ནམ་མཁའ། ཡོ་རུབ།
བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཤེས་ཡོན་ཅན་ཚོས། རང་གི་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་སྐད་ཡིག་འདི་ཉམས་ཆགས་སུ་འགྲོ་བཞིན་པ་ལ། མངོན་ལྐོག་གཉིས་ཀྱིས་ཐུགས་ཁུར་གནང་བཞིན་ཡོད་ལ། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་མང་པོ་ཞིག་གིས་འདིའི་ཆེད་དུ་རང་སྲོག་ཕུལ་ཡོད། འདི་འདྲའི་སྙིང་སྟོབས་ཞིག་དང་ཐུགས་ཁུར་ཞིག་ཅི་ཞིག་ལ་གནང་དགོས་སམ་ཞེས་བའི་དྲི་བ་འདི་ཕྲན་གྱིས་བོད་མི་ཡོངས་ལ་དྲིས་པ་ཡིན། དེ་ནི་རྒྱུ་མཚན་ཆེན་པོ་གཅིག་སྟེ། བོད་མི་རིགས་འདི་འཛམ་གླིང་འདིའི་སྒང་གསོན་པོར་གནས་དགོས་ཚེ། རང་གི་མི་རིགས་ཀྱི་སྐད་ཡིག་འདི་གནས་ཡོད་མེད་ལ་རག་ལས་ཡོད།
དང་པོ།
ནུབ་ཕྱོགས་ཀྱི་མཁས་དབང་༼ཏོའུ་དོ་ཐི༽ཡིས་འདི་ལྟར་གསུངས་ཡོད། རྒྱལ་ཁབ་ཤོར་བའི་བྲན་གཡོག་ཏུ་གྱུར་བའི་མི་རིགས་ཚོ། བློ་སེམས་བརྟན་པོའི་སྒོ་ནས་འདས་སོང་གི་མེས་པོ་ཁོང་ཚོའི་སྐད་ཡིག་དག་མ་ཤོར་བར་འཛིན་སྐྱོང་ཐུབ་ན། བཙོན་ཁང་གི་སྒོ་ཆེན་ཕྱེ་བའི་ལྡེ་མིག་ལག་ཏུ་བཟུང་བ་དང་འདྲའོ་ཞེས་གསུངས་ཡོད་པས། ང་ཚོ་བོད་མི་རིགས་ཀྱིས་དེང་སང་གོང་གི་ཚིག་འདི་དག་ཡིད་ལ་འཛིན་དགོས་བའི་དུས་ལ་སླེབས་འདུག་སྙམ།
རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེང་སང་བོད་ནང་དུ་རྒྱ་ནག་སྲིད་གཞུང་གིས་མི་རིགས་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ཡིག་གི་སློབ་མཐར་ཕྱིན་པའི་སློབ་ཆེན་སློབ་ཕྲུག་ཚོ་དང་ཐ་ན་བོད་ཡིག་ཞིབ་འཇུག་སློབ་མཐར་ཕྱིན་པ་ཚོ་ཡང་ཁོ་རང་ཚོའི་ཤེས་ཡོན་དང་མཐུན་པའི་ལས་ཀ་ཞིག་རེག་མ་ཐུབ་པར་ལུས་ཡོད། བྱེད་ཐབས་འདི་ནི་རྒྱ་ནག་སྲིད་གཞུང་གིས་རྨ་མེད་ཀྱིས་མི་རིགས་ཞིག་གསོད་པའི་ཐབས་ལམ་རེད། ང་ཚོ་ཆ་ཚང་གིས་སོ་སོའི་བུ་ཕྲུག་དང་རང་གི་སྤུན་མཆེད་སོགས་ཀྱི་འཚོ་བའི་མདུན་ལམ་ལ་ཆ་བཞག་སྟེ་བསམ་གཞིགས་ཞིག་བྱས་ཆོག
