བཀྲ་ཤིས་དོན་འགྲུབ།
བལྟས་ན་རིང་རིང་འདྲ་བའི་མི་ཚེ་འདིར།།
དགུན་རླུང་རྩུབ་མོས་འཇག་སྐྱར་བརྙས་ཚུལ་གྱིས།།
མིག་ཆུ་བཞུར་ཐེངས་ཤིག་གི་དུས་ཡུན་ལ།།
གཉེར་རིས་བརྩེགས་མས་འགྲེལ་ཞིག་བརྒྱབ་ནས་བྱུང་།།
ཟླ་བས་མཚན་ལྗོངས་རུམ་པའི་ནམ་སྟོད་ལ།།
མེ་ཏོག་ཞིང་ཁམས་སྙེག་པའི་རྨི་ལམ་དེ།།
སེམས་ཁམས་མུན་པས་ཟིན་པའི་ནམ་སྨད་ལ།།
སྨུག་པ་བན་བུན་ཞིག་ལ་འཐིམས་ནས་སོང་།།
འགྲན་རྩོད་འུར་སྒྲས་ཁེངས་པའི་འཇིག་རྟེན་འདིར།།
ལང་ཚོའི་ཟིལ་ཤུགས་ལན་གཅིག་ངོམ་བསམས་ཀྱང་།།
སེམས་བཞིན་སེམས་བཞིན་ཚོར་རླབས་འཇག་ཚུལ་འདི།།
འཚོ་བ་དངོས་ཀྱི་འགྲེལ་བཤད་ཡིན་ལགས་སམ།།
ཆར་ཆུའི་བྱབ་ཁྲུས་མཁོ་བའི་མེ་ཏོག་དེ།།
འདབ་མའི་སྐྲག་མདངས་ངོམ་དགོས་མི་འདུག་སྟེ།།
སད་ཀྱི་ཆོམ་རྐུན་རྒོད་པའི་སྟོན་མཇུག་ལ།།
ཤིང་ལོ་རླུང་བུས་ཁྱེར་བ་མ་མཐོང་ངམ།།
རླབས་ཀྱི་འཕར་འཇགས་རླུང་གིས་གར་གཡུགས་རེད།།
སྐྱིད་སྡུག་ལམ་བུ་ལས་ཀྱིས་གང་བསྐོས་རེད།།
འཚོ་བ་ཉམ་ཆུང་ཚེར་མས་ཁེངས་ཚུལ་འདི།།
མི་ཚེའི་བགྲོད་ལམ་ཡིན་པ་ཤེས་ནས་ཡོད།།
ཨོག་ལན་ཤུགས་ཀྱིས་སྦྲེང་བའི་གདུང་ཡུས་འདི།།
སེམས་པ་ཁྱོད་ལ་ཆགས་པའི་དན་རྟགས་ཏེ།།
ཚེ་སྲོག་སྡུག་གིས་ཚོས་པའི་ཉམས་སྣང་གིས།།
བརྩེ་ཞེན་སྐྱ་བོ་དབྱངས་སུ་བཀུག་ནས་ཡོད།།
ངའི་རེ་བར།
ཁྱེད་ནས་མི་རྟག་པའི་མགུར་ཞིག་བྲིས་ན། དངོས་གནས་ཡིན། ཧ་ཅང་ཡག་པོ་ཡོང་བ་འདུག ང་རང་གཙོས་པའི་མང་པོ་ཞིག་ལ་ཕན་ས་རེད། གང་ཡིན་ཟེར་ན། ཁྱེད་རང་གི་སྙན་རྩོམ་སྤྱི་ཡོངས་ནས་སྐྱོ་སྣང་ཤུགས་ཆེན་པོ་སྟེར་བ་ཞིག་ཡིན་འདུག་པས་མི་རྟག་པ་ལས་བརྩམས་པ་ཡིན་ན་ནི་དེ་བས་ཀྱང་བརྗོད་བྱ་རྗོད་བྱེད་གཉི་ག་ཚོགས་པས་སོ།། འདི་ངའི་རེ་བ་ཡིན། བྱུང་ན་འབོལ་རྩོམ་གནང་རོགས། ངས་སྒུག་གི་ཡིན།
རྒྱ་ནག་དམར་བོའི་བཙོན་དུ་ལྷུང་བ་བཞིན།།
གང་དུ་ཞུགས་ཀྱང་སྐྱིད་སྣང་མི་འདུག་ཀྱང་།།
ལུས་ཀྱི་ཤ་ཁྲག་ཅིག་གིས་མ་ཟོས་པར།།
འཇིག་རྟེན་འདི་རུ་མི་འཚོ་དཀའ་མེད་ལགས།།
ལང་ཚོ་ངོམས་པའི་ཟླ་བ་གཞོན་ནུ་དེ།།
མཚན་མོའི་སྒྱུ་སྐར་ཁྲོད་དུ་བཀྲག་ཆེ་ཡང་།།
དུས་ཀྱི་རྒུད་པ་ཞག་གིས་ཞག་ཟད་མཐར།།
སྐར་ཚོགས་དབུས་ན་ཁྱེད་ཉིད་མེད་པ་སྐྱོ།།
འཇིག་རྟེན་འཁོར་བས་ཐང་ལ་བརྡབས་པ་འདྲ།
རྒན་མོ་ཞིག་གིས་རྒྱལ་དུ་བཅུག་པ་འདྲ།
གང་ལྟར་མ་ལྟར་རྩོམ་མགོ་མ་ཚུགས་ཐལ།།
ཅི་ཡིན་བསམ་ནས་མཆན་ཞིག་འདེབས་ཤོར་ཐལ།།
སྙན་དངགས་ཤིག་མཇལ་བྱུང།
གཞན་དུ་འདྲེན་བཀོད་ཞུ་ཆོག་གམ།
ཆབ་བྲག་དང་བ་འདྲེན་པའི་སྙན་ངག་འདི།
ཅི་ཙམ་བཀླགས་ན་དེ་ཙམ་གོ་དཀའ་བའི།།
མིང་ཚིག་བརྡ་ཡི་བར་ནས་ཡིད་ཆད་འདིས།།
ཆབ་བྲག་རྒན་ལ་བཀུར་བའི་བློ་སྐྱེས་སོང་།།
ཉིན་བྱེད་ནུབ་རིའི་འཕང་བར་ཡིབ་པ་ནི།།
མཚན་མོའི་མགོན་ལ་གོ་སྐལ་བྱིན་འདྲ་ཡང་།།
ཞག་གིས་ཟླ་བ་དེ་ཡིས་ལོ་ཟད་པས།།
ཉི་ཟླའི་བགྲོད་པ་དེ་ལ་ཡིད་ཐང་ཆད།།
ཆབ་བྲག་ཕོ་ཉ་ལགས། གཞན་དུ་འདྲེན་བཀོལ་བྱས་ན་མི་ཆོག་པ་ཅི་ཡང་མེད། ཐུགས་རྗེ་ཆེ།
སྙན་པོ་ཞིག་བྲིས་ཡོད་ཀི
སྙན་པའི་ངག་གི་འགྱུར་ཁུག་གང་ཞིག་སྟེ། ། ས་ནག་འདོམ་གྱིས་འཇལ་བའི་གཏམ་རྒྱུད་ཁྲོད། །ཐོ་རེངས་སྐར་ཆེན་རུམ་སྒོར་མ་འཛུལ་གོང་། །འཚོ་བྱུང་སྒེག་མོས་གཡོ་འོག་ཚུད་པ་ཞིག །