ཐེ་བོ་སངས་རྒྱས།
གྷུ་གྷེལ་ Google,ས་ཁྲའི་འཚོལ་ཞིབ་ནང་ Machu,ཞེས་བཏགས་ན་རང་རེའི་རྨ་ཆུའི་ས་ཆ་མི་རྙེད་པར་ས་སྟེང་ངོ་མཚར་ཅན་བདུན་དུ་གཏོགས་པའི་མཱ་ཆུ་ཕིག་ཆུ་ Machu Picchu, འདི་ཤར་ཡོང་། རྒྱུ་མཚན་ནི་དེ་སྐད་གྲགས་ཆེ་བའི་ཁར་བོད་ས་མང་ཆེ་བར་རྒྱལ་སྤྱིའི་སྐད་བརྡ་དང་བོད་སྐད་ཀྱི་སྒྲ་གདངས་གཉིས་ཀ་མིན་པའི་ཡ་མ་ཟུང་དུ་བྲིས་པ་དཔེར་ན། རྨ་ཆུ་རྫོང་ལ་ Maqu, རྨ་ཁུའུ་ཞེས་དང་། གཙོད་གྲོང་བརྡལ་ལ་ Henzuo, ཧེན་རྫུའུ་ཞེས་བཀོད་པ་ལྟ་བུ་རེད།
འདིར་བརྗོད་འདོད་པའི་མཱ་ཆུ་ཕིག་ཆུའི་རྒྱལ་ཁང་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧྥི་ཁྲི་ 7.970 ft, ཡོད་པའི་ལྷོ་ཨ་མེ་རི་ཁའི་ཕེ་རུ་རྒྱལ་ཁབ་ཀྱི་ཁུ་སི་ཁོ་ Cusco Peru, ཉེ་འཁོར་དུ་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ལ་འཛུགས་སྐྲུན་བྱས་པར་གྲགས། འདི་ཨིན་ཁཱ་རྒྱལ་ཁམས་ཀྱི་ཡང་ཐོག་ཏུ་འཛེང་རྡོ་ལས་སྒྲོམ་གཞི་རྩིག་ཁུང་དང་བཅས་པའི་བཟོ་དབྱིབས་རྣམས་ཧ་ཅང་གྲ་དག་པར་རྡོ་བརྐོས་བརྒྱབས་པ་ཤ་སྟག་ཏུ་སྣང་།
དེ་ལ་སྡེ་ཚན་ཆེན་པོ་གསུམ་དུ་གྲུབ་ཡོད་པ་ལས་གལ་ཆེ་ཤོས་ནི་བྱིན་རླབས་ཅན་གྱི་མཁར་རྫོང་དང་། གཞི་གདན་གནའ་ཤུལ་གཏེར་མཛོད། ཉི་མའི་ལྷ་ཁང་དག་ཡིན། གཞན་ཁང་མིག་སྒེའུ་ཁུང་གསུམ་ལྡན། ཁྲུས་རྫིང་ཁང་། སྐྱེད་མོས་ཚལ། ཁྲི་མོན། བཙན་མཁར་མཐའ་སྐོར་དུ་མི་མངོན་པའི་འོབས་དོང་སོགས་བཟོས་ཡོད། དེའི་ཨར་ལས་ནི་ཕལ་ཆེར་ཨིན་ཁཱ་ཆེན་མོ་གཉིས་ཀྱི་རྒྱལ་ཐོག་ the two great of Incas, སྟེ། ཕཱ་ཆ་ཁུ་ཐྲེག་ཨིན་ཁཱ་ཡུ་ཕན་ཁུ་ཡེ་ (1438-71) དང་ཐྲུ་ཕག་ཨིན་ཁཱ་ཡུ་ཕན་ཁུ་ཡེ་ (1472-93) རིང་ལ་ཡིན་པར་བཤད།
འདི་ནི་འཛམ་གླིང་སྟེང་ན་ཆགས་ཡུལ་ཆེས་མཛེས་སྡུག་ལྡན་པའི་གནའ་ཤུལ་དེ་ཡིན་ལ། བོར་བརླག་ཤོར་བའི་ཨིན་ཁཱའི་གྲོང་ཁྱེར་ཞེས་འབོད་པར་མ་ཚད་གསང་གནད་འཁྲོལ་དཀའ་བའི་བཙན་རྫོང་ཞིག་ཀྱང་ཡིན། གནས་དེ་ཨི་ཁཱའི་ཆོས་ལུགས་ཀྱི་མྱུ་གུ་འབུས་ས་དང་། སྔོན་རབས་རིག་གནས། འཕྲལ་སེལ་སྲིད་དོན། དཔལ་འབྱོར་དབང་འཛིན་བཅས་ཀྱི་རྟེན་གཞིར་གྱུར། ཁ་ཅིག་ཚོད་དཔག་བྱས་དོན་ལ་ས་ཞིང་རྨོན་འདེབས་ཚོད་ལྟ་བྱེད་ཡུལ་དང་། ལ་ལས་རྒྱལ་པོའི་ཁབ་དེ་ནི་ཨིན་ཁཱ་གོང་མ་རིམ་པའི་གསེར་ཁྲི་མངའ་གསོལ་གྱི་ཆེད་དུ་བསྐྲུན་པར་སྐད། ཕྱིས་ཀྱི་དྲན་ཐོ་ཞིག་ཏུ་འདི་ལ་ཕིག་ཆོ་ Piccho, ཞེས་འབོད་པར་བཤད་མོད་སྔོན་གྱི་ཡིག་ཚགས་རྙིང་པའི་ནང་དེ་འདྲ་མ་ཁོད་པས་ཡིད་རྟོན་མེད་པར་བཤད།
1572 ལོར་ཡུལ་འདི་སི་ཕན་ Span, གྱིས་དབང་བསྒྱུར་འགོ་ཚུགས། དེའི་ཡར་སྔོན་ཙམ་ལ་ཡུལ་མི་མང་ཆེ་བ་པགས་ནད་smallpox, ཀྱིས་ཤི་གོད་བྱུང་ཡོད་ལུགས་ཡུལ་སྐོར་བ་དག་གིས་བརྗོད། ཡིན་ནའང་སི་ཕན་གྱི་དབང་སྒྱུར་བ་སླེབས་པའི་དུས་སྐབས་བར་ལོ་ངོ་བརྒྱ་ཕྲག་རིང་གོ་མེད་ཚོར་མེད་དུ་ལུས། ཨིན་ཁཱའི་རྒྱལ་ས་ཁུ་སི་ཁོ་ Cusco, ནས་འདིའི་བར་སྤྱི་ལེ་བརྒྱད་ཅུ་ཙམ་ལས་མེད་ཀྱང་མཐའ་འཁོར་ནགས་ཚལ་སྟུག་པོས་བསྐོར་བས་མ་རྙེད་པ་ཡིན་ནམ། གང་ལྟར་དབང་བསྒྱུར་དཔུང་གིས་གཞན་དག་གཏོར་བཤིག་བཏང་བ་ནང་བཞིན་འདི་ལ་གོད་ཆག་བྱུང་མེད།
སྔོན་གནའ་རྫས་རྟོག་ཞིབ་རིག་པའི་མཁས་པ་ཇོན་ཧོ་ལན་ཌི་རཱོ་ཝེ་ John Howland Rowe, སོགས་ཀྱིས་མཱ་ཆུ་ཕིག་ཆུ་ནི་ཨིན་ཁཱ་གོང་མ་ཕཱ་ཆ་ཁུ་ཐྲིའི་ Pachacuti, རྒྱལ་ཁང་ཡིན་པའི་ར་སྤྲོད་བྱས། 1911 ལོའི་ཟླ་བ་བདུན་པའི་ནང་ཡ་ལེས་སློབ་གྲྭ་ཆེན་མོའི་ Yale University, ལོ་རྒྱུས་སྨྲ་བའི་སློབ་དཔོན་ཨ་རི་བ་ཧི་རམ་བྷིན་གྷམ་ Hiram Bingham, ལ་ཡུལ་འདིའི་ཕྲུ་གུ་ལོ་བཅུ་གཅིག་ཅན་ཕཱ་བྷིལ་ཐྲོ་ཨལ་ཝར་ཛིའི་ Pablito Alvarez, ལམ་ཁྲིད་ལ་བརྟེན་ནས་མཱ་ཆུ་ཕིག་ཆུ་གསར་རྙེད་བྱུང་བས་མཁས་པ་དག་ལ་ཁྱབ་བསྒྲགས་བྱས།