དེ་ནི་ཁྱེད་ཀྱིས་རང་གི་བུ་ཕྲུག་གི་འཚོ་བའི་མདུན་ལམ་ལ་བསམ་གཞིགས་བྱེད་སྲིད། མ་ཟད་ད་རུང་ཕ་མ་དང་སློབ་གྲྭ་ཟུང་འབྲེལ་གྱིས་སྤྲད་པའི་སློབ་གསོའི་འབྲས་བུ་དང་མཐུན་པའི་ལས་ཀ་ཞིག་རེག་འདོད་ཡོད་པ་དེ་རེད། ད་རུང་རང་གི་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཡོད་པའི་ལས་ཀ་ཞིག་ལ་བསམ་བློ་གཏོང་ངེས་ཡིན་ལ། དེ་འདྲའི་ལས་ཀ་ཞིག་སློབ་མཐར་ཕྱིན་པ་ནས་རེག་པར་འདོད་པ་མ་ཟད། ལས་ཀ་དེའི་སྒོ་ནས་རང་གི་བུ་ཕྲུག་གི་མི་ཚེ་འཚོ་བ་སྐྱིད་པོ་ཞིག་ཡོང་ན་སྙམ་གྱི་རེད། དེ་ནི་ཁྱེད་རང་སོ་སོའི་བུ་ཕྲུག་ལ་དུངས་བའི་ཕ་མའི་བརྩེ་བ་ཞིག་ཡིན་ལ། རང་གི་བུ་ཕྲུག་གི་མི་ཚེ་འགན་ཁྱེར་མཁན་གྱི་ཕ་མ་ཞིག་ཡིན་པའི་ཆ་ནས་མི་རིགས་ཆ་ཚང་གཅིག་པ་རེད།
ཡིན་ན་ཡང་དེང་སང་བོད་ནང་དུ་འདི་འདྲའི་ཕྱོགས་ནས་ཕ་མ་དང་བུ་ཕྲུག་གཉིས་ཀ་དཀའ་ངལ་གྱི་ནང་དུ་ལྷུང་ཡོད་ལ། སློབ་ཆེན་སློབ་མཐར་ཕྱིན་པའི་སློབ་མ་མང་པོས་བོད་ཡིག་སྦྱངས་འབྲས་ཀྱི་ལས་ཀའི་ས་དམིགས་ཞིག་ཡོད་པ་ནི་སློབ་གྲྭའི་དགེ་རྒན་རེད། དེ་མིན་བོད་ཡིག་བེད་སྤྱོད་ཡོད་སའི་ས་དམིགས་ཁེགས་པོ་གྱུར་ཡོད། བོད་ནང་དུ་གྲོང་ཁྱེར་ནང་གི་སློབ་ཆེན་མ་ཡིན་པར་བོད་ཡིག་སློབ་སའི་སློབ་གྲྭ་གཞི་རིམ་ཁག་ན་མ་གཏོགས་མེད་ལ། དེ་གར་ཡང་སློབ་གྲྭ་མང་པོ་མེད་པར་གྲོང་སྡེ་འགའ་རེ་ཡི་བར་ན་སློབ་གྲྭ་རེ་མ་གཏོགས་མེད་པས། དེ་གར་བོད་ཡིག་སློབ་དགེ་ཡི་ས་དམིགས་སྟོངས་པ་ཁེགས་པོ་གྱུར་ཡོད།ལོ་གཅིག་ལ་སློབ་ཆེན་སློབ་མཐར་ཕྱིན་པའི་སློབ་མ་ག་ཚོད་ཞིག་ཡོད་དམ།༼གྲངས་ག་ཚོད་ཞིག་ཡོད་མེད་ངས་མི་ཤེས༽མོད། འོན་ཀྱང་བརྒྱ་ཕྲག་འགའ་ཡོད་པའི་ཆ་བཞག་ནས་བཤད་ན། ཕལ་ཆེར་སློབ་ཕྲུག་གཅིག་ལ་ཡང་ལས་ཀ་རེག་ཁག་པོ་རེད།
