ཚེ་རིང་ཆོས་རྒྱལ།
འཛམ་གླིང་གི་དབུལ་ཕོངས་སྤྱི་དང་། ལྷག་པར་དུ་གངས་ཅན་ལྗོངས་ཀྱི་རིས་མེད་བསྟན་འགྲོ་ཡོངས་ལ་ཕན་བདེའི་འོད་སྣང་འཛད་མེད་དུ་སྦྱིན་པའི་ངའི་སེམས་སྟེང་གི་ཉི་མ་སེར་པོ་སྟེ། འཛམ་གླིང་རོགས་པ་ཚོགས་པའི་ཚོགས་གཙོ་ཆོས་རྗེ་ཨ་དཀོན་སྤྲུལ་སྐུ་དང་ཁོང་གི་སྐུ་འཁོར་གཉིས་བཅས་གློ་བུར་དུ་གཤེད་མ་བདུད་འདྲེ་སྒྲ་གཅན་ལྟ་བུས་རྨི་ལམ་བཞིན་སྐད་ཅིག་ལ་བཀྲོངས་སོང་བ་དེས། མགོན་མེད་སྐྱབས་བྲལ་ངའི་སྙིང་ལ་དུག་གི་མདའ་མོ་དགུ་དུས་གཅིག་ལ་ཕོག་པ་ལྟར་གྱི་ན་ཟུག་དྲག་པོས་མི་བཟོད་དུཿ་ཁའི་སྨག་རུམ་གྱི་ཁྲོད་དུ་ཡིད་ཁོང་མཆི་མས་བརྣང་ཞིང་ངུ་ངག་གི་དབྱངས་རྟ་སེམས་ཁོང་ནས་བརྡོལ་བཞིན་ཁེར་རྐྱང་དུ་ལུས་སོང་།
དུས་ནམ་ཡང་ཁེར་རྐྱང་དུ་ལུས་སོང་། དམ་ཉམས་གཤེད་མ་དེ་ཚོས་ངའི་སེམས་ཀྱི་ནོར་བུ་རྐུས་སོང་། ལྕེ་སྟེང་གི་བདུད་རྩི་བསྐམས་སོང་། དྲན་དབང་གཞུང་ནས་གཤགས་སོང་།ཀླད་པའི་རྒྱ་དར་ཕྲལ་སོང་། མིག་གི་དབང་པོ་བྲུས་སོང་། རྩ་བའི་བླ་མ་བཀྲོངས་སོང་། བརྩེ་བའི་གཅེན་པོ་བསད་སོང་། ཞེ་ཐུབ་གྲོགས་པོ་བསད་སོང་།
མདོར་ན་ངའི་ཡོད་ཚད་དང་ཡོད་ཚད། མར་མེ་རླུང་གིས་བསད་པ་བཞིན་སྐད་ཅིག་མ་གཅིག་ལ་བཀུམས་སོང་། སྤུན་ཟླ་ཚོ་བསམ་བློས་ཞིབ་ཏུ་དཔྱད་ན་ཕྱོགས་དང་རིས་སུ་མ་ཆད་པའི་ཆོས་དང་རིག་གཞུང་ནད་པ་དང་དབུལ་ཕོངས་ཉམ་ཐག་གི་དྭ་ཕྲུག་སོགས་འགྲོ་བའི་དོན་དུ་ཉིན་མཚན་དབྱེར་མེད་དུ་དཀའ་སྡུག་ལ་མ་འཛེམས་པར་གཞན་དོན་ཁོ་ནར་སྒྲུབ་ཀྱིན་པ་སྟེ།
དགུང་ལོ་བདུན་ཅུ་དོན་གྲངས་ཡིན་པའི་མི་རྒན་ཞིག འཛམ་གླིང་གོ་ལའི་ཡང་རྩེ་ཁ་བ་གངས་ཅན་གྱི་ལྗོངས་འདིར་དགུན་གྱི་གྲང་རླུང་ཁྲོད། ལ་ཁའི་གངས་དང་ལུང་གི་འཁྱགས་ལ་མ་འཛེམས་པར་རང་མི་རིགས་ཀྱི་ཆེད་དུ། རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དུ། མི་རིགས་འདིའི་བླ་སྲོག་སྐད་ཡིག་གི་ཆེད་དུ།ནད་པ་དང་དབུལ་ཕོངས་ཀྱི་དོན་དུ་ཉམ་ཐག་པའི་དྭ་ཕྲུག་ཁྲི་སྟོང་མང་པོའི་དོན་དུ། སྐུ་ངལ་ཇི་ལྟར་ཆེ་ན་ཡང་དཔའ་མ་ཞུམ་པར་གདོང་ལེན་མཛད་པ་ལ་སོམས་དང་།