ཧི་རམ་བྷིན་གྷམ་ནི་སི་ཕན་པས་དབང་བསྒྱུར་བའི་དུས་མཇུག་གི་ཨི་ཁཱའི་དཔུང་གཉེན་རེད་ཟེར་ཆོག ཁོས་གནའ་རྫས་ཞིབ་འཇུག་ཐད་སློབ་སྦྱོང་དང་འབྲེལ་ལོ་ངོ་དུ་མའི་འགྲུལ་བཞུད་ཁྲོད་ཡུལ་དེར་ས་དཔྱད་དཔྱིས་ཕྱིན་པ་བྱས་ཤིང་ཨིན་ཁཱའི་སྐོར་ལ་ལས་དོན་སྒྲུབ་ཞོར་དེབ་འགའ་ཡང་བྲིས་ཡོད། 1983 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས་(UNESCO) འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ས་རུ་བདམས་ཡོད་པ་བཅས་སོ།།
རྒྱ་མིས་ཆིང་ཧའི་ཞིང་ཆེན་དང་རྨ་ཆུ་སོགས་ཆ་ཡོད་ཚད་ལ་དབྱིན་སྐད་དུ་Q བྲི་སྲོལ་འདུག དཔེར་ན་Qinghai དང་ཁྱེད་རང་གི་གསུངས་པ་ལྟར་Maqu སོགས་རེད། དེ་ལ་མ་དག་པ་རེད་ཟེར་ན་མི་འགྲིག གང་ཡིན་ཟེརན་དབྱིན་ཇི་ཁོ་རང་ཚོས་བེད་སྤྱོད་ད་ག་རང་བཏང་གི་འདུག
བོད་ཀྱི་ས་ཆ་རྨ་ཆུའི་མིང་དེ་ Maqu ཞེས་རྒྱ་ཡིག་གི་ཕིན་ཡིན་拼音ནང་བྲིས་པ་ལས་དབྱིན་ཡིག་གི་སྒྲ་གདངས་ནང་བྲིས་ཡོད་མ་རེད། བོད་ས་ཡོངས་རྫོགས་རྒྱས་དབང་སྒྱུར་བྱས་པའི་རྐྱེན་གྱིས་བོད་ཀྱི་ས་ཆ་ཚང་མའི་མིང་རྣམས་ཕིན་ཡིན་拼音ནང་བྲིས་ཡོད་རེད། ཕྱི་རྒྱལ་པ་ཚོས་ཀྱང་དེ་ག་རང་འབྲི་གི་འདུག
ཁྱེད་རང་གིས་རྒྱུན་དུ་ང་ཚོར་ས་ཆ་མིང་གྲགས་ཅན་རྣམས་ངོ་སྤྲོད་གནང་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
ཡུལ་སྐོར་བ་གྲགས་ཅན་ཞིག་གི་སྐྱེ་བ་ལེན་ཤག་རེད། དེ་མིན་ཡུལ་སྐོར་བ་གྲགས་ཅན་ཅིག་གི་རྣམ་ཤིས་ཡིན་པ་འདྲ། ཡུལ་སྐོར་བའི་ནང་ན་ལྷང་ངེ་ཡོད་པ་ནི་ཐེ་བོ་སངས་རྒྱས་རེད།