རྒྱུ་རྐྱེན་འདི་འདྲའི་དབང་གིས་དེང་སང་བོད་ནང་དུ་ཕ་མ་མང་པོས་སོ་སོའི་བུ་ཕྲུག་རྒྱ་ཡི་བུ་ཕྲུག་ཚོའི་མཉམ་དུ་རྒྱ་ཡི་སློབ་གྲྭར་གཏོང་གི་ཡོད། རྒྱ་ཡི་སློབ་གྲྭར་འགྲོ་བཞིན་པའི་བོད་ཀྱི་ཕྲུག་གུ་དེ་ཚོས་བོད་ཡིག་ཞིག་གང་ནས་ཤེས། ཐ་ན་ཕ་མ་དང་རང་གི་སྤོ་བོ་རྨོ་བོ་ཚོའི་མཉམ་དུ་བོད་སྐད་ཡང་བཤད་ཤེས་ཀྱི་མི་འདུག་པ་ཕྲན་གྱིས་དངོས་སུ་མཐོང་མྱོང་། འདི་ནི་ཕ་མའི་ནོར་འཁྲུལ་ཞིག་ཏུ་བརྩི་རྒྱུ་ཡིན་ནམ། བོད་པའི་ཕྲུག་གུ་ཁོ་རང་གི་ནོར་འཁྲུལ་ཞིག་ཏུ་བརྩི་རྒྱུ་ཡིན།
ཕྲན་གྱིས་ཕ་མའི་ནོར་འཁྲུལ་ཞིག་ཏུ་བརྩི་བར་མི་འདོད་དེ། རྒྱུ་མཚན་ནི། ཕ་མ་སུ་ཡིན་ན་ཡང་ངས་གོང་དུ་བཤད་པ་བཞིན་སོ་སོའི་བུ་ཕྲུག་གིས་ལས་ཀ་དཀའ་སྡུག་ཅན་ཞིག་གི་ལམ་ནས་འཚོ་བ་རོལ་འདོད་མེད་པ་དེ་རེད། དེས་རྐྱེན་ཁོ་རང་ཚོའི་བུ་ཕྲུག་རྒྱ་ཡི་སློབ་གྲྭར་བསྐྱལ་བ་རེད་སྙམ། ཡིན་ན་ཡང་ཕ་མ་ཁོ་རང་ཚོ་ཡོད་པའི་ནོར་འཁྲུལ་གཅིག་སྟེ། སློབ་གྲྭ་ནས་ནང་ལ་སླེབས་དུས་རང་གི་བུ་ཕྲུག་ཚོའི་མཉམ་དུ་བོད་སྐད་མ་བཤད་པར་རྒྱ་སྐད་ཁུངས་འཁྱོལ་ལ་མ་འཁྱོལ་བ་དེ་བཤད་ཁུལ་གྱིས་བུ་ཕྲུག་ཚོས་བོད་ཡིག་མ་བསླབས་པའི་ཁར་བོད་སྐད་ཡང་བཤད་མ་ཤེས་པར་རྒྱ་སྐད་ཁོ་ན་བཤད་པ་དེ་ཕ་མའི་ནོར་འཁྲུལ་ཞིག་ཏུ་བརྩིས་ཆོག
འདི་འདྲའི་ཉམས་ཆགས་སུ་འགྲོ་བཞིན་པའི་བོད་མི་རིགས་ཀྱི་ཚེ་སྲོག་བོད་ཀྱི་སྐད་ཡིག་དེ། རྒྱ་ནག་གི་སྲིད་ཇུས་དུས་རབས་ཉི་ཤུའི་ལོ་རབས་༨༠ནང་གི་ལངས་ཕྱོགས་དང་ལྡོག་སྟེ། བོད་མི་རིགས་རྨ་ཁ་མི་མཐོང་བའི་སྒོ་ནས་དམར་གསོད་བྱེད་བཞིན་པའི་འབྲས་བུ། གོང་དུ་བཤད་པ་བཞིན་བོད་ཆོལ་ཁ་གསུམ་དུ་སླེབས་ཡོད། འདི་ནི་བོད་ནང་གི་བོད་རིགས་ཚོའི་སྐྱོན་ཆ་ཞིག་མ་ཡིན་པར། རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་མི་རབས་གསར་བའི་མི་ཚེ་འཚོ་བའི་མདུན་ལམ་ཕྱོགས་ནས་མཚོན་ཆ་མེད་པའི་དྲག་གནོན་བྱེད་ཐབས་གཉིས་པ་དེ་རེད།
གཉིས་པ།
བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་ནང་གི་བོད་མི་རིགས་ཀྱི་མགྲིན་ཚབ་བྱས་ཏེ་ལོ་ངོ་ལྔ་བཅུ་ཕྱིན་པའི་རིང་། སྐྱབས་བཅོལ་གཞུང་ཞིག་གི་ངོས་ནས་བཤད་ན། རྒྱ་ཆེ་ཆུང་དང་གཞན་དབང་སྟབས་བསྟུན་གྱིས་བཙན་བྱོལ་གཞུང་ཞེས་མཛུབ་མོ་འཛུགས་ས་ཞིག་དང་། བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་མཁན་གླེང་ས་ཞིག་ཡོད། འདི་འདྲའི་གཞུང་གི་སྒྲིགས་འཛུགས་ཞིག་གི་དྲིན་ལ་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་འཛིན་ཐུབ་ཙམ་བྱུང་ཡོད་པ་རེད། ཡིན་ཡང་བོད་ཀྱི་རིག་གཞུང་གི་རྩ་བ་དེ་ངོས་འཛིན་དང་འདས་ཟིན་པའི་གོད་ཆགས་དེ་ཅི་ལྟར་བྱུང་མིན་ལ་བསམ་བློ་བཏང་སྟེ་བཤད་ན། ད་རུང་བཙན་བྱོལ་སྤྱི་ཚོགས་འདི་གཉིད་མ་སད་ཞིག་རེད་ཅེས་བཤད་འདོད་བྱུང་།
དེ་ནི་རྒྱུ་མཚན་ཞིག་ཡོད་དེ། ང་ཚོ་བོད་རིགས་ཚོར་ནང་གི་སེམས་ཁམས་ཚན་རིག་གི་ཕྱོགས་ནས་ལོ་ངོ་ལྔ་བཅུའི་སྔོན་ལ་འཛོམས་པོ་དང་ཕྱུག་པོ་རེད། ཡིན་ཡང་དེང་དུས་ཀྱི་ཕྱིའི་ཚན་རིག་ལག་ཤེས་ཕྱོགས་ནས་ཆེས་ཤིན་ཏུ་རྗེས་ལུས་ཀྱི་དབང་གིས་དེ་རིང་གི་དཀའ་སྡུག་འདི་མྱངས་དགོས་བྱུང་བ་རེད། དཀའ་སྡུག་འདི་མྱོང་བཞིན་མྱོང་བཞིན་ཡང་ད་རུང་གནད་འགག་དེ་ངོས་འཛིན་བྱེད་ཀྱི་མི་འདུག་པར། ཕྱིའི་ཚན་རིག་ལག་ཤེས་ཕྱོགས་ཀྱི་སློབ་ཚན་རིགས་བོད་ཡིག་ནང་མ་བསྒྱུར་བར་ལོ་ངོ་ལྔ་བཅུ་བརྒལ་སོང་བ་མ་ཟད། བཀའ་ཤག་སྐབས་༡༤ནས་བཟུང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་གིས་འཛིན་རིམ་༦ དང་༨ ནས་དབྱིན་ཡིག་ནང་སློབ་ཁྲིད་བྱེད་དགོས་བའི་བཀའ་རྒྱ་ཞིག་བཏང་ཡོད་པ་རེད།
དུས་རབས་ཉི་ཤུའི་ལོ་རབས་༨༠ནང་བོད་ནས་གསར་འབྱོར་སླེབས་རག་བར་དུ་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་མི་རིགས་ཀྱི་ཚེ་སྲོག་སྟེ། བོད་ཡིག་གི་ཚེ་སྲོག་བར་དོའི་ཕྲེང་ལམ་དུ་བསྐྱལ་ཚར་བའི་རིམ་དང།བོད་ནས་གསར་འབྱོར་སླེབས་ནས་བཟུང་ཕྱིར་འཇིག་རྟེན་འདིར་ཅི་ལྟར་བར་དོའི་ཕྲེང་རིམ་ནས་སྲོག་དབང་རྒྱས་བའི་སྐོར་སྔོན་མ་༼རྡ་སའི་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབ་བཏང་སོང་༽ཟེར་བ་ཞིག་བྲིས་ཟིན་པས་འདིར་བསྐྱར་འབྲི་མི་བྱེད།