སྙིང་རྗེའི་གཞན་དབང་དུ་གྱུར་པའི་འཛམ་གླིང་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཆོས་རྗེ་ཨ་དཀོན་རིན་པོ་ཆེ་མཆོག་ལ། དེ་ལྟར་འོས་སམ། བོད་མི་ཞིག་གིས་དེ་ལྟར་འོས་སམ། སྤུན་ཟླ་ཚོས་གསུངས་དང་གྲྭ་པ་ཞིག་གིས་དེ་ལྟར་འོས་སམ།
སེམས་གཏིང་ནས་སྐྱོ་བ་སྐྱེས་དགོས་པ་ཞིག ང་ཚོའི་མི་རིགས་འདི། ང་ཚོའི་ལས་དབང་འདི། འདི་ལྟར་ཡིན་ནམ། བཀའ་དྲིན་ལ་བསམ་ཤེས་མེད་པའི་ལག་དམར་བ་དེ་ཚོ་ནི། འཛམ་བུ་གླིང་གི་སྤྱི་དགྲ་དང་གདོང་དམར་བོད་ཀྱི་དགེ་དགྲ་ཡིན་ལ། ལྷག་པར་དུ་ང་དང་ང་འདྲ་བའི་དྭ་ཕྲུག་ཡོངས་ཀྱི་དགྲ་བོ་ངོ་མ་དེ་ཡིན།
ད་དུང་། བོད་མི་རིགས་ཀྱི་རྐང་འདྲེན།ཆོས་དང་རིག་གཞུང་གི་སྲོག་གཅོད། ཁྲེལ་དང་ངོ་ཚ་མེད་པའི་ཁྱི་རྒན། ཁོ་ཚོའི་སྲོག་སྙིང་དམར་གྱིས་བཏོན་ལ་མགོ་བོ་ལན་བརྒྱར་བཅད་ཀྱང་ངའི་སེམས་ཀྱི་རྨ་ཁ་དེ་ག་ལ་སོས་སྲིད། ཁོ་ཚོ་ནི་མི་ལྤགས་གྱོན་པའི་གདུག་འདྲེ་ངོ་མ་ཞིག་ལོས་ཡིན། དྲང་བདེན་དང་རང་རིགས་ལ་དུང་བའི་སྤུན་ཟླ་ཚོས་ཞིབ་དཔྱོད་ནན་མོ་རེ་བྱོས་དང་དེ་ལྟར་འོས་སམ། དེ་ལྟར་འོས་སམ།
ཆེད་དུ་ཞུ་བྱ། ད་ཐེངས་གདུང་སེམས་མཉམ་བསྐྱེད་ཀྱིས་སེམས་གསོ་དང་། རོགས་སྐྱོར་གང་ཟབ་གནང་མཁན་གྱི་རྒྱ་ཆེའི་འཛམ་གླིང་གི་མི་དམངས་སྤྱི་དང་། ཁྱད་པར་དུ་ཕྱོགས་དང་རིས་སུ་མ་ཆད་པའི་དགོངས་རྫོགས་སྒྲུབ་མཁན་གྱི་བླ་མ་སྤྲུལ་སྐུ་མཁན་པོ་སོགས་ལ་གུས་པའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཟད། ཁྱེད་ཅག་གི་བཀའ་དྲིན་ནི་ངའི་ཟུངས་ཁྲག་གི་འཁོར་རྒྱུན་མ་ཆད་ཀྱི་བར་དུ་སེམས་ཁོང་ན་ནམ་ཡང་གནས་ངེས། མགོན་མེད་ཀྱི་དྭ་ཕྲུག་འཁྱམས་པོ་ངའི་་ངོ་གདོང་མཆི་མས་བརླན་བཞིན། སེམས་སྡུག་གི་མུན་པ་འཐིབ་བཞིན། སྨྲེ་ངག་གི་ངུ་སྐད་འབྱིན་བཞིན།
