ད་ལོ་དབྱར་ཀར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ཅན། ནོ་སྦེལ་རྩོམ་རིག་གི་བྱ་དགའ་ཐོབ་མཁན། ཨེ་ལེག་བཟན་ཌར་ ཨི་ས་ཡེ་ཝི་ཆི་ སོལ་རྫི་ནེས་སིན་གྱིས་བརྩམས་པའི་ཨེ་ཝན་ ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག་ཅེས་པ་དེའི་བོད་འགྱུར་མ་དཔེ་སྐྲུན་བྱས་འདུག དེ་བོད་ཡིག་ཏུ་སྒྱུར་མཁན་གཡང་འབུམ་རྒྱལ་ལགས་ཡིན་པ་དང་། པད་མ་འབུམ་ལགས་ནས་དེ་ལ་སྔོན་གླེང་ཞིག་བྲིས་ཡོད་པ་གཤམ་གསལ་ལྟར།
སྔོན་གླེང་།
ད་ལོ་ནས་བརྩིས་པའི་ལོ་འཁོར་ལྔ་བཅུ་དག་དག་གི་སྔོན་ཏེ། སྤྱི་ལོ་ ༡༩༦༢ ལོར་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་སྲོལ་འབྱེད་མཁན། འཛམ་གླིང་སྟེང་གི་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་རྣམས་ཀྱི་སྣ་འདྲེན་མཁན་སུའུ་ཝེ་ཨེད་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྩོམ་རིག་དང་ཆབ་སྲིད་གཉིས་ཀ་ཡོ་འཁྱོམ་བྱེད་དུ་འཇུག་པའི་སྒྲུང་རྩོམ་གལ་ཆེན་ཞིག་པར་སྐྲུན་བྱས། སྒྲུང་རྩོམ་དེ་ནི་ད་ལྟ་ང་ཚོས་ཀློག་བཞིན་པའི་ ཨེ་ལེག་བཟན་ཌར་ ཨི་ས་ཡེ་ཝི་ཆི་ སོལ་རྫི་ནེས་སིན་གྱིས་བརྩམས་པའི་<<ཨེ་ཝན་ ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག་>> ཅེས་པའི་སྒྲུང་རྩོམ་འདི་ཡིན། ༡༩༦༢ ལོར་སུའུ་ཝེ་ཨེད་ཀྱི་ཟླ་རེའི་རྩོམ་རིག་དུས་དེབ་ “ནོ་ཝེ་ མིར་ ” ( Novy Mir) ཞེས་པ་དེའི་ཐོག་ལ་སྒྲུང་རྩོམ་འདི་དཔེ་སྐྲུན་བྱས་མ་ཐག་ཉིན་གཅིག་གི་ནང་དུས་དེབ་དེ་དེབ་གྲངས་དགུ་ཁྲི་ལྔ་སྟོང་མི་རྣམས་ཀྱིས་འཕྲོག་ཉོ་བྱས་ནས་ཚར། དེ་ནས་བཟུང་སྒྲུང་རྩོམ་འདིའི་རྩོམ་པ་པོ་འདི་སྤྱིར་བཏང་གི་སློབ་འབྲིང་གི་རྩིས་རིག་གི་དགེ་རྒན་ཞིག་འཛམ་གླིང་ཡོངས་ལ་སྙན་གྲགས་རྒྱས་ནས་༡༩༧༢ ལོར་ཁོང་ལ་ནོ་སྦེལ་རྩོམ་རིག་བྱ་དགའ་ཡང་ཐོབ། ད་ལྟ་ཁོང་གི་བརྩམས་ཆོས་འདི་འཛམ་གླིང་ཐོག་ལ་སྐད་ཡིག་མང་པོར་བསྒྱུར་ནས་འཛམ་གླིང་གི་གྲགས་རྩོམ་གྱི་གྲས་ཡིན།
སྒྲུང་རྩོམ་འདི་དཔེ་སྐྲུན་བྱས་ནས་ལོ་ངོ་ལྔ་བཅུ་དང་། ནོ་སྦེལ་རྩོམ་རིག་གི་བྱ་དགའ་ཐོབ་ནས་ལོ་ངོ་བཞི་བཅུ་འཁོར་བའི་དེ་རིང་ད་གཟོད་བོད་ཡིག་ཏུ་སྒྱུར་ནས་པར་སྐྲུན་བྱེད་ཐུབ་པ་རེད། དབྱིན་སྐད་ལྟ་བུའི་སྐད་ཡིག་གསོན་སྟོབས་ཅན་ཞིག་ལ། གྲགས་རྩོམ་ཞིག་རང་སྐད་དུ་འགྱུར་བ་ལ་དུས་རབས་ཕྱེད་ཀ་དགོས་པ་ནི་བློ་ངོར་མི་ཤོང་བའི་གནས་ཚུལ་ཞིག་ཡིག་ལས་ཆེ། དེ་ཚོ་ལ་ནི་ང་ཚོ་བོད་པའི་ཤེས་ཡོན་ཅན་གྱི་སྡེ་ཆུང་ཆུང་དེའི་ནང་ལ་གྲགས་པའི་རྩོམ་ཞིག་ཡིན་ན་ཡང་ལོ་རེ་ཟུང་གི་ནང་ལ་ཁོ་ཚོའི་སྐད་དུ་བསྒྱུར་ནས་དཔེ་སྐྲུན་བྱེད་ཀྱི་ཡོད། ཡིན་ན་ཡང་ང་ཚོའི་བོད་ལ་མཚོན་ན་གྲགས་རྩོམ་ཞིག་རང་སྐད་དུ་འགྱུར་བ་ནི་ལོ་ངོ་ལྔ་བཅུ་དྲུག་ཅུ་དང་། ཐ་ན་བརྒྱ་ལྷག་འགོར་ན་ཡང་བློ་ངོ་ལ་མི་བདེ་རྒྱུ་མེད་པའི་དོན་དག་ཅིག་ཡིན། འཛམ་གླིང་གི་གྲགས་རྩོམ་མང་པོ་བོད་སྐད་དུ་འགྱུར་མེད་ལ། འགྱུར་རྒྱུའི་རེ་བ་ཡང་བྱེད་ཀྱི་མེད།
འཛམ་གླིང་གི་གྲགས་རྩོམ་བོད་སྐད་ལ་འགྱུར་དལ་བ་ལ་རྒྱུ་རྐྱེན་ཁ་ཤས་ཡོད་པ་ལས། དང་པོ་ནི་ནང་ཆོས་རིག་གནས་ཀྱི་མཆོག་འཛིན་གྱི་བློ་དེ་ཡིན། ང་ཚོས་ ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། གནའ་རབས་རྒྱ་གར་གྱི་ནང་ཆོས་རྩོམ་རིག་དང་། དེ་ལ་ལད་ཟློས་བྱས་ནས་བྱུང་བའི་བོད་ཀྱི་ནང་ཆོས་རྩོམ་རིག་དེ་གཉིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་མཆོག་ཏུ་བསྒོམས་བསྒོམས་ནས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་བར་དུ་སྐད་ཡིག་གཞན་པའི་རྩོམ་རིག་ཅིག་རང་སྐད་དུ་བསྒྱུར་བ་དང་ཤེས་རྟོགས་ཀྱི་རྩོལ་བ་བྱས་རྟགས་ཤིག་མཐོང་དཀའ། དུས་རབས་བཅུ་གཅིག་པའི་སྟོད་ཆ་ལ་གཏེར་དུ་སྦས་པར་ངོས་འཛིན་བྱེད་པའི་ཏུན་ཧོང་གཏེར་ཡིག་ཏུ་རྒྱ་ཡིག་ནས་ཡིག་སྒྱུར་བྱས་པའི་བརྩམས་ཆོས་ཧ་ཅང་ཉུང་ཉུང་ཞིག་ཡོད། དུས་དེ་ནས་བཟུང་དུས་རབས་གོང་མའི་སྟོད་ཆའི་བར་དུ་མི་རིགས་གཞན་པའི་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་བ་ཧ་ལམ་མཐོང་རྒྱུ་མེད་པའི་ཚད་ཡིན། དེས་ན་ཉུང་མཐའ་ཡང་ལོ་བརྒྱད་བརྒྱ་ལྷག་གི་རིང་ལ་རྒྱ་གར་གྱི་རྩོམ་རིག་ལས་གཞན་མི་རིགས་གཞན་པ་ཞིག་གི་རྩོམ་རིག་བརྩམས་ཆོས་ཤིག་བོད་ཡིག་ཏུ་བསྒྱུར་མེད། ཏུན་ཧོང་གི་གཏེར་ཡིག་ཏུ་བོད་ཡིག་ཏུ་བསྒྱུར་ཡོད་པའི་རྒྱ་ཡིག་གི་གནའ་དཔེ་ཞང་ཤུ་(尚书)དང་ཀྲན་གོ་ཚའེ་(战国策)་ཟེར་བ་ལྟ་བུ་དག་ནས་དུ་བུ་རེ་བསྒྱུར་ཡོད། གལ་སྲིད་དེ་དག་སྒྱུར་སྐབས་ནི་བོད་བཙན་པོའི་རྒྱལ་ཁབ་ཀྱིས་ཏུན་ཧོང་ལ་དབང་སྒྱུར་བྱེད་སྐབས་ཡིན་ན། དེ་ནས་བཟུང་རྒྱ་གར་གྱི་རྩོམ་རིག་གཅིག་པོ་མ་གཏོགས་སྐད་ཡིག་གཞན་པའི་རྩོམ་རིག་བོད་ཡིག་ཏུ་མ་བསྒྱུར་བའི་ལོ་རྒྱུས་དེ་ལོ་ངོ་སྟོང་ཕྲག་ལྷག་བརྒལ་ཐུབ།
དུས་རབས་ཉི་ཤུའི་སྟོད་ཆ་ནས་བཟུང་། གནའ་བོའི་རྒྱ་གར་སྐད་ཀྱི་རྩོམ་རིག་གཅིག་པོ་མ་ཡིན་པའི་སྐད་ཡིག་གཞན་པ་ནས་བོད་ཡིག་ཏུ་བསྒྱུར་བ་ཡང་ཉུང་ཉུང་རེ་མཐོང་རྒྱུ་ཡོད། ལ་རྩེ་དཔེ་མཛོད་ཁང་ན་༡༩༢༢ ལོར་དཔེ་སྐྲུན་བྱས་པའི་ལྷ་མོའི་རྣམ་ཐར་ཟེར་བའི་དབྱིན་ཡིག་ནས་བསྒྱུར་བའི་དཔེ་དེབ་ཅིག་ཡོད་ལ། དེ་ནི་དབྱིན་ཡིག་ནས་བསྒྱུར་བའི་བྱིས་སྒྲུང་ཕྱོགས་བསྒྲིགས་ཤིག་ཡིན། ད་དུང་ སན་མིན་ཀྲུའུ་ཡི་ཡོ་ཡི་ཟེར་བ་དང་ལེགས་སྦྱར་ཕྱོགས་བསྒྲིགས་བྱས་པའི་དེབ་གཉིས་གློག་བཤུས་བརྒྱབ་པ་ཡོད། དེ་གཉིས་ནི་རྒྱ་ནག་གོ་མིན་ཏང་གི་མི་སེར་དོན་གསུམ་རིང་ལུགས་ཟེར་བའི་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འགྲེལ་བཤད་ཡིན། ཕལ་ཆེར་ལོ་རབས་སུམ་ཅུའི་མཇུག་ཙམ་ལ་དཔེ་སྐྲུན་བྱས་ཡོད།
དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་འགོ་ལ་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་ཡོངས་ལ་དབང་སྒྱུར་བྱས་པ་ནས་བཟུང་རྒྱ་བོད་ཡིག་སྒྱུར་གྱི་ཆུ་ལོག་ཅིག་བརྡོལ། རྒྱ་ནག་གུང་ཁྲན་ཏང་གི་གཞུང་གིས་བོད་ཁམས་ཡོངས་ལ་རང་གི་དབང་སྒྱུར་དང་ལྟ་བ་སྤེལ་ཆེད་འཛིན་སྐྱོང་དང་། དྲིལ་བསྒྲགས། དམར་པོའི་ལྟ་བ་སྤེལ་བ་བཅས་ཀྱི་ཆེད་དུ་བོད་ཡིག་གི་དཔེ་དེབ་དང་དུས་དེབ། ཚགས་པར་སོགས་དཔེ་སྐྲུན་ཕོན་ཆེ་བྱས། དེ་དུས་ད་དུང་རྒྱ་ནག་གུང་ཁྲན་ཏང་གི་ལྟ་བ་དྲིལ་བསྒྲགས་བྱེད་པའི་རྩོམ་རིག་བརྩམས་ཆོས་ཀྱང་གང་འཚམས་ཤིག་ཡིག་སྒྱུར་བྱས་ཡོད་ལ། རྒྱལ་སྤྱིའི་ཐོག་གི་དམར་པོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་རྩོམ་རིག་དང་གློག་བརྙན་གྱི་བརྩམས་ཆོས་འགའ་རེ་ཡང་བོད་ཡིག་ཏུ་ངོ་སྤྲོད་དང་སྒྱུར་འགོ་བརྩམས་ཡོད།
དེ་དུས་རྒྱལ་སྤྱིའི་ཐོག་གི་དམར་པོའི་སྲིད་དབང་འཛུགས་མཁན་དང་པོ་དང་དམར་པོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྣེ་འཁྲིད་མཁན་དེང་སང་གི་ཨུ་རུ་སུ་འདི་ཡིན་ལ། འདི་ནི་རྒྱ་ནག་དམར་གཞུང་གིས་ཆེ་ས་ཆབ་སྲིད་ཀྱི་ལྟ་གྲུབ་དང་། སྲིད་གཞུང་གི་ལམ་ལུགས་ནས་ཆུང་ས་སློབ་གྲྭའི་འཛིན་གྲྭ་ཚོགས་སྟངས་ཚུན་གྱི་མ་དཔེ་ལེན་སར་གྱུར། དེ་དུས་ཕྱི་རྒྱལ་གྱི་རྩོམ་རིག་གི་ལྟ་གྲུབ་དང་རྩོམ་པ་པོ། བརྩམས་ཆོས་ངོ་སྤྲོད་བྱེད་ན་ཨུ་རུ་སུ་ཡི་རྩོམ་པོ་ངོ་སྤྲོད་བྱེད་པ་ནི་ཆེས་རང་བཞིན་ཅན་ཞིག་ཡིན། དཔེར་ན་ཨུ་རུ་སུའི་དམར་ཕྱོགས་ཀྱི་རྩོམ་པ་པོ་ཀོ་ཨེར་ཅི་ (Maksim Gorky)ཟེར་བ་དེ་དང་། དེའི་རྩོམ་ཡིག་རྒྱ་མཚོའི་ཁུག་རྟ་ཟེར་བ་ལྟ་བུ་ནི་བོད་ལ་ལོ་རབས་དྲུག་ཅུའི་ནང་ནས་གྲགས་ཡོད་ལ། བོད་ནང་ན་ནིང་ད་ལོའི་རྩོམ་རིག་དཔྱད་བརྗོད་ཀྱི་རྩོམ་ཡིག་གི་ནང་དུ་ད་དུང་རྩོམ་པ་པོ་འདི་གླེང་བཞིན་ཡོད།