གསུམ་པ།
ད་ནི་ང་ཚོས་བོད་ཡིག་གི་ཚེ་སྲོག་འདི་མུ་མཐུད་ནས་ཅི་ལྟར་གནས་ཐུབ་མིན་ལ་འབད་དགོས་བ་དེ་རེད། འདིའི་སྐོར་ང་རང་ཉིད་ཀྱིས་དུས་རྒྱུན་ཏུ་བསམ་བློའི་འཁོར་ཕྱོགས་ཞིག་བཤད་འདོད་སྐྱེས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པ་དང་བོད་མི་རིགས་འདི་འཛམ་གླིང་སྟེང་གསོན་པོར་གནས་འདོད་མཁན་ཞིག་ཡིན་ཚེ། དེང་དུས་ཤེས་ཡོན་ལག་ཤེས་རིགས་བོད་ཀྱི་སྐད་ཡིག་ནང་ཚུར་བསྒྱུར་ཏེ་སློབ་ཕྲུག་ཚོའི་སློབ་དེབ་ནང་འཇོག་ཐུབ་པ་བྱེད་དགོས། དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། དེང་སང་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོས་འབོད་སྟངས་ཀྱི་༼རྒྱ་སྨན༽ཟེར་བའི་ནུབ་ཕྱོགས་ཀྱི་གསོ་རིགས་གཤེགས་བཅོས་བྱེད་སྟངས་སོགས་བོད་ཡིག་ནང་བསྒྱུར་སྟེ། བོད་ཡིག་གི་སྒོ་ནས་སློབ་ཁྲིད་གནང་ཐུབ་ཚེ།བོད་རིགས་ནད་པ་ཡིན་ཚེ་ཡང་སྐད་ཀྱི་གོ་བརྡ་འཕྲོད་མིན་དཀའ་ངལ་ཀྱང་མེད་ལ། བོད་ཀྱི་སྐད་ཡིག་རང་ཐོག་ནས་ཕྱིའི་ལག་ཤེས་ཀྱི་སྡེ་ཚན་ཞིག་བེད་སྤྱོད་གཏོང་ཐུབ་པས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྲ་བརྟན་ཏུ་གནས་ཐུབ།
ཡིན་ཡང་མི་ཁ་ཤས་ཀྱིས་ང་ཚོ་ཐ་སྙད་སོགས་ཀྱིས་དཀའ་ངལ་གྱིས་བོད་བསྒྱུར་བྱེད་ཐབས་དཀའ་ཟེར་ངེས་རེད། ཡིན་ཡང་འདི་ནི་འགན་ལེན་འདོད་མེད་པའི་བསམ་བློ་ཞིག་རེད་འདོད། རྒྱུ་མཚན་ནི། ང་ཚོ་བོད་རིགས་ཚོས་༼རྒྱ་སྨན་༽དུ་འབོད་པའི་གསོ་རིགས་གཤེགས་བཅོས་སོགས་ཀྱི་ལག་ཤེས་གསོ་རིག་འདི་ནི། རྒྱ་ནག་གིས་ཀྱང་ནུབ་ཕྱོགས་ཀྱི་སྐད་རིགས་ནས་རྒྱ་ཡིག་ནང་བསྒྱུར་བ་ཞིག་ཡིན་པ་ལས། དང་པོ་ནས་རྒྱ་ཡིག་ནང་ཡོད་པ་ཞིག་མ་ཡིན་པར་དེང་སང་རྒྱ་རིགས་ཁོ་ཚོས་ཀྱང་༼ནུབ་ལུགས་སྨན་༽ཞེས་འབོད་ཀྱི་ཡོད།རྒྱ་རིགས་ཁོ་རང་ཚོའི་གསོ་རིག་ནི་ཕལ་ཆེར་བོད་ཀྱི་གསོ་རིག་དང་འདྲ་མཚུངས་ཞིག་རེད།
