སེང་གདོང་སྐྱབས།
བརྫུས་སོང་དྲང་བདེན་དེ་རིང་རྡོག་པས་བརྫུས་སོང་།།
སྨྲེངས་སོང་བདག་ཡིད་དེ་རིང་རབ་ཏུ་སྨྲེངས་སོང་།།
གདོང་ཤེལ་དཀར་པོ་ཅན་གྱི་དགེ་བའི་བཤེས་གཉེན།།
ཁ་སྣའི་ལ་རྒྱ་ཙམ་པོས་ང་རང་བརྡབས་སོང་།།
སྒམ་ཚིགས་ཁྲི་ལ་འགྱིངས་བའི་ནང་ཁྲོལ་དེ་ན།།
གཅིན་སྐྱག་རུལ་བའི་དྲི་ལས་གང་ཡང་མི་འདུག
གཞན་ཕན་ལྷག་བསམ་ཟོལ་གྱི་དྲ་ཡོལ་རྒྱབ་ནས།།
བདེན་པ་རྡོག་པས་བརྫུས་བའི་ཞབས་རྗེས་མཐོང་སོང་།།
ཟོལ་བཅོས་འཛུམ་གྱི་ལྕགས་ཀྱུ་ངར་མའི་མཐའ་ན།།
ཉེས་མེད་ཉམ་ཆུང་སྲོག་དབང་རབ་ཏུ་བཀག་འདུག །
ད་དྲུག་ང་ཡིས་བྱས་ཉེས་རྡུལ་ཕྲན་ཙམ་ཡང་།།
ཁྱེད་ལ་གཏད་ཡོད་དོགས་པའི་ཡུལ་ན་མི་འདུག །
གཡོ་སྒྱུའི་ཝ་སྤགས་གྱོན་པའི་མིང་ལྷག་ཁྱེད་ལ།།
ལོག་སོང་དེ་རིང་བདག་གི་དད་པ་ལོག་སོང་།།
ཚེམས་ཕྲེང་དུང་ལ་བསྟར་བའི་ངོ་གདོང་དེ་ལ།།
དེ་རིང་བདག་གིས་མཆིལ་ཞགས་ཤུགས་ཀྱིས་འཕེན་ངེས།།
གནས་ལུགས་རྒྱ་མཚོ་སྤྱན་གྱིས་གཟིགས་ཡུལ་མིན་སོང་།།
དྲང་བདེན་རི་བོ་རྡོག་པས་རྡུལ་དུ་བརླགས་སོང་།།
ཐོབ་ཐང་རྩོད་ལེན་འདྲ་བའི་དབང་ཆ་དེ་ཡིས།།
ས་སྟེང་འབུ་སྲིན་ལྟ་བུའི་དྭ་ཕྲུག་གཅུར་སོང་།།
ནོར་ན་ནོར་བའི་དཔང་རྟགས་མིག་ལ་བསྟན་ཆོག །
ཁྲོ་ན་ཁྲོ་བའི་རྒྱུ་མཚན་སྲོང་བོར་སྨྲས་ཆོག །
ལྐོག་ཇུས་སྙིང་ནད་ལྟ་བུའི་གནོད་འཚེ་འདི་ཚོ།།
བླ་སློབ་ལོ་རྒྱུས་རྫོད་པའི་དུག་མདའ་་ཡིན་སོང་།།
དགུན་རྩ་སྐམ་པོ་བཞིན་གྱི་རྐང་ཐུར་གཅིག་ལ།།
ཐབས་བརྒྱ་ཇུས་སྟོང་སྒྲིག་པའི་དཔུང་འདི་མི་དགོས།།
ཁྲེལ་གཞུང་ཆུ་ལ་བསྐྱུར་བའི་བྱས་ཉེས་འདི་ཡིས།།
དམ་གཙང་གུས་ལུགས་སེམས་ལ་གས་ཁ་ཤོར་སོང་།།
ཕ་མ་བླ་མའི་ཟོལ་གྱི་ས་མཐའི་རྒན་ལགས།།
སྤྱི་བོའི་གཙུག་ཏུ་བདག་གིས་རྟག་ཏུ་བཀུར་ཡོད།།
དེ་རིང་ཤེའུ་ཆུང་རྙེད་ཀྱི་རྒྱ་རུ་ཚུལ་དུས།།
སྐྱག་དྲི་འདི་ཡིས་སྐྱག་དྲི་ཡང་ཡང་བསླངས་སོང་།།
ཚེ་སྲོག་གཅོད་ལ་གཤེད་ཀྱི་སྟ་རེས་རྣོ་ཡང་།།
གོ་ལོག་སྙིགས་དུས་འདི་ཡིས་དེད་ནས་ཡོང་དུས།།
