སོག་མདའ།
ལོ་མའི་ཆར་པ་ཟིལ་མ་ཤག་ཤག་ལྷུང་ཞིང་།།
ལྷམ་ཆུང་རྡོག་པས་སྣ་ལོར་རོལ་མོ་དཀྲོལ་དུས།།
བརྗོད་པའི་སྡོང་ལོའི་འོག་གི་སྙིང་གཏམ་ཚིག་གསུམ།།
བྱིའུ་ཆུང་འཇོལ་མོས་མ་གཏོགས་སུ་ཡིས་མི་གོ །
ཟླ་བས་འཛུམ་ཆུང་ངོམས་ཏེ་མཐོངས་སུ་རྒྱུ་ཞིང་།།
ཁུ་སིམ་རྩྭ་ཐང་ཡངས་པོ་མལ་ལ་གཟིམ་དུས།།
ལྷས་རྭའི་འབྲི་རྡང་ནང་ནས་གསང་གཏམ་བཤད་པ།།
ཐུལ་དཀར་འབྲི་མོས་མ་གཏོགས་སུ་ཡིས་མི་ཤེས།།
འབྲུ་དྲུག་ཞིང་རྭའི་ནང་གི་སྙེ་མགོ་དུད་ཅིང་།།
ཟོར་བས་འབྲེག་པའི་རོལ་དབྱངས་རྒྱང་ལ་གྱེར་དུས།།
མི་ཚེའི་སྐྱ་ཡ་ཡིན་པའི་ཁས་ལེན་ཚིག་གསུམ།།
སྐྱི་བསེར་རླུང་བུས་མ་གཏོགས་སུ་ཡིས་མི་ཤེས།།
སྨིན་དྲུག་ཁྲ་མོ་རྒྱུ་སྐར་ཁྲོད་ནས་འཛུམ་ཞིང་།།
སྟོན་གྱི་ནམ་ཟླ་རིང་མོའི་ཁུག་སོ་དེ་ནས།།
ཤ་དྲོད་གཅིག་ལ་སྦྱར་ནས་འདོད་པའི་སྦྲང་རྩི།།
ང་དང་ཁོ་མོས་མ་གཏོགས་སུ་ཡིས་མི་ཤེས།།
༢༠༡༣.༡༠.༢༣.ཉིན་རང་ཤག་ནས་བྲིས།
ཆགས་པ་དགའ་བར་འཕྲུལ་བའི་སྣང་ཚུལ་བཅོས་མས།།
མནའ་ཚིག་རྣ་ལ་བཞག་ནས་མགོ་སྐོར་བྱས་བ།།
འབྲོག་མོའི་ཡ་ཆུང་སེམས་ན་བརྗེད་དུ་མེད་པར།།
སྙིང་ནད་དུག་གི་ལོག་ནས་ཁྱོད་ལ་བསྒུགས་ཡོད།
ཧ་ཧ་ཧ།