སངས་རྒྱས་སྐྱབས།
ང་དྭ་ཕྲུག་ཅིག
སྤྲང་ཕྲུག་ཅིག
ཡང་ན ཁྱི་ཕྲུག་བཞིན
མིག་ཅེར་རེ
སྐྱོ་ལྷང་ངེར
མཆི་མ་ཤག་ཤག་ངང
གངས་ལྗོངས་ཀྱི་ས་སྣེ་འདིར་ལངས་ནས
ཆག་འཇིག་ཤོར་བའི་སྙིང་གསོན་པོ་དེ་དང
འཆི་ལ་ཉེ་བའི་རྣམ་ཤེས་རྟ་རྔ་ཙམ་བོ་འདིའི་ཆེད་དུ
ངས་སྐྱབས་འཇུག་ཡང་ཡང་ཞུ
ཕོ་བྲང་ནང་རྨ་ཁ་ཤོར་བས་
གྱེན་ལངས་ཀྱི་ལོ་ཟླ་དེ་ནས
འོད་ཀྱི་སྲུང་དགོས་བྱུང་ལ ཡུམ་ལ་ཡང་བརྟེན་དགོས་བྱུང
འོད་སྣང་དང་ཡུམ་ཆེན་གྱི་བར་ནས་ཁྱོད་ཀྱི་བུ་རབས་ཚ་རྒྱུད་ཚོས
འདར་སིག་སིག་གི
མི་ཡུལ་ཞིག་བསྐྲུན་མགོ་ཚུགས
དེ་ནས་བཟུང ང་ཡུལ་གྱར་བའི་ལས་སུ་བཀོད་པ་ཤེས
ལས་དབང་ལ་འཁང་ར་བྱེད་བཞིན
རྐང་ཐང་གིས་ཧི་མ་ལ་ཡའི་རི་རྒྱུད་བཅད
ཧི་མ་ལ་ཡའི་བྱང་དང་ལྷོ་རྒྱུད་དུ ངའི་མེ་པོ་ཚོས་ཚེ་སྲོག་གི་མཆོད་སྦྱིན་མཛད་པས
ཁྲག་གིས་བསྐྲུན་པའི་རྐང་ལམ་ཕྲ་མོ་དེ
ངའི་ཚེ་མཇུག་གི་མལ་སྟོན་དྲོན་མོ་དེ་ཡིན
དེ་བས་ང་ཁྱི་སྨྱོན་བཞིན
སྤྱང་ལྟོགས་བཞིན
གཞི་བདག་བཞིན
ཧི་མ་ལ་ཡའི་རི་གསེང་ཉུལ
བཙན་པོའི་སྐུ་རྗེས་དང ཡང་ན་བཙན་པོའི་ཞབས་རྗེས
ཐ་ན ལྷ་སྒྲུང་ཞིག་ཡིན་དུ་ཆུགས་མོད
ངས་འཚོལ་ཉུལ་བྱས
ཁྱོད་ཀྱིས་མཐའ་འདུལ་དང་ཡང་འདུལ་གནང་བ་བདེན་ཡང
དེ་རིང་མཐའ་ཤོར་ཡང་ཤོར
ཕ་ཤོར་བུ་ཤོར་འདིས
དོན་གྱིས ཡོད་ཚད་ཤོར་བས
ངས་ཁྱོད་དྲན་བྱུང
ཁྱོད་རང་དྲན་དྲགས་པས
ཕ་ས་ལག་མཐིལ་ཙམ་མེད་ཀྱང
རྣམ་ཤེས་ཕྲ་མོ་སྲིན་མོ་གན་རྐྱལ་ལ་ཆགས་ཡོད
ཁྱོད་རང་དྲན་དྲགས་པས
ཧོ་ལན་རི་རྒྱུད་ནས་ཧི་མ་ལ་ཡའི་ལྷོ་ངོས
ཨམ་ཞི་སྡེ་བཞི་ནས་ལི་ཡུལ་བར་ལག་ཉུལ་བྱས
ཁྱོད་རང་དྲན་དྲགས་པས
ང་གངས་ལྗོངས་དང་བྲལ་ལ
ཕུ་ནུ་མིང་སྲིང་རྣམས་དང་ཡང་གསོན་བྲལ་བྱས་ཡོད
ཡིན་ཡང་ལྷ་བཙན་པོའི་ཁྲག་རྒྱུན་ལས་ཆད་པའི་ཁྲག་ཐིགས་དེས
ངའི་རྣམ་ཤེས་གསོས་ཡོད་ལ
ངའི་ཚེ་སྲོག་ལ་རིན་ཐང་སྦྱིན་པས
ང་སྔར་བཞིན་གདོང་ལ་ཐོན་ཡོད
འབྲུག་ཡུལ་འབུམ་ཐང་ནས་ཟིན་བྲིས་སུ་བཏབ།
༢༠༡༣་༡༠་༤
ཡག་པོ་བྲིས་ཡོད་གི
ངས་ཁྱོད་ཀྱི་སྙན་རྩོམ་ལ་མཆན་འདེབས་ཡ།
ཁྱོད་ཀྱི་སྙན་རྩོམ་ལ་མཆན་འདེབས་མཁན་ཅི་ཙམ་ཡོང་མིན་མི་ཤེས།