ཡུལ་ལུང་ངོ་སྤྲོད་འདི་ཚོ་བཤད་འབྲི་དང་ཉན་འབྲི་བྱེད་ནིའི་མྱི་ཟིག་མ་རེད་འདོད། དངོས་མཐོང་བདེན་རྟགས་ལ་ཕབས་པའི་ཡུལ་སྐོར་བ་ཞིག་ཡིན་པ་འདྲ་པོ་མི་འདུག། དེ་འདྲ་ཡིན་ན། ཡིག་ཆ་འཚོལ་བསྡུ་བྱེད་སའི་མ་ཁུངས་གི་འབྲེལ་ཐག་བཀོད་དགོས་པ་རེད། དེ་མིན། རྐུན་མ་བློ་མི་དྲང་པའི་གྲལ་ལ་འགྲོ་འཇུག་གི་རེད། ཡིག་རྐུན་པ་ཚོ་ལ་ཡང་ཁྲིམས་ཡོད་རེད།
གཅིག་བྱས་ན་མང་པོ་ཞིག་གིས། ང་ལ་འདི་རྣ་བར་མི་འགྲོ་བའི་སྐད་ཆ་རེད་སྲིད། དེ་ལྟར་འདོད་ན། དེ་ག་རང་ཡིན།
ཁ་འདུག་མ་ཐུབ་ཐལ། དེ་འདྲ་མིན་ན། ལ་བཅོས། ཐེ་བོ་སངས་རྒྱས་སངས་རྒྱས་རང་གི་རྣམ་པས་སྐུ་རླུང་མི་བཞེང་བར་ཤོག།
བོད་པ་རྣམས་ལྷ་ཁང་དང་མཆོད་རྟེན་ལྟ་བུ་མིན་ན་གཞན་པ་སྣང་བར་མི་གཏོང་། དེར་བརྟེན་ལོ་རྒྱུས་ཀྱི་རིན་ཐང་བྲང་བའི་བཙན་པོའི་བང་སོ་དང་རྡོ་རིང་སོགས་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ་བར་སེམས།
ལོ་ཤས་སྔོན་ངས་ཨིན་ཁ་རྒྱལ་ཁམས་ཉམས་རྒུད་དུ་ཕྱིན་པའི་རྩོམ་ཐུང་ཞིག་དབྱིན་ཡིག་ནས་བོད་བསྒྱུར་བྱས་པ་ཡང་མཇུག་བོར་བརླག་ཏུ་ཤོར་འདུག གཤམ་དུ་གཟིགས།
http://tibettimes.net/blogs.php?id=62&post_id=2940
མཱ་ཆུ་ཕིག་ཆུ་རྒྱལ་ཁང་གི་སྐོར་ལ་རྩོམ་ཡིག་སྤྲེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཞབས་ཀླུ་སྨྱོན་ལགས་ཀྱི་ཨིན་ཁཱའི་སྐོར་གྱི་བསྒྱུར་རྩོམ་དེ་ཀློག་རིན་ཡོད་པ་ཞིག་རེད་བཞག ཡིན་ནའང་བསྒྱུར་གཞིའི་ཤོག་ལྷེ་མཐའ་མ་བོར་བརླག་ཤོར་བས་རྩོམ་མཇུག་མེད་པས་ཕངས་པ་ལ། དེ་ད་དུང་རྙེད་མ་བྱུང་ངམ་ག་འདྲ་སེ་བོར་སོང་།
བརྩམས་སྒྲུང་དང་གློག་བརྙན་ལ་ལའི་མཇུག་གི་བྱུང་བ་རྐང་བཙུགས་ནས་གསལ་པོ་མེད་པའི་ངང་མཇུག་བསྡུས་པ་དེ་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཡིན་པར་བཤད། ཀླུ་སྨྱོན་གྱིས་ཤོག་ལྷེ་གཅིག་བོར་ནས་ལོ་བཞིའི་རིང་མ་རྙེད་པ་འདི་སྒྱུ་རྩལ་གྱི་སྐད་ཆ་ཞིག་ཡིན་གྱི་མ་རེད་པཱ།
