང་གིས་ཟིན་པའི་གསལ་བཤད་ཁ་ཤས་་བྱེད་རྒྱུ་ཡིན། ཁྱོད་རང་ཉིད་ཀྱིས་ཨིན་ཡིག་གི་མ་མཐའི་ཚིག་ཟིན་གྱི་གོ་བ་ཙམ་ཡང་གསལ་བོར་མ་ལོན་པར་གོ་པ་ལོག་འགྲེལ་དང་རྫུན་འགྲེལ་བྱས་ནས་གཞན་ནག་པོར་བཟོ་ཐབས་བྱེད་བཞིན་དེ་ནི་བོད་ཀྱི་གཏམ་དཔེར། “རང་ངོས་སུ་གཡག་འགྲོ་བཞིན་པ་མི་ཤེས་པར། གཞན་ངོས་ཀྱི་ཤིག་འཚོལ་མཁན་ཚོ།”ཞེས་པ་ནི་དོན་ངོ་མར་ཁྱོད་ཚོ་ལྟ་བུ་དུས་ནས་དུས་སུ་སྤྱི་ཚོགས་སུ་བྱུང་དང་འབྱུང་བཞིན་པར་དམིགས་ནས་བཤད་པ་ཞིག་རེད།
སྐབས་སུ་བབས་པ་དཀྱུས་ལ་འཇུག་པ་ལ་ཐོག་མར་ཁྱོད་ཀྱིས་ཡི་གེ་བ་(Writer)དང་རྩོམ་པ་བོ(Author)གཉིས་ཀྱི་ཁྱད་པར་རགས་པ་ཙམ་ཡང་མ་ཤེས་པར་ར་མགོ་ལུག་སྦྱར་བྱས་འདུག་པ་ཁྱོད་ཀྱིས་ད་ལྟའང་ད་དུང་ཤེས་ཡོད་མི་སྲིད། དེ་ཡང་ཁྱོད་ཀྱིས “རྩོམ་པ་པོ(Writer)ནི་བརྩམས་ཆོས་ཀྱི་ངོས་ནས་འཇོག་དགོས་ལ། དེ་ཡང་རྩོམ་རིག་བརྩམས་ཆོས་ཅིས་ཀྱང་ཡིན་དགོས། ལྷག་དོན། སྙན་དག(ངག)་དང་བརྩམས་སྒྲུང་། འཁྲབ་གཞུང(ཟློས་གར་ཡང་ཚུད)བཅས་ཀྱི་ངོས་ནས་འཇོག་གིན་འདུག” བཤད་ཚུལ་དེ་ནི་(writer )ཞེས་པའི་ཚིག་ཟིན་གྱི་གོ་བ་ཡང་ལོན་མེད་པའི་ངང་ཚུལ་ཉི་ཚེ་བ་ཞིག་སྟེ། རྩོམ་རིག་གི་བརྩམས་ཆོས་མེད་པའི་ཡི་གེ་བའང་(writer)ཡོད་ཆོག་པ་མ་ཟད་ད་ལྟ་ཧ་ཅང་མང་སྟེ། ངག་རྒྱུན་ལོ་རྒྱུས་ཡི་གེར་ཕབ་མཁན་(Oral history writer)དང་མི་སྒེར་ཆེ་གེ་མོའི་ལོ་རྒྱུས་(Biography)ཡི་གེར་འབྲི་མཁན་དག་གི་(writer)ཡིན་ལ་རྩོམ་པ་པོ(Author)མ་ཡིན་པ་ཡོངས་གྲགས་མ་ཡིན་ནམ། ཁྱོད་ཀྱིས་དེའི་རྗེས་དེ་མ་ཐག་ཏུ་ཡང་རྩོམ་པ་པོའི་ཚབ་ཏུ་རྩོམ་མཁན་( Author )ཞེས་བྲིས་འདུག་མོད། བོད་ཡིག་ཐོག་གི་རྩོམ་མཁན་དང་རྩོམ་པ་པོ་གཉིས་ལ་ནི་ཨིན་ཡིག་གི་(writer )དང་(Author)བཞིན་མུ་བཞི་བགྲང་རྒྱུ་མེད་པ་ནམ་ལངས་ཉི་ཤར་རེད།
