རིག་པའི་རལ་གྲི།
ཡབ་མེས་བཀའ་དྲིན་ཅན་གྱི་ཆོས་རྒྱལ་དང་ལོ་ཙཱ་བ་རྣམས་ཀྱིས་མི་རྒྱུ་ཡོད་རྒུ་བཏང་སྟེ་སཾ་སྐྲི་ཏའི་སྐད་དང་རྒྱ་སྐད་ཀྱི་ཐོག་ལ་བཞུགས་པའི་རྒྱལ་བའི་བཀའ་དང་། ཚད་ལྡན་གྱི་བསྟན་བཅོས་རྣམས་བོད་སྐད་དུ་དུས་རབས་ནས་དུས་རབས་བརྒྱུད་སྤུས་གཙང་བསྒྱུར་ཞུས་དག་པར་མཛད་པའི་བཀའ་འགྱུར་དང་བསྟན་འགྱུར་ནི་ངེད་ཅག་ཁ་བ་རི་པའི་ཡོད་རྒུའི་གཅེས་ནོར་དེ་ཡིན།
ང་ཚོའི་གཅེས་ནོར་འདི་ནི་འཛམ་གླིང་ཡོངས་ཀྱི་གཅེས་ནོར་ཡིན་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཡང་ནས་ཡང་དུ་འཛམ་གླིང་སྐྱེ་བོའི་ཁྲོད་དུ་བསྒྲགས་དང་སྒྲོག་བཞིན་པ་ལྟར་དོན་ལ་གནས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། དེ་ལྟའི་འཛམ་གླིང་གཅེས་ནོར་དེ། བོད་ཀྱི་སྐད་ཡིག་གི་ཐོག་ལ་ད་དུང་བཞུགས་ཀྱང་འཛམ་གླིང་སྐྱེ་བོའི་བརྒྱ་ཆ་གཅིག་གི་གྲངས་ཆུང་གཅིག་ཟིན་ཙམ་གྱིས་མ་གཏོགས་ལྟ་ཀློག་བྱེད་པའི་གོ་སྐབས་ཀྱང་རེག་གི་མེད།
དེ་ཡི་རྒྱུ་མཚན་ནི་སྤྱིར་ང་ཚོ་བོད་སྐད་ཆ་ཚང་ཤེས་མཁན་གྱི་བོད་པ་ནི་ཉིན་རེ་བཞིན་ཇེ་ཉུང་རེད། དེའི་ནང་ནས་འབྲུག་པས་ཆོས་སྐད་དུ་འབོད་པའི་བོད་སྐད་ཇི་བཞིན་ཤེས་ཤིང་ལྟ་ཀློག་ཐུབ་མཁན་ནི་ཆོས་བྱེད་མི་སྣ་སྟེ་གྲྭ་པའི་སྤྱི་ཚོགས་ཀྱི་ནང་ལའང་ཉུང་ངུ་ལས་མེད། ཆོས་སྐད་ལྟ་ཀློག་ཇི་བཞིན་མཁྱེན་མཁན་གྱི་ནང་ལ་བཀའ་འགྱུར་དང་བསྟན་འགྱུར་ལྟ་ཀློག་བྱེད་མཁན་ནི་ངོ་མ་བཤད་ན་ཧ་ཅང་དཀོན་པོ་ཆགས་ཡོད།
རིང་པོ་ཞིག་ནས་ད་བར་གནས་བབ་འདི་བསྟུད་མར་བྱུང་ནའང་། ད་བར་ང་ཚོའི་ཕ་སྐད་དང་། ཡིག་སྐད། ལྷག་པར་ཆོས་སྐད་དག་དཔྱིས་ཕྱིན་མཁྱེན་མཁན་མི་ཉུང་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས་དཔེ་རས་ནང་དུ་བཏུམས་ནས་མཆོད་ཁྲིའི་ཁར་སྐུ་འདྲ་དང་གཅིག་པར་མཆོད་པ་འབུལ་ཡུལ་གཅིག་པུར་ཆགས་མེད།
བོད་ཕྱི་ནང་དུ་ཡོད་པའི་བོད་རིགས་རྣམས་ལ་བོད་ཀྱི་སྐད་ཡིག་མཁོ་སྤྱོད་ཇེ་ཙམ་ཡོད་མེད་ལ་ཐད་ཀར་གཟིགས། བོད་ཀྱི་སྤྱི་ཚོགས་དང་བོད་ཡིག་གི་མ་འོངས་པར་བཟང་འདོད་ཀྱི་རེ་བས་མ་སྒྲིབ་པར་རྗེན་ཅར་བལྟས་ནས་བསམ་གཞིག་ནན་པོ་ཞིག་མཛོད་དང་། ཕ་མེས་བཀའ་དྲིན་ཅན་གྱིས་གོང་ཞུས་ལྟར་བཞག་པ། འཛམ་གླིང་གི་གཅེས་ནོར་དེ་ང་ཚོར་སྲུང་སྐྱོབ་བྱེད་པའི་ནུས་པ་དང་གོ་སྐབས་ཡོད། ང་ཚོའི་མི་རིགས་ཀྱི་ལག་ཁྱེར་བོད་ཀྱི་སྐད་ཡིག་རྒྱུན་འཆང་བྱེད་པར་འགལ་རྐྱེན་ཇེ་མང་དང་མཐུན་རྐྱེན་ཇེ་ཉུང་དུ་འགྲོ་བཞིན་པས་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་སྐྱོ་བོར་ཆགས་ཡོད། གལ་སྲིད་འཛམ་གླིང་གི་སྐྱེས་ནོར་དེ་བོད་ཀྱི་སྐད་ཡིག་མཉམ་དུ་ཉམས་རྒུད་ཤོར་ན་ཅི་འདྲའི་ཕངས་པ་ལ། དེར་རྟེན་རེ་བ་བཟང་སར་རྒྱག་ཅིང་གྲ་སྒྲིག་སྡུག་ས་ནས་བྱེད་པ་ནི་རྣམ་དཔྱོད་ལྡན་པའི་མིའི་རང་བཞིན་ཡིན།
ནུབ་ཕྱོགས་པས་གཙོས་པའི་དེང་དུས་གཞོན་སྐྱེས་མང་པོས་བོད་བརྒྱུད་ནང་ཆོས་ཀྱི་རིན་ཐང་མཐོང་སྟེ། སྦྱོང་འདོད་ཅན་ཉིན་རེ་བཞིན་ཇེ་མང་འགྲོ་བཞིན་པའི་གོ་སྐབས་བཟུང་ནས་བོད་ཡིག་འབྲི་ཀློག་ཤེས་ཙམ་གྱི་སྤོབས་པ་ཅན་དག་གིས། རང་སྣང་གང་ཤར་དུ་སངས་རྒྱས་ཀྱི་བཀའ་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་དག་དབྱིན་ཇིས་གཙོ་བྱས་པའི་དུས་རབས་ཀྱི་སྐད་ཡིག་ཐོག་བཙན་བསྒྱུར་བྱེད་མཁན་ནི། རང་དོན་དངུལ་དངོས་ཆེད་དུ་བྲེལ་བའི་ཕྱི་རྒྱལ་བ་མགོ་སྐོར་གཏོང་མཁན་གྱི་བླ་གཟུགས་ཀྱི་གྲངས་འབོར་ལས་མ་མང་ནའང་ཉུང་གི་མེད།
ཕྱག་དངུལ་ཆེད་རྒྱུ་བའི་བླ་གཟུགས་དག་གིས་སོ་སོར་ལས་ངན་བསགས་པ་དང་། སངས་རྒྱས་ཀྱི་བསྟན་པར་རྨ་འབྱིན་སྲིད་ནའང་། བཀའ་བསྟན་ལོག་བསྒྱུར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་རྩ་བ་ནས་བཤིག་པའི་བྱས་ཉེས་ཚབས་ཆེན་གྱི་གནས་ཚུལ་འབྱུང་མི་སྲིད།
སྤྱིར་བོད་ཀྱི་སྐད་བརྡ་ལ་བྱང་ཆ་མེད་པ་དང་། ཁྱད་པར་ནང་ཆོས་ཀྱི་ཤེས་ཚད་ཕྲ་བའི་རང་སྣང་མཐོ་བའི་ལོ་ཙཱ་བས་བབ་ཅོལ་དུ་བསྒྱུར་ནས་བོད་བརྒྱུད་ནང་བསྟན་ཆུད་ཟོས་སུ་གཏོང་གི་ཡོད་པ་དང་། ནོར་བར་བསྒྱུར་ནས་བདག་དབང་ཟིན་རྗེས་མ་འོངས་པར་ཚད་ལྡན་སྒྱུར་མཁན་བྱུང་ནའང་བཀག་རྡོ་བྱེད་སྲིད་པའི་གནས་ཚུལ་གཟིགས་ནས། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འགྲོ་གྲོན་གང་དགོས་བཏང་སྟེ། ལྡི་ལི་བོད་ཁང་གི་དབུ་འཛིན་རྒན་པ་རྡོ་འབུམ་སྤྲུལ་སྐུ་རིན་པོ་ཆེ་དང་། ཨ་རིའི་ཀོ་ལམ་བྷིའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཙོང་ཁ་པའི་བཞུགས་ཁྲིར་ཐད་ཀར་བསྐོས་པའི་སྐུ་ཞབས་རོ་བྷིར་ཐུར་མིན་གཉིས་གཙོས་པའི་དགེ་ལུགས་པའི་དེང་དུས་ལོ་ཙཱའི་རྩེ་ཕུད་རྣམས་དང་།