དེ་མ་ཡིན་པའི་དཔེར་མཚོན་གཞན་ཞིག་གི་སྟེང་ནས་བཤད་ན། བོད་ཀྱི་སྐད་ཡིག་ནང་བཀའ་འགྱུར་པོད་བརྒྱ་ལྷག་དང་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཡོད། དེ་དག་ཚང་མ་མི་རིགས་གཞན་གྱི་སྐད་ཡིག་ནས་ཚུར་བོད་ཡིག་ནང་བསྒྱུར་བ་རྐྱང་ཡིན་པ་མ་ཟད། སེམས་ཁམས་ཀྱི་ཐ་སྙད་སོགས་བོད་ཡིག་ལས་ལྷག་པ་ཞིག་དེང་སང་མི་འདུག་ཅེས་༧གོང་ས༧མཆོག་གིས་དུས་རྒྱུན་ཏུ་གསུངས་བཞིན་པ་ཚང་མས་ཐོས་ཡོད་སྲིད།
བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ཚན་རིག་ལག་ཤེས་ཀྱི་འཆར་འགོད་པ༼ཨིན་ཅི་ནྰ་རེ༽མི་ག་ཚོད་ཞིག་བསྐྱེད་བསྲིངས་བྱེད་ཐུབ་ཡོད་དམ། ཕལ་ཆེར་མཛུབ་རྩེ་ནས་གྲངས་བགྲངས་སླ་མོ་རེད། གལ་སྲིད་མི་༤ དང་༥ ཡོད་པའི་དབང་དུ་བཏང་ཀྱང་། བོད་ཡིག་གི་ཁུངས་མི་འཁྱོལ་བས་བོད་ཡིག་གི་ཚེ་སྲོག་གསོ་བའི་སྨན་དུ་འགྱུར་བར་ཤིན་ཏུ་ནས་དཀའ་བ་ཞིག་རེད།
༧གོང་ས༧མཆོག་གིས་དུས་རྒྱུན་ཏུ་ཤེས་རིག་ཕྱོགས་ནས་བཀའ་སློབ་བསྩལ་དུས་སུ། རིགས་གཅིག་རྐང་འཛིན་དགོས་ཀྱི་འདུག་ཅེས་གསུངས་ཀྱི་ཡོད། ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་བཀའ་སྤྱིས་རིགས་གཅིག་རྐང་འཛིན་ཟེར་དུས། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྒྱུན་འཛིན་ཁོ་ན་ཞིག་ལ་གོ་ནས་ཡོད་པ་འདྲ་བས། བཀའ་སྤྱི་གཉིས་ལོ་ངོ་༥༠ རིང་གཉིད་རྩ་བ་ནས་སད་མ་ཐུབ་པར་ཡིག་སྒྱུར་སྡེ་ཚན་ཞིག་འཛུགས་མ་ཐུབ་སྟབས་། ༧གོང་ས༧མཆོག་གིས་གདན་ས་ཁག་གི་དགེ་འདུན་པ་རིག་པ་སྨྲ་བ་ཚོའི་སྡེ་ཡི་ནང་དུ་ཚན་རིག་གི་སློབ་མགོ་བཙུགས་པ་རེད། གནས་ཚུལ་འདི་ནི་ང་རང་ཉིད་ཀྱི་བསམ་ཚུལ་ལ་དགའ་ཞིང་སྤྲོ་བའི་གནས་ཞིག་རེད།
ཐོག་མར་དགེ་འདུན་པ་འགའ་རྡ་སའི་དཔེ་མཛོད་ནས་ཚན་རིག་ལག་ཤེས་ཀྱི་སློབ་དེབ་སྦྱངས་པ་ནས་བཟུང་། དེ་རིང་དགེ་འདུན་པ་མང་པོ་ཞིག་ཨ་རིར་ཚན་རིག་སློབ་སྦྱོང་དུ་ཕྱིན་ཡོད་པ་མ་ཟད། རྡ་སའི་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་འགན་ཁྱེར་སྟེ། ཚན་རིག་གི་