དོན་ངོ་མར་བཤད་ལ་ཁྱོད་ཀྱི་ཧམ་པ་ལ་ཚོད་ཅིག་མེད་པ་འདྲ། ཁྱོད་ཀྱིས་ད་དུང་ “ནུབ་ཕྱོགས་ཀྱི་རྩོམ་རིག་གཞུང་ལུགས་སྨྲ་པ་མང་པོ་ཞིག་གིས‘རྩོམ་རིག་ནི་དངོས་ཀྱི་མྱོང་འབྲས་ཡིན’( literature is the consequence of experience )ཟེར་བ་རེད།” ཅེས་ཁུངས་ལུང་གང་ཡང་མི་དགོས་པར་ཆུ་ནང་དུ་རྟུག་དྲི་བཏང་བ་ལྟར་ནུབ་ཕྱོགས་ཀྱི་རྩོམ་རིག་ལ་རྒྱུས་ལོན་ཡོད་མདོག་མདོག་བཤད་འདུག་མོད། མ་གཞི་ཨིན་ཡིག་ཤེས་མཁན་ཞིག་གིས་བལྟས་ན་མ་ཡིག་ཏུ་མེད་པའི་ “དངོས་ཀྱི”ཞེས་པའི་ཚིག་ཐེ་བ་ཞིག་སྒྱུར་མཁན་ཧམ་ཆེན་དེས་བསྣན་ཡོད་པ་ལས་སླ་བོར་རྟོགས་ཐུབ། གལ་སྲིད། ཚིག་གི་སྡེབ་སྦྱོར་སོགས་ཀྱི་ཆ་ནས་བཏགས་པ་ཡིན་སྲིད་ཟེར་ན་གཏན་ནས་མི་འོས་སྟེ་ “དངོས་ཀྱི”ཞེས་པའི་ཚིག་དེའི་ནུས་པས་གོ་བ་ཡོངས་རྫོགས་མ་ཡིག་ལོགས་སུ་ཕྱིན་ཡོན།(རྒྱུ་མཚན། Fiction Realism and Existentialism སོགས་ལ་གཟིགས་རོགས།)
ཡང་དགུ་རོང་ཚང་གི་ཧམ་ཆེན་དེས་ “ཏག་ཏག་ཝེ་ཁེའི་རིག་མཛོད་དུ་འདི་ལྟ་སྟེ། (Literature(from Latin litterae (plural); letter) is the art of written work. The word literature literally means: “things made from letters”. Literature is commonly classified as having two major forms—fiction and non-fiction—and two major techniques—poetry and