ཁ་རྩང་དེ་རིང་གི་མཆན་པ་པོ་ཚོ་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་མ་གཏོགས་མེས་པོ་ཚོའི་སྐོར་མི་དགོས་པ་འདྲ། གང་ལ་ཆོལ་ཁ་འཐེན་འཁྱེར་བྱེད་པ་ལ་ཉན། གང་ལ་ཆོས་ཀྱི་ཕྱོགས་ཞེན་བྱེད་པ་ལ་ལྟ། དེ་དང་དེ་དག་གི་བར་དུ་འཚངས་ནས་ཁ་ནས་ཅི་ཐོན་སྨྲ། བཙན་པོ་ཞབས་རྗེ་འཚོལ་བ་དང་བཙན་པོའི་རྣམ་ཤེས་ལ་རེ་བ་ནི་རྨི་ལམ་དང་སྤྲོས་བྲལ་རེད། བཙན་པོའི་ཁྲག་གི་རྗེས་སུ་བསྙེགས་པ་ནི་ཁྱོད་ཁོ་ན་ཡིན་པ་འདྲ།
ཡ་ཡ་་ཧྲ་གི་ཧྲ་གི
རེད། དེ་ག་རང་རེད། མེལ་པོའི་རྐང་རྗེས་འདེད་ནས་ཕ་ཤུལ་བུ་འཛིན་གྱི་མྱིག་ལམ་སྐྱོང་ཏེ། མེ་ལྕེའི་ཕྲོད་རང་སྲོག་དོར། བཙན་ཁང་ནང་རང་དབང་ཤོར། མི་ཡུལ་ས་མཐར་མི་ཚེ་རྫོགས། འོང་ཀྱང་བཙན་པོའི་བུ་རབས་ཚ་རྒྱུད་ཚོས་དུས་ནམ་ཡང་
ངས་བལྟས་ན་རྩོམ་པ་པོས་མཐའ་འདུལ་ཡང་འདུལ་ཞེས་པའི་དོན་གོ་ལོག་ཐེབས་འདུག་སེམས། གང་ཡིན་ཞེ་ན་འདིར་ཁོང་གིས་སྔར་བཙན་པོའི་སྐབས་སུ་མཐའ་འདུལ་ཡང་འདུལ་གནང་བ་བདེན་ཡང་དེ་རིང་མཐའ་ཤོར་ཡང་ཤོར་བྱས་ཟེར་ཏེ་སྔར་བཙན་པོས་ཆབ་འོག་ཏུ་ཚུད་པ་དེ་ད་ལྟ་ཤོར་བའི་བཟོ་འདྲ་ཞིག་སྟོན་འདུག། ངས་སྔར་འབྲུག་ཡུལ་བོད་ཀྱི་འོག་ཏུ་ཡིན་མིན་གྱི་ལོ་རྒྱུས་མི་ཤེས་ཀྱང་མཐའ་འདུལ་ཡང་འདུལ་ཞེས་པ་ནི་སྔར་བོད་ཀྱི་བཙན་པོས་ཆབ་འོག་ཏུ་བཅུག་པའི་དོན་མིན་པ་ཐག་ཆོད་ནས་བཤད་ནུས། དེ་ཡང་བོད་ཀྱི་གཙུག་ལག་ཁང་བཞེངས་དུས་མཐའ་ཡུལ་གྱི་བདུད་དང་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བར་ཆད་བྱས་པ་ལ་བརྟེན་ནས་དེ་དག་འདུལ་བའི་ཆེད་དུ་གཙུག་ལག་ཁང་བཞེངས་པ་ལ་མཐའ་འདུལ་ཡང་འདུལ་ཟེར་བ་བོད་འབྲུག་གི་རྒྱལ་རབས་རྣམས་སུ་ཡོངས་གྲགས་་རེད། གལ་ཏེ་མཐའ་འདུལ་ཡང་འདུལ་ཞེས་པ་དེ་ཆབ་འོག་ཏུ་བཅུག་པའི་དོན་ལ་བཀྲལ་བའི་སྔར་གྱི་ཡིག་ཆ་ཞིག་ཡོད་ན་ཁུངས་ལུང་བཅས་ཏེ་དྲངས་རོགས། ངས་ཀྱང་དེ་ནས་ཁྱེད་ལ་མོས་མཐུན་ཞུ་གི་ཡིན། དེ་འདྲ་གང་ཡང་མེད་ན་ཁུང་སལུང་མེད་པའི་སྐད་ཆ་དེ་འདྲ་བཤད་རྒྱུ་ལས་འཛེམས་ཏེ་སྨྲ་བ་ཉུང་བའི་ངང་ཚུལ་བཟུང་ན་མཛེས་པར་སེམས།
ངས་བལྟས་ན་གཡུ་འབྲུག་དཀར་པོས་སྙན་ངག་ཤེས་ཀྱི་མི་འདུག་་་་་གོང་གི་འདི་སྙན་ངག་རེད་གཞུང་ཡིག་མ་རེད་་་་ཆབ་སྲིད་ལ་དགའ་བས་དབང་གི་བཤད་འདོད་ན་དེ་བརྗོད་གཞི་གཞན་རེད།རྙོག་དྲ་བཟོ་འདོད་ན་དེ་ལས་ད་ཧ་སང་དགོས་པ་རེད་་་་་