ལོ་ལྔའི་སྔོན་དབྱིན་ཇིའི་སློབ་གྲྭ་ཞིག་ཏུ་ཕྱིན་སྐབས་ཉིན་ཞིག་དགེ་རྒན་གྱིས་ཤོག་ལྷེ་གཉིས་སྤྲད་དེ་དེའི་ནང་དོན་འགྲེལ་བཤད་བརྒྱབ་བྱུང་། ཉིན་དེ་བར་དུ་ཨིན་ཁའི་སྐོར་ཅི་ཡང་ཤེས་རྟོགས་མེད། ཤོག་ལྷེ་དེ་གཉིས་ཀྱིས་ཨིན་ཁའི་སྐོར་གྱི་མིག་ཕྱེས་ཏེ་ཡུའུ་ཁྲོབ་དང་སྒོ་སྒལ་སོགས་སུ་ཨིན་ཁའི་སྐོར་བཙལ་པ་ཡིན་ལ། དཔྱད་གཞིའི་རྒྱུ་ཆ་ཡང་གང་འདོད་དུ་རྙེད་བྱུང་། དགེ་རྒན་གྱིས་སྤྲད་པའི་ཤོག་ལྷེ་དེ་གཉིས་དབྱིན་བསྒྱུར་བྱས་ནས་ངའི་ཟིན་བྲིས་ཆུང་ཆུང་ཞིག་ཏུ་བཞག་ཡོད་ཀྱང་རྗེས་སུ་ཟིན་བྲིས་ལ་བདག་པོ་མ་བརྒྱབ་པས་དྲ་ཚིགས་དེས་ཟིན་ཕྲན་དེ་སྒོ་བརྒྱབ་འདུག དེ་བས་བཙལ་བཙལ་མཐར་ཡང་སྐྱར་ཤོག་ལྷེ་གཅིག་རྙེད་བྱུང་བ་སླར་ཡང་བོད་ཡིག་ཏུ་བསྒྱུར་པ་ཡིན། ཤོག་ལྷེ་མཐའ་མ་དེའི་ངོས་སུ་ཡོ་རོབ་ནས་བསླེབས་པའི་སི་པན་པ་ཚོས་ཇི་ལྟར་ཨིན་ཁ་རྒྱལ་པོ་དམར་བསད་བཏང་སྟེ་ཨིན་ཁ་པ་ཚོར་དབང་བསྒྱུར་བྱས་ལུགས་འཁོད་འདུག དེ་ནི་རང་རེའི་ལོ་རྒྱུས་དང་འདྲ་སེ་ཞིག་འདུག
ཟིན་བྲིས་ཆུང་ཆུང་དེའི་ནང་ནས་ད་དུང་ཤོག་ལྷེ་བཞི་ཅུ་ཅན་གྱི་དབྱིན་སྒྲུང་སྙན་མོ་བརྗོད་བྱ་གནའ་སྔ་མོའི་ཨ་རིའི་ཨིན་སྒྲི་ཡན་མི་རིགས་ཀྱི་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་བ་དང་ཁོ་ཚོའི་ཚོ་ཁག་བར་གྱི་དམར་འཛིན་ཡིན་པ་ཞིག་བོད་བསྒྱུར་བྱས་པ་ཡང་བོར་བརླགས་སུ་ཕྱིན་སོང་། སྒྲུང་དེའི་བོད་འགྱུར་གྱི་ཤོག་ལྷེ་ཚོ་ད་དུང་ལག་ཏུ་ཡོད་ཀྱང་གློག་ཀླད་ནང་གཏགས་རྒྱུར་ལེ་ལོས་མི་ལྕོགས་ཀི
སྒྲུང་སྙན་མོ་ཞིག་གློག་ཀླད་ནང་ཡི་གེར་བཏགས་རྒྱུ་ལེ་ལོས་ལུས་ཡོད་ན་ང་ལ་སྐུར་ཤོག