prose)“རྩོམ་རིག་(ཅེས་པའི་ཐ་སྙད་)ནི(ལ་ཏིན་གྱི་སྐད་ལས་བྱུང་ཞིང་ཕྱིས་སུ) རྩོམ་ཆོས་ཀྱི་སྒྱུ་རྩལ་དུ་གྱུར། རྩོམ་རིག་གི་ཚིག་དོན་ནི“ཡིག་འབེབ་ལ་བརྟེན་ནས་བཟོས་པའི་མཁོ་ཆོས”ཏེ། སྤྱི་ཡོངས་ཀྱིས་རྩོམ་རིག་ལ་རྣམ་པ་རྟོག་སྤྲོས་ཅན་དང་དངོས་བྱུང་ཅན་གཉིས་དང་གཞན་ད་དུང་ཐབས་རྩལ་སྙན་ངག་ཅན་དང་ལྷུག་རྩོམ་ཅན་གཉིས་སུ་དབྱེ་ནས་མང་ཤོས་ཀྱིས་སྡེ་ཚན་དེ་ལྟར་བགར་འདུག”ད་དུང་དེ་མ་ཐག་ཏུ་གསལ་བཤད་ཀྱི་ཚུལ་དུ་(ཞེས་འཁོད་པ་དག་ཐད་བསྒྱུར་བྱས་ཡོད།)ཅེས་བཤད་འདུག འོན་ཀྱང་། དོན་ངོ་མར་རང་ཉིད་ཀྱིས་རང་ཉིད་ཀྱི་ཚད་གཞི་གང་ཞིག་ཏུ་ཡོད་མེད་མི་ཤེས་པའི་གྲོགས་པོ་ཁྱོད་ཀྱིས་ཐ་ན(ཡི་གེ(Letter) ཕྱིས་སུ(Later) གཉིས་ཀྱི་ཁྱད་པར་ཡང་མཁྱེན་ཡོད་ཚོད་མི་འདུག་པ་ནི་བསམ་བློ་རེ་བཏང་ཚེ་སྙིང་ཡང་རྗེ་བ་ཞིག་རེད།
དེ་བཞིན་ཁོས་ཐད་བསྒྱུར་བྱས་ཡོད་ཅེས་པའི་སྟོང་གཏམ་གྱི་འོག་ཏུ་ཡི་གེ་ལས་བྲིས་པའི་རྩོམ་(things made from letters)ཞེས་པའི་ཚབ་ཏུ“ཡིག་འབེབ་ལ་བརྟེན་ནས་བཟོས་པའི་མཁོ་ཆོས”ཞེས་ཐ་ན་སྐབས་དེའི་(Things Made)ཞེས་པའི་དོན་ཡང་ “བཟོས་པའི་མཁོ་ཆོས”སོགས་སུ་བསྒྱུར་བ་ནི་གཏམ་དཔེར་སྤྲེའུ་རྐུབ་དམར་གྱིས་གཞན་གྱི་རྐུབ་ལ་བལྟས་ནས་འཕྱ་བའི་དཔེ་གསོན་པོ་རང་དུ་སོང་འདུག་གོ།།
ད་དུང་དེ་ལས་ཀྱང་ཧ་ལས་པ་ཞིག་ནི་རང་གྲོལ་དྲ་བའི་ཁྲོན་པའི་ནང་དུ་ཁ་ཕོ་གནམ་ལ་མི་ཤོངས་མཁན་དེའི་ཐ་ན་ལྷུག་རྩོམ་སྙན་ངག་ཡིན་མིན་ཙམ་ཡང་ཤེས་ཀྱིན་མེད་པ་འདྲ། ཁོས་སྐབས་འདིར (two major techniques—poetry and prose) ཞེས་པར་བོད་ཡིག་ཏུ་“གཞན་ད་དུང་ཐབས་རྩལ་སྙན་ངག་ཅན་དང་ལྷུག་རྩོམ་ཅན་གཉིས་སུ་དབྱེ་ནས་མང་ཤོས་ཀྱིས་སྡེ་ཚན་དེ་ལྟར་བགར་འདུག”ཅེས་་བསྒྱུར་འདུག་པས་ངས་གསལ་བཤད་མ་བྱས་ན་ཡང་དཔྱོད་ལྡན་ཞིག་གིས་གཟིགས་ཚེ་ཁ་ཤས་ཀྱི་སྨྱུ་གུ་དེ་རང་མགོ་རྡུང་བྱེད་ཀྱི་ཐོ་བ་རུ་ཆགས་ཡོད་པ་གསལ་གསལ་ཐིང་ཐིང་རེད།
དེའི་རྗེས་སུ་རིམ་བཞིན། ལོ་རྒྱུས་རིག་རྩལ་གྱི་བརྩམས་ཆོས(the art of historical writing)ཞེས་པར་ “ལོ་རྒྱུས་རྩོམ(བརྩམས)་ཆོས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཕུལ་བྱུང་སྤྱད་ཅིང་།”ཞེས་བསྒྱུར་གནང་འདུག ཞིབ་མོར་གཟིགས་དང་ལག་རྩལ་མེད་པའི་རྡོ་བཟོ་བས་མཁར་ཁང་བརྩིགས་པ་ལྟ་བུའི་ཚིག་གི་སྡེབ་སྦྱོར་ཆག་པོ་དེ་གུ་ཡངས་བཏང་ནས་དོན་གྱི་དཀྱུས་ལ་བལྟས་ན། ཁྱེད་ཀྱིས་ཨིན་ཡིག་མ་ཡིག་ཏུ་ཟུར་ཙམ་ཡང་གསལ་མེད་པའི་“མཚོན་ཐབས་ཕུལ་བྱུང་སྤྱད་ཅིང་”ཞེས་རང་ཉིད་ཀྱི་ཞེ་འདོད་སྒྲུབ་བྱེད་ཀྱི་ཚིག་སྡུམ་འདི་དག་ཁ་སྣོན་བྱས་པའི་ཉེས་པ་དེ་སུས་འཁུར་དགོས་སམ། གལ་སྲིད་།ཚིག་འདིས་བསྟན་ཡོད་སྙམ་པ་ཡོད་ན་སྟོན་ཤོག་དང་དགའ་བསོ་ཡོད་དོ།།
དགུ་རོང་བ་ཁྱོད་ཀྱིས་དོན་ངོ་མར་ཨིན་ཡིག་གི་རིག་རྩལ་(Art)དང་སྒྱུ་རྩལ་(Arts)གཉིས་ཀྱི་ཁྱད་པར་ཙམ་ཡང་མ་ཤེས་པར། ཨ་མ་དང་མནའ་མ་ནོར་ནས་འགྲེལ་བཤད་བསྐྱོན་ཏེ་རང་ཉིད་ཀྱིས་རྩྭ་མ་ཟོས་པར་ལྕི་བ་གཏོང་འདོད་བྱེད་ཀྱིན་འདུག་སྟེ། གལ་སྲིད། ཁྱེད་ལ་ལོ་རྒྱུས་རིག་རྩལ་གྱི་བརྩམས་ཆོས་ལས་ལོགས་སུ་དགར་བའི་ལོ་རྒྱུས་བརྩམས་ཆོས་རེ་བཤད་རྒྱུ་ཡོད་ན་གསུངས་རོགས་དང་གཅིག་བྱས་ན་འཛམ་གླིང་འདིར་ཁྱེད་ཀྱིས་མེད་པ་ཞིག་ཡོད་པར་བཟོས་ནས་དུས་རབས་ཀྱི་གསར་བཏོད་པ་ཞིག་ཏུ་ཆགས་སྲིད་ནའང་ཐང་།
ཡང་ཁྱེད་ཀྱིས་“རླབས་ཆེ་བའི་ལོ་རྒྱུས་རྩོམ(བརྩམས)་ཆོས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཕུལ་བྱུང་སྤྱད་ཅིང་་་་་།ཞེས་གང་དེའི་སྒྱུ་རྩལ་གྱི་སྟེང་ལ་བབས་ཡོད་པ་མ་ཡིན་ནམ།” ཞེས་གོང་དུ་ངས་བཤད་ཟིན་པ་བཞིན་མ་ཡིག་ཏུ་མེད་པ་ཞིག་རང་གི་འདོད་མོས་བཞིན་བསྣན་པ་མ་ཟད་ད་དུང་མི་ཤི་བའི་རོ་ཐོག་ཏུ་བྲོ་རྡུང་ཞེས་པའི་དཔེ་ལྟར་ “གང་དེའི་སྒྱུ་རྩལ་གྱི་སྟེང་ལ་བབས་ཡོད་པ་མ་ཡིན་ནམ།”ཞེས་བྲིས་འདུག གྲོགས་པོ་ལགས། དུས་ནམ་ཞིག་ལ་ཁྱོད་རང་འདི་འདྲའི་ཡི་གེ་བ་ཧམ་ཆེན་ཞིག་གམ་ཡང་ན་རྫུན་རྐྱལ་ཞིག་ཏུ་ཆགས་སོང་བ་རེད། བོད་མིའི་ཁ་དཔེར། “མིར་ངོ་ཚ་མེད་ན་ཁྱི་ཡིན། ཁྱིར་རྔ་མ་མེད་ན་འདྲེ་ཡིན།”ཟེར་བའི་གཏམ་དཔེ་དེ་དག་གིས་དངོས་སུ་མིང་གིས་མ་བཟུང་བ་མ་གཏོགས་ཡི་གེ་བ་ཧམ་ཆེན་ཁྱོད་ཚོས་རིགས་ལ་དམིགས་ནས་བཟོས་པ་ཡིན་པ་ཐག་གིས་ཆོད།
ཁྱོད་ཀྱིས་བཤད་པ་བཞིན་གདོང་འབག་དམར་བཤུ་བྱས་པའི་རྩོམ་ཡིག་འདི་ཉིད་གཟའ་སྤེན་པའི་མཚན་མོའི་ངལ་གསོའི་དུས་ཚོད་སྤྱད་ནས་ཤར་མར་བྲིས་པ་ཡིན། གལ་སྲིད། ཧམ་པ་ཁོ་ན་བཤད་ནས་ཤེས་ཡོན་པའི་སྡེ་རུ་ཁྱིམ་གཞི་འཛིན་ཐུབ་པའི་ཁྲོན་པའི་ནང་གི་འཁྲུལ་སྣང་དེ་ཡོད་ན་མུ་མཐུད་དུ་ཕྲིས་དང་རྩམ་པ་དང་ཕྱེ་མ་གང་ཡིན་མགྱོགས་པོར་ལྷང་ལ་འབུད་ངེས་ཡིན། གཞན་སྔ་དགོང་གི་ཁ་འདོན་ཚབ་ཏུ་ “བློན་པོ་སྨྲ་བ་ཉུང་ན་མཛེས།”ཞེས་པའི་བླ་མ་གོང་པའི་ལེགས་བཤད་དེ་ཕྲེང་སྐོར་ཁ་ཤས་རེ་གསོག་རོགས་ཤེས་གསལ་འདེབས་ཙམ་ཡང་ཤོར་དུ་ཐལ་ལོ།།
ངོ་མ་དགུ་རོང་བ་ལགས་ཀྱི་རྩོམ་དེ་ལ་ལྟ་ཉན་ཞིག་མི་འདུག མི་དགོས་པའི་དབྱིན་ཡིག་མང་པོ་ཞིག་བསྲེས་ནས་འབྲི་ཁུལ་བྱས་པ་དང་། དེ་དག་ནི་ཐ་ན་སྒྲ་ཀློག་ཀྱང་མི་ཤེས་པ་ལྟ་བུར་གྱུར་འདུག དཔེར་ན། Greek ལ་ཀེ་རེ་སི་དང་། Homer ལ་ཨོ་མར་སོགས་སུ་བྲིས་པ་དེ་ཁྱད་མཚར་རེད།
སྤྱིར་ན་དབྱིན་སྐད་ཀྱི་art ཞེས་པའི་མིང་ཚིག་དེ་ལ་ཡང་ཚང་མས་སྒྱུ་རྩལ་ཞེས་པའི་ཟུར་གཉིས་ལྡན་པའི་ནང་དོན་ཅན་ཞིག་ཡིན་པར་བསམ་འདུག art ཞེས་པ་དེ་བོད་སྐད་དུ་བསྒྱུར་ན་སྐབས་ཕལ་མོ་ཆེར་ཐབས་དང་། ཐབས་ཇུས། རྩལ་སོགས་ལ་འཇུག་པ་ལས་སྒྱུ་ཞེས་པའི་ནང་དོན་མེད། སྒྱུ་ཞེས་པ་དེ་ནི་སྒྱུ་མ་དང་། གཡོ་སྒྱུ། སྒྱུ་ཐབས་སོགས་ལ་འཇུག་པས་art