སྡེ་ཚན་འགའ་རེ་བོད་དབྱིན་ཤན་སྦྱར་དང་འབྲེལ་དཔེ་དེབ་འགའ་བོད་ཡིག་ནང་སློབ་དེབ་སྐྲུན་ཡོད། འདི་ནི་བོད་ཡིག་གི་ཚེ་སྲོག་གསོ་བའི་གོམས་པ་དང་པོ་རེད་ཅེས་ཕྲན་གྱིས་རྒྱུན་ཏུ་བཤད་བཞིན་ཡོད། དེ་མིན་ང་ཚོ་རང་དབང་ཐོབ་སྟེ་བོད་ལ་སླེབས་པའི་ཉིན་མོ་ཡང་སྙིང་རྗེ་མེད་པའི་མི་རིགས་དེའི་གཉའ་གནོན་འོག་ནས་བསྡད་དགོས་རྒྱུ་རེད་སྙམ། དེས་རྐྱེན་ང་ཚོས་ངེས་བར་དུ་རང་གི་སྐད་ཡིག་གི་སྒོ་ནས་ཚན་རིག་ལག་ཤེས་སོགས་རང་མགོ་ཐོན་པ་བྱེད་དགོས་ཅེས་འབོད་སྐུལ་བོད་མི་ཡོངས་ལ་ཞུ་བཞིན་ཡོད་ལ།
ལོ་ངོ༥༠རྗེས་ནས་རིག་པ་སྨྲ་བ་ཚོའི་སྡེ་ནས་ཚན་རིག་ལག་ཤེས་ཀྱི་སྨྱུ་གུ་འབུས་ནས་ཡོང་བཞིན་པ་ལ། བཀའ་སྤྱིས་ངོས་ནས་ཀྱང་དེ་ལ་ཕྱོགས་གང་ཅིའི་ཐད་ནས་རམ་འདེགས་ཞུ་བའི་འབོད་སྐུལ་དང་བཅས།
ཡོ་རུབ་ནས་༢༧/༩/༢༠༡༣ལ་བྲིས།
སྐད་ཆ་འདི་དག་ངོ་མ་བདེན་པ་རེད། བོད་མི་རིགས་ཀྱི་ཆེད་དུ་ཕུགས་རྒྱང་པོའི་བསམ་གཞིག་གནང་མཁན་ཞིག་གི་བཀའ་མོས་རེད། བློ་ཕམ་པ་ཞིག་ལ་བཀའ་སྤྱི་གཉིས་ཀྱིས་འདིའི་སྐོར་ལ་ཁ་ལག་གཉིས་ཀ་འགུལ་མཁན་ཞིག་མི་འདུག དེ་ལས་ལྡོག་ཏེ་བོད་མི་རིགས་ཀྱི་སྐད་ཡིག་ཤི་བཅུག་བརྩིས་བྱེད་ཀྱི་འདུག
རྗེའུ་བོད་མི་རིགས་སྐྱབས་བཅོལ་བསྡད་པའི་རིང་ཁྱད་ལས་ལག་ཤེས་སློབ་སྦྱོང་བྱས། བཟོ་གྲྭ་བཙུགས། མ་དངུལ་བསགས། དེང་སང་ག་འདྲ་མི་འདུག་གམ། འཛམ་གླིང་ཐོག་ཏུ་གོ་ལག་ཆ་བཟོ་དགོས་ན་ཨང་དང་པོའི་གྲལ་རེད། བོད་མི་ཚོས་མིག་གིས་ཡང་བལྟ་ཤེས་ཀྱི་མི་འདུག བཟང་དཔེར་ལེན་ཤེས་ཀྱི་མི་འདུག
རྡ་སའི་རྐུ་ངོ་ལགས་རྣམས་པ་ཚོས་ཉིན་མཚན་དུས་དྲུག་ཏུ་གཅིག་གིས་གཅིག་ལ་ནག་ཉེས་ག་འདྲ་སུ་འཛུགས་དགོས། ཉེས་ཞྭ་ག་འདྲའི་སུ་སྐོན་དགོས། ༧གོང་ས་མཆོག་དང་འགལ་ཟླ་ག་འདྲ་སུ་འགྲོ་བཅུག་དགོས་བསམས་ནས་རིག་པ་སྒྲིལ་ནས་བསྡད་པ་ལས་གཞན་དག་བསམ་བློ་བཏང་གི་མི་འདུག་ག བློ་ཕམ་རེད། སྤྱིའི་ཆ་ནས་རེ་ཅང་ལྷག་མི་འདུག་ག