དང་ངས་གཏག་ཆོག གླ་ཆ་ཆེན་པོ་མི་ལེན་ཇ་འཐུང་སྤྱད་ཅིག་བྱིན་ན་འགྲིག་ཧཧཧཧཧ
ཨིན་ཁ་དང་མ་ཡ་སོགས་ཀྱི་ལོ་རྒྱུས་ཧ་ཅང་བསྡུས་པ་ཞིག་འདི་ན་འདུག
http://www.ducksters.com/history/aztec_maya_inca.php
འདི་ན་སི་པན་པ་ཚོས་ཨིན་ཁ་རྒྱལ་ཁམས་ཁྲག་ཏུ་བསྒྲེས་པའི་གཏམ་རྒྱུད་ཅིག་གི་གློག་བརྙན་འདུག
PBS Nova The Great Inca Rebellion
googleསོགས་བརྒྱུད་ནས་ས་མིང་འཚོལ་སྐབས་བོད་ཀྱི་ས་ཆ་མང་ཆེ་བ་དབྱིན་ཇིའི་མིང་ཚིག་ནང་མི་རྙེད་པ་བདེན་པ་རེད། རྒྱུ་མཚན་གོང་དུ་དྲ་གྲོགས་ཞིག་གིས་བཤད་པ་བཞིན་རྒྱ་ཡིག་གི་ཕེ་ཡིན་གྱི་གདངས་སམ་རྒྱ་སྐད་ཀྱི་སྒྲ་གདངས་སོར་བཞག་བྱས་བའི་དཀའ་ངལ་རེད། རྨ་ཆུ་ཡི་གེའི་དག་ཆའི་ཁྱད་པར་མ་གཏོགས་མིང་སོར་བཞག་རེད། གཞན་བོད་ཀྱི་ས་ཆ་མང་པོ་ཞིག་ལ་རྒྱ་མིང་བཏགས་ཡོད་པ་རེད། དཔེར་ན་བླ་བྲང་ལ་ཞ་ཧྭོ་རྫོང་ལྟ་བུ་རེད། དྲ་ལམ་ནས་དེ་ལྟར་མ་གཏོགས་བཙལ་ཐུབ་ཀྱིན་ཡོད་པ་མ་རེད། འོན་ཀྱང་གོ་ཐོས་སུ་ཉེ་བའི་ལོ་ཤས་སྔོན་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་མཁས་བ་དང་བོད་པ་མཐོ་རིམ་དཔོན་རིགས་པའི་བཞུགས་མོལ་འཚོགས་འདུ་ཞིག་འཚོགས་ནས་བོད་ཁུལ་གྱི་གྲོང་འཁྱེར་དང་གྲོལ་བརྡལ་མང་པོ། ཐ་ན་རི་བོ་ཆུ་ཆེན་ཟམ་ཆེན། ལམ་དང་ཉག་ཁ་སོགས་ལོ་རྒྱུས་རིང་བཞིན་ཅན་གྱི་ས་ཆ་མང་པོ་ཞིག་ལ་རྒྱ་མིང་སྤྱོད་བཞིན་པ་འདི་འབྱུང་འགྱུར་གྱི་ལོ་ཕྲག་ཞིག་གི་ནང་བོད་པ་རང་གི་རང་གི་ས་ངོ་ཡུལ་ངོ་མི་འཕྲོད་པའི་ཆག་སྒོ་ཆེན་པོ་ཞིག་གི་སྔ་ལྟས་ཡིན་སྟབས་བོད་ཁུལ་གྱི་ས་མིང་ཆུ་མིང་ཐམས་ཅད་བོད་སྐད་ནང་ཡོད་པ་སོར་བཞག་བྱེད་དགོས་བའི་རེ་འདུན་བཏོན་རྗེས་ཀན་ལྷོ་ཁུལ་ཏུ་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཏེ་ས་ཆ་མང་པོ་ཞིག་གི་མིང་རྗེས་འདུག་ཟེར། འོན་ཀྱང་བཙན་བྱོལ་དུ་དཔེར་ན་ཕ་ཡུལ་དྲ་རྒྱ་ལྟ་བུ་ཡིན་ན་བོད་ནང་གི་གནས་ཚུལ་ཅི་ཞིག་བཀོད་ཀྱང་རྒྱ་མིང་རྐྱང་མ་གཏོགས་བོད་མིང་བཀོལ་སྲོལ་མི་འདུག