གཡོན་ཐལ་ཆེ་བའི་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་བཀག་སྡོམ་ཡང་རྩོམ་རིག་ཡིག་སྒྱུར་གྱི་གེགས་རྐྱེན་ཞིག་ཡིན། བརྩམས་ཆོས་ཤིག་འཛམ་གླིང་ལ་ཇི་ལྟར་གྲགས་ན་ཡང་། རྒྱ་ནག་དམར་གཞུང་གི་ལྟ་བའི་ཐོག་ནས་མོས་མཐུན་མེད་པའི་རྩོམ་རིག་བརྩམས་ཆོས་ཤིག་བོད་ཡིག་ཏུ་འགྱུར་ཐབས་མེད། བརྩམས་ཆོས་ཤིག་སྤྱིར་བཏང་གི་མར་ཁེ་སིའི་ལྟ་གྲུབ་དང་མཐུན་པ་ཙམ་གྱིས་ཀྱང་མི་འཐུས། གཙོ་བོ་ནི་སྐབས་ཐོག་དེའི་མའོ་ཙེ་ཏུང་གི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མཐུན་དགོས་པ་ཡིན། རིག་གནས་གསར་བརྗེའི་སྔོན་ལ་སྤྱིར་བཏང་གི་མར་ཁེ་སིའི་ལྟ་གྲུབ་དང་མཐུན་པར་བསམས་ནས་རྒྱ་ཡིག་ཏུ་བསྒྱུར་བའི་བརྩམས་ཆོས་མང་པོ་ཞིག་རིག་གནས་གསར་བརྗེའི་སྐབས་ལ་ཚང་མ་ “དུག་རྩྭ་”ཟེར་བར་བརྩིས་ནས་མི་རྣམས་ཀྱིས་མཐོང་མི་ཆོག་པར་གྱུར་ཡོད། རིག་གནས་གསར་བརྗེ་སྔོན་ལ་རྒྱ་ནག་རང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་རྒྱབ་སྐྱོར་གྱིས་བརྩམས་ཆོས་སྤེལ་མཁན་གྱི་རྩོམ་པ་པོ་དང་སྒྱུ་རྩལ་པ་གང་མང་ཞིག་རིག་གནས་གསར་བརྗེའི་སྐབས་ལ་འཐབ་རྩོད་བྱ་ཡུལ་དུ་གྱུར་ནས་འུ་ཐུག་གིས་རང་སྲོག་གཅོད་དགོས་པ་ཡང་གང་མང་བྱུང་ཡོད། <<ཨེ་ཝན་ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག>>ལྟ་བུའི་དམར་པོའི་སྲིད་གཞུང་གི་གཏུམ་སྤྱོད་དང་སྒེར་སྤྱོད་ཀྱི་སྲིད་སྤྱོད་མཚང་འབྱིན་བྱེད་པའི་སྒྲུང་རྩོམ་འདི་འདྲ་ནི་བོད་ཡུལ་དུ་བོད་ཀྱི་སྐད་ཡིག་གི་ལམ་ནས་ཐབས་མེད་པ་ནི་སྨོས་མ་དགོས་པ་ཞིག་ཡིན།
ད་ལྟ་ང་ཚོས་ཀློག་བཞིན་པའི་<<ཨེ་ཝན་ ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག>>ཞེས་པ་འདི་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་སྔོན་ལ་རྒྱ་ནག་དམར་གཞུང་གི་དབང་འོག་ཏུ་ལྷག་པར་དུ་ཡང་བོད་ཡིག་ཏུ་འགྱུར་ཐབས་མེད་པ་ཞིག་ཡིན། དེ་ནི་སྒྲུང་རྩོམ་འདིས་སུའུ་ཝེ་ཨེ་ཡིག་དམར་གཞུང་གི་གཏུམ་སྤྱོད་ཀྱི་རང་བཞིན་མཚང་འབྱིན་བྱེད་པ་ཁོ་ནས་མ་ཡིན་པར། ༡༩༦༢ ལོར་སྒྲུང་རྩོམ་འདི་ཨུ་རུ་སུ་ལ་དཔེ་སྐྲུན་གྱི་ཆོག་མཆན་གནང་མཁན་ཏེ། སུའུ་ཝེ་ཨེ་དམར་གཞུང་གི་གཙོ་འཛིན་དང་པོ། རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེའི་སྔ་གཞུག་ཀུན་ཏུ་ངན་སྒྲོགས་རྒྱ་ཆེར་བྱས་པའི་ཧེ་ལོའུ་ཤོ་ཧྥུ་ཞེས་གྲགས་པ་དེའི་རྐྱེན་གྱིས་ཡིན། རང་ཉིད་དམར་ཕྱོགས་པའི་ཚོགས་མི་ཡིན་ན་ཡང་ཁོས་ཐེངས་དང་པོ་སུའུ་ཝེ་ཨེ་ཡི་དམར་ཕྱོགས་ཀྱི་གཏུམ་དྲག་དང་སྒེར་སྤྱོད་ཀྱི་གཞུང་སྤྱོད་ལ་སྐྱོན་ཞིབ་དང་། སི་ཏ་ལིན་གྱི་དྲག་རྩུབ་ཀྱི་སྲིད་ཇུས་ལ་མཚང་འབྱིན། སུའུ་ཝེ་ཨེ་གཞུང་ནས་རྒྱ་