ཡོད་ཚད་སྒྱུ་རྩལ་དུ་བསྒྱུར་ན་མི་བཟང་། རྒྱལ་བ་རིན་པོ་ཆེའི་གསུང་དེབ། Art Of Happinessཞེས་པ་དེ་ཡང་བདེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་སུ་བསྒྱུར་བ་ཅུང་འགྲིགས་མེད། དེ་ནི་བདེ་སྐྱིད་ཐོབ་པའི་ཐབས་རྩལ་ཞིག་གམ་ཐབས་ལམ་ཞེས་སུ་བསྒྱུར་དགོས་པ་ལས་སྒྱུ་རྩལ་ཞེས་བསྒྱུར་ན་བོད་སྐད་སྟེང་ན་གོ་རྒྱུ་ཅི་ཡང་མེད། བོད་སྐད་ཀྱི་སྒྱུ་རྩལ་ཞེས་པ་དེ་ནི་མཛེས་བཅོས་ཀྱི་རྩལ་ཞེས་པའི་དོན་ཙམ་ཡིན།
ཨོ་་་་དགུ་རོང་དང་འཆི་མེད་གཉིད་ཀ་འཇིག་གི་
འབྲོང་རི་དམར་ར་སྤང་ལ་བརྡར།
སྟག་དམར་ཡག་མཆེ་བ་བྲག་ལ་བརྡར།
ད་ཆོག་ཐལ། སྒོ་ཤེར་ཟེར་བ་ཀིརྟི་དགོན་པར་ངན་སྨད་དང་གསོན་བསྲེག་མཁན་ལ་སྡང་ཞུགས་ཀྱིས་ཁོ་རང་དགོན་ནས་རྒྱང་ཕུད་བཏངས་ཀྱང་སེམས་དཔའ་ཆེན་པོས་སྙིང་རྗེས་རྗེས་འཛིན་གྱིས་བྱ་དགའ་ལ་ཁོས་དྲིན་ལན་ལོག་མཇལ་བྱས་ན་དེ་མིན་ཅི་ཞིག་ཡོང་། བལྟས་ངན་དགུ་རོང་རེད། ཐལ་ལྕགས་ཕར་ཚུར་བཞུར་བ་དང་ཁུ་ཚུར་དེ་ནས་དམར་འཛིང་ལས་ཅི་ཡོད་ནི་མ་རེད། དེས་ན་ཚོགས་ཆུང་གིས་ཁ་གསལ་ངེས་པར་དགོས་ཀྱིན་རེད་དྲན།
ཀླུ་སྨྱོན་དང་དཔལ་ཆེན་གཉིས་་ཀྱི་ཁྱི་སྤྱང་ལག་འབྲེལ་གྱི་བྱ་དགའ་དེ་སྒོ་ཤེར་མི་་ལེན་པ་དེ་དོན་དངོས་ལ་འཐད་སྙམས།
གཞན་ལ་ཁྱི་སྤྱང་བརྗོད་སྟངས་ལ་བལྟས་ན་ཉི་གྲོང་གི་ནང་ལྟོ་ཕྱི་ལ་སྟོན་འདུག་ག
སྤྱིར་སྒོ་ཤེར་ཀྱིས་ཀླུ་སྨྱོན་གྱི་ཡོན་ཏན་མ་ཤེས་པ་དང་རྩོམ་རིག་བྱ་དགའ་རྒྱུད་རིམ་མ་ཤེས་པའི་སྐྱོན་རེད། མ་ཚད་ཁོས་སྙན་ངག་ལྟ་ཅི་བརྡ་སྤྲོད་ཀྱང་མི་ཤེས་པར་གསལ་བོ་བསྟན་འདུག