ནམ་མཁའ།
བརྩེ་བ་ཡིས་ལྟེམས་པའི་ལོ་ཟླ་འགྲིམ་སོང་།
ཡོད་ཚད་གཉིད་ལ་ཡུར་བའི་ལྷིང་འཇགས་ངེར་གྱི་འཇིག་རྟེན་ན།
ལན་བུ་ཞིག་གི་རྒྱབ་གཟུགས་ལས་རྙེད་པའི།
ཕྱིར་མིག་ཁྲོད་ཀྱི་དགོད་སྒྲ་དང་འཛུམ་མདངས།
གློ་སྙིང་མཆུན་གསུམ་ལ་བསྣུན་པའི་ན་ཟུག་གི་གོང་བུར་བསྒྲིལ་ནས།
ཕོ་རབ་ཅིག་གི་མགྲིན་པ་ཡང་བརྣངས་བཞིན།
སྙིང་ཁོང་ལས་བརྡོལ་བའི་བརྩེ་བ་ཡི་ཉིང་ཁུ་དྭངས་མ།
སེམས་པ་གསོན་པོ་ཞིག་གི་རྣམ་ཤེས་ཕྲ་མོ།
བལྟས་ན་སྡུག་ཞིང་མཐོང་ན་མཛེས་པ།
རིན་ཐང་ག་ཚད་ཅིག་གི་ཚད་དུ།
ནམ་ཞིག་ནས་རྒྱང་རིང་དུ་ཅེར་བའི་སྐྱ་རིལ་རིལ་གྱི་མིག་ཀོང་ན་འཁྱིལ་ཞིང་།
ལྗིད་ཏིག་ཏིག འཁྱག་བསིལ་བསིལ།
ལས་དབང་ཞིག་གིས་གས་ཁ་ཤོར་བའི་མཁུར་ཚོས་ནས་བཞུར་ཏེ།
སུ་ཞིག་གི་ཆེད་དུ་ས་ལ་ལྷུང་།
དེ་རིང་འདིར་ཕྲན་གྱི་མིང་གཅིག་པའི་དྲ་གྲོགས་ཞིག་སླེབས་འདུག་པས། ད་ནས་བཟུང་ཕྲན་གྱི་མིང་ལ་༼ཡོ་རུབ་ནམ་མཁའ་ཅེས་འབྲི་ངེས་ཡིན་པས་ཁ་བརྡ་ཚང་དང་དྲ་གྲོགས་རྣམ་པ་ལ་གསལ་བཤད་དུ་ཕུལ།
འདིར་སྙན་ངག་༼མིག་ཆུ༽འབྲི་མཁན་གྱི་ནམ་མཁའ་དང་ནམ་རྒྱུན་ཁ་བརྡའི་དྲ་ཐོག་ལ་བསམ་ཚུལ་ཐ་ཐུན་འབྲི་མཁན་གྱི་ནམ་མཁའ་དེ་མིན་པ་མཁྱེན་པར་མཛོད། ཡོ་རུབ་ནམ་མཁས།
“གློ་སྙིང་མཆུན་གསུམ་ལ་བསྣུན་པའི་ན་ཟུག་གི་གོང་བུར་བསྒྲིལ་ནས།”
ཞེས་པ་ན་ཡོད་པ་བཞིན་མཆིན་པའི་ཀི་གུ་དེ་ཞབས་ཀྱུར་ནམ་མཁའ་གཉིས་ཀས་འབོད་དམ། ཡང་ན་སི་ཏུ་པཎ་ཆེན་གྱིས་གསུངས་པ་ལྟར་ཁམས་ཕྱོགས་ཀྱི་ལུང་པ་འགའ་རེ་ན་ཀི་གུ་དང་ཞབས་ཀྱུའི་ཁྱད་པར་འབྱེད་མི་ཤེས་པ་ཡོད་གསུངས་པ་ལྟར་ཡིན་ནམ།