བཀའ་མོལ་འདི་ནི་ཕུགས་རྒྱང་རིང་པོ་མཐོང་བའི་རྟགས་རེད། ཡིན་ཡང་བཙན་བྱོལ་གྱི་བཀའ་སྤྱི་ལ་རེ་སྐུལ་ཞུས་ཚེ། རྡོ་ཐོག་ལ་ཆུ་བླུགས་པ་འདྲ་བོ་ཡིན།སེམས་ལ་འཁོར་རྒྱུ་འདྲ་མེད་ཐག་ཆོད་ཡིན། ཁྱེད་ཀྱིས་གསུངས་པ་ལྟར་ལོ་ངོ་ལྔ་བཅུའི་རིང་ཤེས་རིག་གི་ཐད་ནས་གཉིད་མ་སད་ལྟར་བསྡད་པ་རེད།
ཡག་པོ་ཞེ་དྲག་འདུག། བོད་དང་བོད་མི་རིགས་ལ་ད་ལྟ་རང་དབང་ཡོད་པ་ནི་སོ་སོའི་སྐད་རྒྱབ་རྒྱུ་དང་སོ་སོའི་གོ་གོན་རྒྱུ་དེ་རེད། ཡིག་ཐོག་དང་རྩོམ་ཡིག་མི་ལ་དེ་ལྟར་བྱེད་དགོས་སོགས་གཏམ་རྫིག་པོ་བྱེད་སྡོད་པ་ཙམ་གྱི་དངོས་ནས་ཕན་པ་ཡོད་མ་རེད། གོང་དུ་ཞུས་པ་བཞིན་གང་དུ་སོང་ཡང་ག་བ་ཡིན་ཡང་དམིགས་གསལ་དུ་ཆེ་ཆུང་ལ་མི་ལྟོས་པའི་བོད་ཀྱི་མཛད་སྒོ་སྐབས་སོ་སོའི་གོས་(བོད་ཆས) གོན་རྒྱུ་དེ་གནད་གག་ཞིག་འདུག་སྙམ་་་་
དངོས་གནས་སྐུ་ཞབས་ཅོ་ཉིས་གསུངས་པ་བཞིན་ཕུགས་རྒྱང་རིང་བའི་བཀའ་མོལ་རེད་མོད།ཡིན་ཡང་ད་རུང་དཀའ་ས་རེད།ཁ་སང་དེ་རིང་རྡོ་རྗེ་གདན་ན་བོད་ཀྱི་བླ་ཆེན་མཁས་ཆེན་ཚོར་འཚོགས་ནས་བཀའ་བསྟན་ཡིག་བསྒྱུར་སྐོར་ལ་གྲོས་མོལ་བྱེད་ཀྱིས་འདུག་ཟེར་ནས་བང་ཆེན་ན་འདུག ནུབ་ཕྱོགས་ཚན་རིག་བོད་ཡིག་ཏུ་བསྒྱུར་རྒྱུ་ལ་ཁོང་ཚོ་རྣམ་རྟོག་ལངས་ཀི་ཡོད་ས་རེད།བཙན་བྱོལ་རེ་བ་མེད་ཡ།སེམས་ཤི་ནས་ཡོད།
ཕྱི་རྩོམ་བོད་བསྒྱུར་བྱེད་ཐུབ་ན་བོད་ཡིག་ལ་རེ་བ་ཡོད།
བོད་རྩོམ་དབྱིན་བསྒྱུར་བྱས་ན་བོད་ཡིག་གི་རྩ་རྐང་ཆད་པའི་ཉེན་ཁ་ཡོད།
འདི་ནི་ང་རང་དགེ་རྒན་ཞིག་གིས་སློབ་གྲྭའི་ནང་ལོ་མང་བོར་ལས་ཀ་བྱས་པའི་ཉམས་མྱོང་གི་སྟེང་ནས་བཤད་པ་ཡིན། ཞིབ་འཇུག་གནང་རོགས།
དགེ་རྒྱམ་གྱིས་གསུངས་པ་དང་རྩོམ་ཁོ་རང་ནང་བྲིས་པ་ཕྱོགས་རིགས་གཅིག་རེད་མོད།ཡིན་ཡང་མ་རྩོམ་ནང་ཚན་རིག་ལག་ཤེས་སྐོར་བོད་བསྒྱུར་བྱེད་རྒྱུའི་སྐོར་དེ་གལ་ཆེན་རེད་སྙམ། དེ་མིན་ཕྱི་རྩོམ་ཁོ་ན་བོད་ཡིག་ནང་བསྒྱུར་ཙམ་གྱིས་བོད་ཡིག་གི་རྐང་འཛིན་ཐུབ་ཀྱི་མ་རེད་བསམ་གི བཙན་བྱོལ་ན་བོད་རྩོམ་ཀློག་མཁན་ག་ཚོད་ཞིག་ཡོད་ཀྱི་རེད།