བར་ཕུ་ཕུན་ཚོགས།
ཀ་ཡེ་གསོན་དང་སྙིང་ཉེའི་སྤུན་གྲོགས་ཚོ།།
ཁ་སེམས་མཐུན་པའི་སྙིང་གཏམ་ཚིག་གསུམ་ཞུ།།
ག་ནས་བལྟས་ཀྱང་དཀའ་ངལ་ཡོད་ཙ་ན།།
ང་རྒྱལ་མ་ཆེ་མདོ་དོན་གཅིག་ཏུ་བསྒྲིལ།།
ཅ་ཅོ་མང་པོས་གཞན་མགོ་མ་བསྐོར་བར།།
ཆ་ལུགས་འགྲོ་ལུགས་ཤེས་པའི་བུ་བཟང་བཞིན།།
ཇ་ཆང་རྒྱས་སྤྲོས་མཚན་ཚོགས་ཡེ་ནས་སྤང་།།
ཉ་ཉོག་རང་རྒྱལ་དཀའ་རྙོགས་སེལ་ཐབས་བྱོས།།
ཏ་ལའི་བླ་མའི་བཀའ་སློབ་བདུད་རྩིའི་རྒྱུན།།
ཐ་མལ་འགྲོ་བ་ཀུན་གྱི་འགྲན་བཟོད་མིན།།
ད་ལྟ་ཉིད་དུ་བསམ་ཞིང་གཟིགས་པ་ཡི།།
ན་ཚོད་ཆུང་དུས་ཤེས་བྱ་རིག་གནས་སྦྱོངས།།
པ་ཡག་རྩ་བ་གཅིག་པའི་སྤུན་གྲོགས་ཚོའི།།
ཕ་རིའི་གནས་ཚུལ་མཐོང་ན་སྐྱོ་གདུང་གིས།།
བ་མོ་སྙིང་ལ་བབས་འདྲའི་གྲང་སྣང་སྟེར།།
མ་ཡུམ་སེམས་ན་ཡིད་ཚེ་བསམ་གཞིགས་གྱིས།།
ཙ་གི་ཙི་གིར་འཁྲུལ་སྣང་མང་དྲག་ན།།
ཚ་བའི་རོང་དུ་མི་ཚེ་རྫོགས་ཉེན་ཆེ།།
ཛ་ཛོར་དཀོན་པའི་རང་ཡུལ་གངས་ལྗོངས་སུ།།
ཝ་མོའི་བགྲོད་བཞིན་ལོག་པའིི་དུས་ལ་སོམས།།
ཞ་ཞོར་ཀུན་ཏུ་རྒྱུ་འབྲས་མ་མཐུན་པའི།།
ཟ་འདོད་ཁོ་ནས་ཟ་རྒྱུ་མི་འབྱོར་བས།།
འ་ག་ལས་ལ་མི་བརྩོན་སྐྱུགས་བྲོའི་གཤིས།།
ཡ་རབ་མིན་པས་རིང་དུ་སྐྱུངས་ཤིགས་ཨང་།།
རྭ་ལྟར་གྱོང་བའི་རྫ་རི་དམར་པོ་ཡི།།
ལ་མོའི་རྒྱབ་ན་སྐྱིད་པའི་ཡུལ་ཞིག་ཡོད།།
ཤ་ཉེ་ལྷན་རྒྱས་མཉམ་དུ་ལོག་པ་ལས།།
ས་ཆ་འདི་རུ་སྡོད་པའི་གནས་མ་ཡིན།།
ཧ་ལས་དགོས་པའི་ལད་ཟློས་མ་བྱས་ཤིང་།།
ཧ་ཧ་དགོད་སྒྲ་གང་ཆེར་མ་བསམ་པར།།
ཧ་ཅང་དྲང་པོའི་ཚུལ་གྱི་སྙིང་གཏམ་འགའ།།
ཧ་རེར་བཤད་པས་རྣ་བ་མ་ཚ་རོགས།།
ཨ་མ་བྱམས་སེམས་ཅན་གྱི་མི་རྒྱུད་ཡིན།།
ཨ་རོགས་མཐུན་བསྒྲིལ་དགོས་པའི་དུས་རབས་ཡིན།།
ཨ་མདོ་གྲང་ཡང་རང་གི་ཕ་ཡུལ་རེད།།
ཨ་རོགས་ལག་གདང་སྦྲེལ་ཏེ་ལོག་ནས་འགྲོ།
ཨ་རི་སྐྱིད་ཀྱང་གཞན་གྱི་ལུང་པ་རེད།།
ཨ་སྒོར་མང་རུང་འཛད་པའི་དུས་ཤིག་ཡོད།།
ཨ་ཇོ་རང་ལ་དབང་བ་རང་ཡུལ་རེད།།
ཨ་རོགས་སེམས་པ་མཐུན་ནས་ལོག་སྟེ་འགྲོ།
ཨ་ཕས་རྒྱལ་ཞེན་དགོས་ཞེས་མདུན་ལམ་བསྟན།།
ཨ་མས་གཞན་ཕན་འགྲུབ་ཅེས་གསོན་ཤུགས་སྤྲད།།
ཨ་ཁུས་མཉམ་འཛོམས་ཉི་མ་སྒུག་ནས་ཡོད།།
ཨ་ཇོར་ཕུགས་བསམ་ཡོད་ན་ལོག་ནས་འགྲོ།
གང་ལ་འགྲོ་དགོས་རེད།
ཕ་ཡུལ་བོད་ལ་ནི་འགྲོ་མི་ཐུབ།།
རྒྱ་གར་ཡུལ་ལ་ནི་ལོག་མི་འདོད།།
གནམ་མཁའ་ལ་ནི་འཕུར་མི་ཐུབ།།
ས་འོག་ལ་ནི་འཛུལ་མི་ཐུབ།།
ད་བྱས་དུས་གང་ལ་འགྲོ་དགོས་རེད་དམ།
ཐབས་ཤེས་ཡོད་རྒུ་དང་དུས་ཡུན་ཇི་ཙམ་འགོར་ནའང་བོད་རང་ལ་ལོག་ནས་འགྲོ་སྙམ་པ་ན། བསམ་སྤྱོད་དང་ངོ་ལྐོག་མཐུན་པས་འབབ་ས་མེད་པའི་བྱ་རྒོད་མཁའ་ལ་འཕུར་བ་དང་། འཚོ་ཐབས་བྲལ་བའི་འབུ་སྲིན་ས་འོག་ཏུ་འཛུལ་པ་ལྟ་བུ་བྱ་མ་དགོས་པར་རང་ཡུལ་རང་ལ་དབང་བ་ཡིན་པས་ལོག་པའི་དུས་མི་ཡོང་བ་ཅི་ལ་སྲིད།