ནག་ལ་དཔལ་འབྱོར་དང་འཛུགས་སྐྲུན་གྱི་རོགས་རམ་བྱེད་བཞིན་པ་རྣམས་མཚམས་འཇོག་དང་ཕྱིར་འཐེན་བྱས་སྟབས། རྒྱ་ནག་དམར་གཞུང་དང་སུའུ་ཝེ་ཨེད་དམར་གཞུང་གཉིས་བར་གྱི་འདུམ་ཐབས་མེད་པའི་འགལ་ཟླ་དེ་བྱུང་། འགལ་ཟླ་དེའི་རྗེས་སུ་ཨུ་རུ་སུ་ནི་ཨ་རི་ལས་ལྷག་པའི་རྒྱ་ནག་གི་དམར་གཞུང་གི་དགྲ་བོའི་རྒྱལ་ཁབ་ཏུ་གྱུར་བ་དང་། ཧེ་ལོའུ་ཤའོ་ཧྥུ་ནི་རྒྱ་ནག་གི་དམར་གཞུང་དབང་འོག་ཏུ་ཆུང་བྱིས་པ་ལོ་གསུམ་ཡན་གྱིས་འབོད་ཤེས་པའི་དགྲ་བོ་དང་པོ་དེ་ཡིན། དེས་ཆོག་མཆན་གྱིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ལ་རྒྱ་ནག་དམར་གཞུང་གི་ཡིག་སྒྱུར་དང་དཔེ་སྐྲུན་གྱི་མོས་མཐུན་ཡོང་ཐབས་མེད་པ་དེ་ཡང་སྨོས་མ་དགོས་པ་ཞིག་ཡིན།
འཛམ་གླིང་གི་གྲགས་རྩོམ་བོད་ལ་འགྱུར་དལ་བའི་རྒྱུ་རྐྱེན་ཆེན་པོ་གཞན་ཞིག་ནི་སྐད་ཡིག་ཡིན། བོད་ནང་ལ་གྲགས་རྩོམ་ཞིག་ཤེས་རྟོགས་འབྱུང་བའི་ལམ་ཁ་གཙོ་བོ་རྒྱ་ཡིག་ཡིན། རིག་གནས་གསར་བརྗེའི་སྐབས་དང་དེའི་རྗེས་ལ། རྒྱ་ནག་རང་གི་རྩོམ་རིག་དང་བོད་ཀྱི་རྩོམ་རིག་གཉིས་བར་གྱི་འབྲེལ་བ་ནི་ལྟག་ཆུ་དང་རྫིང་བུའི་འབྲེལ་བ་ཡིན་ཞེ་ན་ཡང་བརྗོད་ཐལ་ཤོར་མེད།་་་་རྒྱ་ཡིག་གི་བརྩམས་ཆོས་ཤིག་བོད་ཡིག་ལ་བསྒྱུར་ན་རྒྱ་ཡིག་ནས་ལོས་བསྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྩོམ་རིག་གི་བརྩམས་ཆོས་ཤིག་བོད་ཡིག་ལ་བསྒྱུར་ན་ཡང་རྒྱ་ཡིག་མ་བསྒྱུར་ཐབས་མེད་ཡིན། ཕལ་ཆེར་དུས་རབས་གོང་མའི་ལོ་རབས་དགུ་ཅུ་བར་དུ་རྒྱ་ཡིག་ལ་མ་འགྱུར་བའི་ཕྱི་རྒྱལ་གྱི་གྲགས་རྩོམ་ཞིག་ནི་བོད་ཡིག་ཏུ་འགྱུར་ལམ་མེད་པ་ལྟ་བུ་ཞིག་ཡིན། འཛམ་གླིང་ན་བརྩམས་ཆོས་ཤིག་འབྲུག་སྒྲ་ལྟར་ལྡིར་ན་ཡང་། རྒྱ་ཡིག་ལ་མ་འགྱུར་ན་བོད་པ་རྣམས་ཀྱིས་དེ་ཤེས་ཐབས་གཏན་ནས་མེད། ཡིན་ན་ཡང་རྒྱ་ཡིག་རང་ཉིད་ཀྱང་རིག་གནས་གསར་བརྗེའི་སྐབས་སུ་ལྟ་ཆབ་སྲིད་ཀྱི་སྒྲོག་གིས་བཅིངས་ནས། འཛམ་གླིང་གི་གྲགས་རྩོམ་རྒྱ་ཡིག་ལ་འགྱུར་བར་བཀག་རྒྱ་ཆེན་པོ་ཐེབས་ཡོད།
རྒྱ་ནག་གི་སྲིད་ཇུས་གུ་ཡངས་སུ་སོང་ནས་ལོ་རབས་བརྒྱད་ཅུ་སླེབས་སྐབས་་རྒྱ་ཡིག་གི་ཐོག་ནས་ཕྱི་རྒྱལ་གྱི་གསུང་རྩོམ་དང་རྩོམ་རིག་བརྩམས་ཆོས་བོད་ཡིག་ལ་སྒྱུར་འདོད་མཁན་དང་སྒྱུར་མཁན་ཇེ་མང་དུ་གྱུར། འདི་ནི་བོད་ཡིག་ལ་ཤ་ཞེན་ཞིག་ཡིན་པ་ནི་སྨོས་ཅི་དགོས། ཡིན་ན་ཡང་དེའི་དགོས་པ་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཚང་མས་ཤེས་གསལ་ལྟར། སྒྱུར་བྱེད་ཀྱི་རང་སྐད་དེ་ཤེས་མཁན་མང་ལ་བསྒྱུར་བྱའི་སྐད་ཡིག་དེ་ཤེས་མཁན་ཉུང་བ་ནི་ཡིག་སྒྱུར་གྱི་རྩ་བའི་ཆ་རྐྱེན་ཡིན། ཡིན་ན་ཡང་བོད་ཡུལ་དུ་རིག་གནས་གསར་བརྗེའི་རྗེས་ལ་བསྒྱུར་བྱ་རྒྱ་ཡིག་ཤེས་མཁན་ཇེ་མང་དང་སྒྱུར་བྱེད་བོད་ཡིག་ཤེས་མཁན་ཇེ་ཉུང་དུ་འགྲོ་འགོ་བརྩམས་ཡོད། ད་དུང་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཤེས་མཁན་གྱི་གྲངས་འབོར་ཡང་འཕེལ་བཞིན་ཡོད་པ་ལ། ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་སྒྱུར་འདོད་མཁན་དང་སྒྱུར་མཁན་ཚང་མ་མི་འདིའི་གྲས་ཡིན། ཕྱི་རྒྱལ་གྱི་གྲགས་རྩོམ་ཀློག་འདོད་མཁན་ཡང་མི་འདིའི་གྲས་ཡིན་པ་ལ། ཁོང་ཚོས་བོད་འགྱུར་མ་མ་བཀླགས་སྔོན་ལ་རྒྱ་ཡིག་གི་སྟེང་ནས་བཀླགས་ཚར་ཡོད།
རྒྱ་ཡིག་ཤེས་པའི་བོད་པའི་མི་འབོར་དང་བསྡུར་ན། བོད་པའི་ནང་ན་དབྱིན་སྐད་ཤེས་པའི་མི་གྲངས་ནིགནས་སྐབས་འདི་ལ་ཧ་ཅང་ཉུང་ཉུང་ཡིན། བོད་ཡུལ་ལ་རྒྱ་སྐད་ནང་བཞིན་དབྱིན་སྐད་ཁྱབ་བརྡལ་དུ་མི་འགྲོ་ན་ཐང་། ཡིན་ན་ཡང་དེ་ཤེས་མཁན་ལོ་རེ་ལོ་རེར་ཇེ་མང་ལ་འགྲོ་བཞིན་པ་མ་གཏོགས་ཇེ་ཉུང་ལ་འགྲོ་གི་མེད་པ་འདི་ཡང་དོན་དངོས་རེད། ཇི་ཙམ་གྱིས་དབྱིན་སྐད་ཤེས་མཁན་ཇེ་མང་དུ་སོང་ན་དེ་ཙམ་གྱིས་དབྱིན་སྐད་བརྩམས་ཆོས་སྒྱུར་བའི་དགོས་པ་ཡང་ཇེ་ཆུང་ལ་འགྲོ་བ་ནི་རང་བཞིན་ཡིན། དཔེར་ན་དེང་སང་རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་གྱི་བོད་པའི་སྤྱི་ཚོགས་ལ་དཔྱིན་སྐད་ནས་རྩོམ་རིག་བརྩམས་ཆོས་བོད་ཡིག་ལ་བསྒྱུར་རྒྱུ་ནི་དགོས་མེད་ཀྱི་ལས་དོན་དུ་གྱུར་ཡོད། སྒྱུར་མཁན་དང་ཀློག་མཁན་ཉུང་ཤས་རེ་ཡོད་པ་དེ་དག་ནི་བོད་ཡུལ་ནས་ཡོང་བ་ཡིན་པ་མ་གཏོགས་ཕྱི་རྒྱལ་གྱི་སྤྱི་ཚོགས་འཚར་ལོངས་བྱུང་བའི་བོད་པ་མིན། བོད་ནང་ལ་དབྱིན་ཡིག་ནས་ཡིག་སྒྱུར་བྱེད་པའི་དགོས་པ་རྩ་བ་ནས་མེད་པར་འགྱུར་མི་སྲིད་པའམ་ཡང་ན་དུས་ཐག་ད་དུང་རིང་ན་ཡང་། ཡིག་སྒྱུར་བྱེད་པའི་དགོས་པ་ཇེ་ཆུང་དུ་འགྲོ་དང་འགྲོ་བཞིན་པ་རེད།
བོད་ཡུལ་ན་དབྱིན་སྐད་ཤེས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་ད་དུང་ཕྱི་སྐད་མི་ཤེས་པའི་མི་འབོར་ཆེན་པོ་རེད། ད་དུང་བོད་ཡིག་འབྲི་ཀློག་འཕེར་བའི་མི་འབོར་ཡང་གང་འཚམས་ཤིག་ཡོད་པ་རེད། དུས་སྐབས་འདི་ནི་ཕྱི་རྒྱལ་གྱི་བརྩམས་ཆོས་ཅི་རིགས་བོད་ཡིག་ལ་སྒྱུར་བའི་གོ་སྐབས་བཟང་པོ་ཡིན། ལོ་ཉི་ཤུ་ཙམ་གྱི་སྔོན་ལ་རྒྱ་གར་ན་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་དོན་གནད་་འདི་ལ་གཞིགས་ནས་ཕྱི་རྒྱལ་གྱི་གྲགས་རྩོམ་བརྒྱ་ཐམ་པ་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་གཞི་ཞིག་འགོ་བརྩམས་པ་རེད། ཨེ་ཝན་ ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག་ཅེས་པའི་སྒྲུང་རྩོམ་འདི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་གཡང་འབུམ་རྒྱལ་ལགས་ནི་ཨ་མྱེས་རྨ་ཆེན་ཚང་གི་ལས་གཞི་འདི་ལ་རྒྱབ་སྐྱོར་གནང་མཁན་དང་དེ་ལ་ཞུགས་མཁན་དང་པོའི་གྲས་ཡིན། དེ་དུས་ཁོང་ནི་སྨན་རྩིས་ཁང་གི་སློབ་མ་ཞིག་ཡིན་པ་དང་། ཁོང་གིས་རང་གི་སློབ་སྦྱོང་གི་བར་གསེང་གི་དུས་ཚོད་བེད་སྤྱོད་གནང་ནས་བསྒྱུར་བ་རེད། དེ་དུས་ཀྱི་ཁོང་གི་དབྱིན་སྐད་ནི་ད་ལྟ་ནང་བཞིན་སྲ་ཚུགས་ཅན་ཞིག་ཡིན་འོས་མི་ཆེ་སྟབས། ཡིག་སྒྱུར་ལ་དུས་ཚོད་ཧ་ཅང་མང་པོ་གཏོང་དགོས་ཡོད་པ་དང་དཀའ་ངལ་ཡང་གང་མང་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པ་ལ་ཐེ་ཚོམ་མེད།
ཞོར་དུ་ཞུ་རྒྱུ་ཞིག་ལ། གཡང་འབུམ་རྒྱལ་ལགས་ནས་སྒྲུང་རྩོམ་འདི་ཆ་ཚང་བསྒྱུར་ཚར་བ་ན། སྐབས་དེར་ཨ་མྱེས་རྨ་ཆེན་ཚང་གི་འགན་འཛིན་གྱི་གྲས་སུ་ཡོད་པའི་ལྷ་བཟང་ཚེ་རིང་ལགས་དང་ངེད་གཉིས་ནས་ཟླ་བ་གསུམ་ཙམ་གྱི་དུས་ཚོད་ཆེད་གཏོང་གིས་འགྱུར་འདི་ལ་ཞུས་དག་བྱས་པ་ཡིན། སྐུ་ཞབས་ལྷ་བཟང་ཚེ་རིང་ལགས་ནི་དབྱིན་སྐད་ཀྱི་བྱང་ཚད་ཧ་ཅང་མཐོ་བའི་ཁར། ནུབ་ཕྱོགས་པའི་ལྟ་གྲུབ་དང་རྩོམ་རིག་ལ་ཧ་ཅང་ནང་བྱན་ཆུད་པ་ཞིག་ཡིན། ངེད་གཉིས་ནས་འགྱུར་དེབ་འདི་ལ་ཞུས་དག་གཏོང་སྐབས་ལྷ་བཟང་ཚེ་རིང་ལགས་ནས་ནང་དོན་ཇི་མ་ཇི་བཞིན་འདྲེན་ཐུབ་ཡོད་མེད་ལ་སྟངས་འཛིན་དང་། ངས་ཁ་གསལ་པོ་དང་རྗོད་བདེ་བོ་ཡོང་ཡོད་མེད་ལ་སྟངས་འཛིན་བྱེད་ཁུལ་བྱས་པ་ཡིན། གཡང་འབུམ་རྒྱལ་ཁོང་རང་གི་བོད་ཡིག་གི་བྱང་ཚད་མཐོ་བའི་སྟབས་ཀྱིས་ངས་ཁོང་གི་རྗོད་ངག་ཇེ་ལེགས་ལ་གཏོང་ཐུབ་ཡོད་མེད་བཤད་དཀའ། ཡིན་ན་ཡང་ལྷ་བཟང་ཚེ་རིང་ལགས་ཀྱི་ཤེས་ཡོན་དེའི་ཆ་ནས་སྒྲུང་འདི་འགྱུར་དག་པོ་ཞིག་ཡོང་ཡོད་པ་ལ་ང་རང་ཡིད་ཆེས་བརྟན་པོ་ཡོད།
མཐར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་སྒྲུང་འདི་ངོ་སྤྲོད་གནང་བ་དང་། གཡང་འབུམ་རྒྱལ་ལགས་ནས་སློབ་གསེང་གི་དུས་ཚོད་བེད་སྤྱོད་བཏང་ནས་ཡིག་སྒྱུར་གནང་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་བ་བཅས་ཀྱི་རྒྱུ་ཚོགས་ཀྱིས་འཇིག་རྟེན་གྱི་གྲགས་རྩོམ་འདི་བོད་ཡིག་ཏུ་ཀློག་ཐུབ་པའི་སྐལ་བཟང་འདི་བྱུང་བ་ཡིན་པས། ང་ཚོ་ཚང་མས་ཁོང་ཚོ་ལ་ཐུགས་ཆེ་ཞུ་འོས་ཆེ་བ་ཡིན་ནོ། ཞེས་པད་མ་འབུམ་ནས།