ད་བར་ཨ་མདོ་རྔ་བ་ནས་རང་ལུས་མེ་བསྲེགས་ཀྱི་གནས་ཚུལ་ཅི་ཙམ་བྱུང་ཡོད་པ་ཚང་མ་ཨ་པ་ཞེས་རྒྱ་མིང་ནང་འབྲི་རྐྱང་་བྱེད་བཞིན་འདུག བོད་པ་རང་གིས་བོད་པའི་ས་མིང་ཆུ་མིང་ལ་བོད་མིང་མ་སྤྱད་ན་མི་རིགས་གཞན་གྱིས་མིང་ཅི་ཞིག་སྤྱད་ཀྱང་ང་ཚོར་ཇུས་གཏོགས་མི་འདུག་སྙམ། དཔེར་ན་ཨ་མདོ་རྔ་བ་ཁུལ་མཛོད་དགེ་ཞེས་སྤེལ་ན་ཚང་མས་གོ་བདེ་ཡང་ཕ་ཡུལ་དྲ་རྒྱས་རོར་དགེ་ཞེས་འབྲི་བཞིན་འདུག འདི་དག་ཚང་མ་བོད་པ་རང་གིས་མ་འཁྱོངས་བ་ཞིག་རེད་འདོད།
བོད་ཁམས་ཡོངས་ཀྱི་ས་མིང་དང་ཆུ་མིང་རི་མིང་དང་མཚོ་མིང་དེ་བཞིན་གནས་སའི་མིང་དང་དགོན་པའི་མིང་སོགས་ཐ་ན་མི་མིང་བཅས། གདོད་མའི་བོད་ཀྱི་ཡུལ་སྐད་ཁག་སོར་བཞག་ཐོག་འབོད་དགོས་རྒྱུ་ལས། རྒྱ་གར་སྐད་དང་རྒྱ་ནག་སྐད་སོགས་ཀྱི་མིང་གསར་དུ་བཏགས་ནས་འབོད་བཞིན་པ་འདི་རིགས་ནི་བོད་ཀྱི་ཁུངས་ལྡན་རིག་གནས་རྩ་གཏོར་གཏོང་རྒྱུའི་སྔ་ལྟས་རེད། ཆོས་ལུགས་ཀྱི་བྲན་གཡོག་ཚོས་རྒྱ་གར་གྱི་མིང་བཏགས་ཆབ་སྲིད་བྲན་གཡོག་ཚོས་རྒྱ་ནག་གི་མིང་བཏགས་ནས། ཁྱེད་ཚོས་ཡིད་དུ་འོང་བའི་གདོད་མའི་བོད་ཀྱི་རང་འབྱུང་ཁམས་རང་ལུགས་ཇི་བཞིན་ངོས་འཛིན་བྱ་ས་མེད་པ་བཟོས་ཤོག་ཨ་ཕ་བཟང་གི་བུ་ཚོ། །
བོན་པོ་ལགས་ཀྱིས་གསུངས་པར་རྒྱུ་མཚན་འདུག དེ་བཞིན་ང་ཚོར་བླ་མས་ཆོས་མིང་འདོགས་འགོ་ཚུགས་ནས་བཟུང་རུས་མིང་འདོགས་སྲོལ་ནུབ་པས། དེང་སང་བོད་མིའི་ནང་རུས་རྒྱུད་གང་ཡིན་རྟོགས་དཀའ་བར་གྱུར་ཅེས་ལོ་རྒྱུས་སྨྲ་བ་དག་ཕངས་སེམས་དང་བཅས་བརྗོད།