བཀུར་བའི་མི་ཡིས་གབ་ནས་ལྐོག་མདའ་འཕངས་སོང་།།
དྭ་ཕྲུག་བུ་ལོ་འཚོ་བའི་ཡུ་ག་བཅད་སོང་།།
རྒྱལ་སོང་དེ་རིང་ཁྱེད་ཀྱི་ལྐོག་ཇུས་རྒྱལ་སོང་།།
ཕམ་སོང་ནུས་མེད་འབུ་སྲིན་གྲོག་མ་ཕམ་སོང་།།
རིང་ནས་འགྲོགས་པའི་རྒྱུ་འབྲས་རྒྱ་མའི་མདུན་ནས།།
དྲང་བདེན་འཇལ་བའི་གཤིན་རྗེའི་དྲུང་ནས་ལྟ་ཆོག །
ཡུན་ནས་གབ་དང་སྦས་བའི་ཡོལ་བའི་ལྟག་རྒྱབ།།
བསླུ་བྲིད་རྫོང་ལས་མཛེས་བའི་གླིང་ཀ་མི་འདུག །
ད་ནི་ངོ་གདོང་ཕྱི་ལ་ལོག་ཚུལ་མཐོང་སོང་།།
ད་ནི་མི་གཞིའི་རྒྱ་མ་མཐོ་ཚུལ་མཐོང་སོང་།།
སེང་མིང་ཁྱུ་ལ་བཏགས་ནས་ལོ་མང་འགོར་ཡང་།།
སེང་གི་གཡུ་རལ་བསིག་འདྲའི་སྤོབས་པ་ཁྱེད་མེད།།
མི་གཤིས་ཇག་ལ་གོམས་པའི་ལོག་སྤྱོད་མཐའ་ན།།
ཕྱོགས་ཞེན་འཐེན་འཁྱེར་འབའ་ཞིག་ཁྱེད་ཀྱིས་དམིགས་ཡོད།།
ལྟོ་འགྲངས་ཉི་མ་དྲོ་ན་དགེ་བའི་གཟུགས་ཅན།།
ངན་སྔགས་གཞན་ལ་འཚེ་དུས་བདུད་ཀྱི་དཔུང་ཅན།།
འཕྲལ་སེལ་ཉི་ཚེའི་གྲོང་ནས་བསྟན་པ་དར་ཡང་།།
མཐར་ཐུག་བདེན་པའི་མདུན་ནས་གཅེར་བུར་སྲེག་ངེས།།
སྨྱུ་གུ་དམར་པོ་འཛིན་གྱི་ཐོབ་ཐང་ཙམ་པོ།།
གཞན་སྲོག་གཅོད་ཀྱི་སྟ་རེས་ཡིན་ན་སྐྱོ་བ།།
དགེ་རྒན་དགེ་རྒན་ཟེར་བའི་ཚིག་དོན་རླབས་པོ།།
བརླང་སྤྱོད་ཁྱི་འདྲ་ཁྱེད་ཀྱིས་སྐྱོང་འདི་སྨྲེངས་པ།།
མི་ཆོས་ཏོག་ཏུ་བཀུར་བའི་ཨམ་ཕྲུག་སྤྲང་བོ།།
རྡོ་དང་དབྱུག་པས་དེ་རིང་ལན་བརྒྱར་ཕམ་ཡང་།།
ལུང་རིགས་གློག་ཞགས་འཁྱུག་པའི་བདེན་པའི་མཐའ་ནས།།
རང་ཚུགས་གོར་མོ་རྡོ་ཡི་གཤིས་ལུགས་མི་འདོར།།
གཅམ་བུའི་ཚིག་གི་ངོ་བསྲུང་གཤིས་ལ་མི་གོམས།།
འགལ་དང་དོགས་པའི་མགོ་བོ་ཁྱེད་ལ་མི་སྒུར།།
སྒྲོ་སྐུར་ཕྱོགས་ལྷུང་བྲལ་བའི་བདེན་པའི་དྲུང་ནས།།
ཁྱི་རྒན་རུས་པ་སྲུང་ལ་ཞེན་པ་ལོག་སོང་།།
སྐྱོན་མཛུབ་ང་ལ་ཀེར་དུས་དཔའ་གདེང་མཐོ་བའི།།
འདྲི་གཅོད་ཞུ་ཚིག་འཕེན་དུས་སྡང་སྡིག་མོད་པའི།།
ཕལ་བའི་སྐྱེ་བོའི་གྲལ་མཐའི་གྲལ་མཐར་ལུས་པའི།།
བརླང་སྤྱོད་གླིང་གི་གཤིས་ལ་ཨ་ཐང་ཆད་སོང་།།