“ལ་བ་ཡིན་ཞེ་ཡང་ནི་ཕལ་ཆེན། བོད་ནང་ལ་གྲགས་རྩོམ་ཞིག་ཤེས་རྟོགས་འབྱུང་བའི་ལམ་ཁ་གཙོ་བོ་རྒྱ་ཡིག་ཡི།﷽﷽﷽﷽﷽﷽﷽﷽ལ་བ་ཡིན་ཞེ་ཡང་ནི་ཕལ་ཆེན། རིག་གནས་གསར་བརྗེའི་སྐབས་དང་དེའི་རྗེས་།﷽﷽﷽ལ་བ་ཡིན་ཞེ་ཡང་ནི་ཕལ་ཆེལ། ”
ཚིག་ལྷག་འདི་འདྲ་ཞིག་ཚར་ཁ་ཤས་བསླེབས་འདུག
ཡ་སྐད་ཆ་ཐད་སོར་བཤད་ན་ཐད་སོ་བཤད། པདྨ་འབུམ་ཟེར་ན་རྡ་སར་མི་ནག་སྐམ་ཞིག་འགྲོ་གི་ཡོད་པ་སྔ་མོ་ཞིག་ནས་མཐོང་མོད། བོད་ཡིག་ཡག་པོ་རེད་ཟེར་བ་ཙམ་ལས་ཡག་རྟགས་གང་ཡང་མཐོང་མ་སོང་། རྗེས་མ་རྗེས་མ་ཞིག་ལ་རྒྱ་གར་རང་སྲིད་རང་སྐྱོང་དང་རྒྱུན་ཤེས་སུད་སྐྱིད་ཀྱིས་དེབ་ཆུང་རྣམས་བསྟུད་མར་སླེབས་བྱུང་བས་ཁོང་ལ་བྱས་རྗེས་འདུག་པ་ཙམ་མ་ཟད་རྒྱ་འོག་ཏུ་སློབ་གསོ་ཐོབ་པ་རྣམས་སྐྱབས་བཅོལ་དུ་ཕྱིན་པ་ནི་རང་དབང་གི་ཆེད་དུ་ཕྱིན་པ་ཙམ་མིན་པར་སྟག་མོ་ནགས་ལ་ཤོར་འདྲ་འདུག་སྙམ་བྱུང་།
རང་གི་གཞན་བསྟེན་གྱི་དགའ་བ་ནི་ཡུན་མི་རིང་བར་འདོད་རྔམ་གྱིས་བཅོམ་བྱུང་། སངས་རྒྱས་པ་ཚད་ལྡན་ཅིག་ཡིན་ན་བསོད་ནམས་བསོག་ཆེད་དུ་ལྟོ་གོས་ངན་ངོམ་ཙམ་ལས་གང་ཡང་མི་དགོས་པ་བྲིས་ཡོད། རྩོམ་པ་པོ་ཚད་ལྡན་ཅིག་ཡིན་ན་མི་རྣམས་ཀྱི་ཕྱིར་ལྟོ་གོས་ལ་ཚད་དང་ཚོད་ཇི་འདྲ་དགོས་མིན་ཤེས་འདོད་སྐྱེས་བྱུང་། རྣམ་པ་ཚོ་འཚིག་པ་མ་ཟ། འོང་ཤ་སུ་ལ་འདུག་བསམ་བློ་གཏོང་རོགས།
རྗེས་སུ་ཡི་རངས་ཡོད།
སྨན་པ་གཡང་འབུམ་རྒྱལ་དང་ཨ་ཁུ་པདྨ་འབུམ། རྒན་ལྷ་བཟང་སོགས་པ་བཀའ་དྲིན་ཆེ་ཞུ། ད་མི་འགྱངས་པར་བསྒྱུར་རྩོམ་གྲགས་ཅན་དེར་མཇལ་ཐུབ་ནིའི་སྨོན་ལམ།
༼དང་པོ་ནི་ནང་ཆོས་རིག་གནས་(ཀྱི)་མཆོག་འཛིན་གྱི་བློ་དེ་ཡིན།༽ ཀྱི་འདི་ཀྱི་ལྡོམ་ཞིག་རེད། ཀྱི་འདི་འདིའི་བར་ལ་མི་ཐོབ།
༼གྲགས་རྩོམ་བོད་སྐད་(ལ་)འགྱུར་དལ་བ་(ལ་)རྒྱུ་རྐྱེན་ཁ་ཤས་ཡོད།༽ བོད་སྐད་ཡག་པོ་མ་འབྱོར་བའི་ལ་དོན་རེད། དལ་བར་ཟེར་དགོས།
༼དུས་རབས་བཅུ་གཅིག་པའི་(སྟོད་ཆ)་ལ།༽ མིང་བརྡའི་གོ་དོན་ཏག་ཏག་མ་ཤེས་བའི་གོ་འཛོལ་རེད། དུས་སྟོད་ལ་ཟེར་དགོས།
༼ཏུན་ཧོང་གི་གཏེར་ཡིག་(ཏུ)་བོད་ཡིག་ཏུ་བསྒྱུར་ཡོད་པའི།༽ ཏུ་ཟེར་བའི་ལ་དོན་འདི་རྦད་དུ་ནོར་བ་རེད། ན་ལ་གཉིས་ཀྱི་གང་རུང་སྦྱོར་དགོས།
༼ལྷ་མོའི་རྣམ་ཐར་ཟེར་བ(འི)་དབྱིན་ཡིག་ནས་བསྒྱུར་བའི་དཔེ་དེབ་ཅིག་ཡོད།༽ འི་འདི་གང་ཞིག་ནས་ཐོན་པ་རེད། འདིའི་བར་ལ་འབྲེལ་སྒྲ་ཞིག་དགོས་དོན་མེད།
༼ (དེ་)དུས་ད་དུང་རྒྱ་ནག་གུང་ཁྲན་ཏང་གི་ལྟ་བ་དྲིལ་བསྒྲགས་བྱེད་པའི༽ འབྲེལ་སྒྲ་དགོས་ས་ལ་ཆད་སྐྱོན་ཅན། དེའི་དུས་ཟེར་དགོས།
ཧ་ཧ་ཧ། ཉོབ་ཏོ་ང་ཉོབ་སོང་། སྐྱོན་ལ་སྒུམ་ཚོད་ཅིག་མི་འདུག།
གནམ་ལགས
ཡིག་ནོར་ངོ་མ་དེ་ཁྱོད་ཀྱིས་རིག་མེད་གི་ཡ།
ཡི་རང་ཚད་མེད་ཞུ།