བོད་མཁས་པས། གངས་ལྗོངས་བསིལ་བའི་རེག་བྱས་དབྱངས་ལྷ་མོ།།གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ།།དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ།།ལེན་པའི་ཟོལ་གྱིས་བག་ཕབ་གནས་སམ་སྙམ།། སུམ་རྟགས་ལས།བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།རིག་བྱེད་སྨྲ་བ་རྣམས་ཀྱི་རྣམས་ཀྱི་རྒྱུ།།མིང་ཚིག་བརྗོད་པ་ཀུན་གྱི་གཞི།།ཡི་གེའི་སྦྱོར་བ་བཤད་པར་བྱ།།འདི་གཉིས་ནི་རྩོམ་རིག་ལ་གོ་བ་ལོན་ཆེད་སྟབས་བདེའི་དཔེ་དྲངས་པ་ཡིན་པ་ཐོག་མར་ཤེས་པར་གལ་ཆེའོ།
ད་སྐུ་མཁྱེན། ཁྱེད་ཚོས་ཕར་ཚུར་ཐལ་ལྕགས་ཚ་བོ་གཞུས་རེས་མ་བྱེད་གྲོགས། ཁྱེད་ཚོའི་འགྲམ་པ་དང་རྐུབ་ཚ་ཡི་ཡོད་མེད་ནི་གང་ཤེས། ང་ཚོའི་ངོ་ནི་ཚ་ཡི་འདུག
འཆི་མེད་ཟེར་མཁན་དེར་ཐུགས་རྗེ་ཆེ།
གཞན་བོད་ནང་གི་ད་ལྟའི་ཁོའི་ཡན་ན་གནམ་ལས་མེད་འདོད་མཁན་གྱི་མགོ་སྟོང་འདི་ཚོར་ཐལ་ལྕག་ཚ་བོ་རེ་མ་དབྲབ་ན་འདུག་མི་ཤེས་ཁོ་ཐག་རེད། སྲོལ་རྒྱུན་དང་དེང་རབས་ཟུང་གི་གཞུང་ལུགས་གང་ལའང་སྦྱོང་མི་དགོས་པར་ཚོད་ཚོད་ལ་རྩྭ་མ་ཟོས་པར་ལྕི་བ་གཏོང་མཁན་འདི་ཚོ་ཨ་ཁ་མ།
གང་ལྟར་ཀླུ་སྨྱོན་གྱིས་ཁ་ཞིག་གྲག་རན་རེད་འདོད
གང་ལྟར་ཡིག་ལན་ནམ་དགག་ལན་འདི་སྤོབས་པ་མཐའ་ཡས་ཞེས་པའི་མིང་ཅན་དེས་འབྲི་དགོས་ནི་རེད། ཚུར་འགྲམ་ལྕམ་ཚ་བོ་བཞུས་ན། ཁོས་རྩོམ་འདིས་མཇུག་ལ་མཆན་ཞིག་རྒྱབ་ནས་ཁ་ནང་མཛུབ་མོ་བཅུག་སྡད་འདུག་ཀ།
སྤུན་གྲོལ་རྩོམ་འདི་ཡང་དྲ་ངོས་སུ་འགོད་འོས།
ངའི་རྐུབ་ལ་འབྱར་བའི་འཆི་མེད་སྤྲུལ་སྐུ་ཚང་།
http://www.rdrol.net/node/806
སྤུན་གྲོལ་ཡམ་རྒྱུག་བྱས་ན་འཇུག་འབྲས་དེ་ལས་མེད།
ཧ་ཧ་ཧ་་་་་་writer དང་ author གཉིས་ཀྱི་དབྱེ་བ་སོ་སོས་ཀྱང་ཤེས་ཀྱི་མི་འདུག་ག་་་