ཕྱི་ཟླ་༡༠ པའི་ཚེས་༢༢ ཉིན། བླ་མ་མཆོག་གི་གདན་ས་སྒྲོལ་མ་ལྷ་ཁང་ནས་ཕུལ།
ངོ་མ་བདེན་ནི་རེད།
ཁྱོད་ལ་ཁག་མེད་ཀི
ང་ཚོ་ཚང་མའི་སེམས་གཏིང་ནས་སྐྱོ་བ་སྐྱེས་དགོས་པ་ཞིག་རེད།
ད་ཚར་སོང་ནི་རེད། ཡང་སྲིད་འདྲ་དཀྲུག་འདོན་བྱེད་རྒྱུ་ལས། ཕྱིར་ཡོང་གི་ཐབས་ཤེས་མེད་ཀི།
བྱས་ཙང་། བཟོད་སེམས་དང་དགེ་སྒྲུབ་སྡུག་སྤོང་ནི་མཆོག་ཏུ་འདོད།
འགྱོད་སེམས་དང་སྐྱོ་གདུང་གི་མཆི་མ་རུམ་ནས་ཉི་མ་འཁྱོལ་ནི་མ་རེད། སྡུག་དུས་མགོ་པོ་བཀྱགས་ནས་འགྲོ་དགོས་ནི་རེད། མ་རེད་ནེ། ཨེ་རེད།
བླ་སློབ་ཀྱི་འབྲེལ་བའི་ཟབ་ཚད་དང་། ཕངས་སེམས་མཚོན་པ་བརྗོད་དམིགས་སུ་བཟུང་བས་རང་ཉིད་ཀྱི་ཀུན་སྤྱོད་འགའ་མཚོན་ཐུབ་མོད། དེར་རིན་ཐང་གི་ས་གོ་ས་ཧ་ཅང་དམའ་མོ་རེད། དེ་རིང་དགོས་པ་ནི་ཤུལ་བཞག་མི་ཚེ་ལྟ་གྲུབ་དང་བླང་དོར་གྱི་བསླབ་བྱའི་སྙིང་བོ་ནི་གཞུང་ལུགས་སུ་བཟུང་སྟེ། གོམས་སྲོལ་དུ་ཆགས་སུ་བཅུག་ཏེ། ནམ་ཡང་ནུབ་མི་སྲིད་པའི་གྲུབ་མཐའ་འཛུགས་དགོས་པ་དང་། སློབ་རྒྱུན་གྱིས་དམ་པ་གང་གིས་བཏོད་པའི་འོད་སྣང་གི་ལམ་ཆེན་དེ་ཁ་ཆགས་སྣ་རལ་དུ་མ་གཏང་བར་བསྐལ་མཐའ་རྒྱུན་སྤེལ་བའི་ཆོད་སེམས་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན། དེ་ནི་སློབ་བུ་ཞིག་གི་བརྩེ་དུང་ཡིན་ལ། ལྷག་བསམ་ཡིན། ཕྱི་ཐག་ཡིན། ལ་རྒྱ་ཡིན། རིན་ཐང་གི་ཡང་སྙིང་ངོ།།
བསྟོད་ར་བཏང་མི་ཤེས་མཁན། འཛམ་གླིང་དབུལ་་ཕོངས་སྤྱི་དངབྱེ་་བྲག་བོད་གངས་ཅན་རིས་མེད་ལ་རོགས་པ་གནང་མཁན་ཟེར། ༧ གོང་ས་མཆོག་གི་བཀའ་སློབ་གཅིག་ལ་སློབ་མས་བླ་མར་བསྟོད་་ར་བཏང་མི་ཤེས་པ་ཚོས། བླ་མ་རྫུན་མ་ཆགས་འགྲོ་གི་འདུག་གསུངས་པ་དེ་དྲན།