སྤྲུལ་སྐུ་འཇིགས་མེད་མཁྱེན་བརྩེ་དང་པད་མ་དབང་ཆེན། པདྨ་ཀ་རའི་སྐད་སྒྱུར་ཚོགས་པའི་ཚོགས་གཙོ། སྤྲུལ་སྐུ་ཆོས་ཀྱི་ཉི་མས་བཙུགས་པའི་རང་བྱུང་ཡེ་ཤེས་སྐད་སྒྱུར་ཚོགས་པ། ཆོས་རྒྱམ་དྲུངས་པ་རིན་པོ་ཆེས་བཙུགས་པའི་ན་རོ་པའི་སྐད་སྒྱུར་ཚོགས་པ། ༸སྐྱབས་མགོན་གོང་མ་རིན་པོ་ཆེས་བཙུགས་པའི་ས་སྐྱ་པཎྜི་ཏའི་སྐད་སྒྱུར་ཚོགས་པ། མཁན་སྐལ་རྒྱལ་དང་། འབུམ་རམས་པ་ཨ་ནེ་ཀུན་དགའ་ཆོས་སྒྲོན་སོགས། བོད་ཀྱི་རིག་གཞུང་གཅེས་སྐྱོང་ཚོགས་པའི་ཚོགས་གཙོ་ཇིམ་སི་མི་ཐི་སོགས་འཛམ་གླིང་ཡོངས་ནས་མཁས་དབང་དང་ལོ་ཙཱ་བ་གྲགས་ཅན་ལྔ་བཅུ་ལྷག་ཞིག་གདན་འདྲེན་ཞུས་ཏེ། སྦིར་རི་དྭགས་ཚལ་གྱི་བཤད་གྲྭར་༢༠༠༩ ལོར་ཉིན་མང་པོའི་རིང་ཚོགས་འདུ་འཚོགས་ཤིང་མཐའ་མའི་གྲོས་ཆོད་ལ། ནུབ་ཕྱོགས་པ་གཙོ་བོར་གྱུར་པའི་དེང་རབས་ཀྱི་འཛམ་གླིང་འདི་ན་བསྟན་པ་དག་ཐེར་དང་རྒྱུན་སྐྱོང་བྱེད་དགོས་ན། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚད་ལྡན་ཚུལ་མཐུན་དུས་རབས་ཀྱི་སྐད་ཐོག་ཏུ་བསྒྱུར་བ་ལས་ལྷག་པའི་ཐབས་ཤེས་མེད་པ་དང་། དེ་ཡང་དང་པོ་ལོ་བརྒྱའི་ནང་ལ་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་ཐུབ་པར་བྱ་བའི་གྲོས་ཆོད་བྱུང་།
ཚང་མས་མཁྱེན་གསལ་ལྟར་རྩོམ་དེབ་རེ་རེ་ཙམ་སྐད་གཞན་གྱི་ཐོག་བསྒྱུར་བར་འགྲོ་སོང་གི་དཀའ་ངལ། སྐད་ཀྱི་དཀའ་ངལ། ནང་དོན་ཤེས་རྟོགས་བྱེད་པའི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་ཡོད་ན། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་དུས་རབས་ཀྱི་སྐད་ཀྱི་ཐོག་ཏུ་ཚད་ལྡན་ཚུལ་མཐུན་བསྒྱུར་བ་ལ་དཀའ་ངལ་ཇེ་ཙམ་འཕྲད་པར་སྨྲོས་མ་དགོས་པ་རེད།
དཀའ་ངལ་ལ་འཛེམས་ན་ཡར་རྒྱས་ཀྱི་ལམ་མེད་པ་དང་། རེ་བ་ཀུན་སྟོང་ཟད་ཡིན་པར་མཁྱེན་ནས་དཀའ་ངལ་ཀུན་དང་དུ་ལེན་པའི་ཆོད་སེམས་ཀྱིས་རྒྱལ་བའི་བཀའ་འགྱུར་བསྒྱུར་བའི་ཚོགས་པ་བརྒྱད་ཁྲི་བཞི་སྟོང་ཞེས་པ་ཞིག་བཙུགས། དེའི་གཙོ་འཛིན་སྣེ་ཁྲིད་པ་ནི་ཚོགས་ཞུགས་པ་ཚང་མས་མ་གྲོས་མང་མོས་ཀྱིས་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་བདམས་ཐུབ་པ་བྱུང་བ་ནི། ཚོགས་འདུ་དེ་འཛམ་གླིང་གི་ལོ་རྒྱུས་སུ་ནམ་ཡང་ནུབ་ཏུ་མེད་པར་འཁོད་པའི་རྒྱལ་བའི་བཀའ་ཡི་བསྡུ་བ་ཞིག་དང་དོ་མཉམ་པའི་གྲུབ་འབྲས་ཅན་དུ་ངོས་འཛིན་ཞུ་བཞིན་ཡོད།
སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནི། གནའ་དེང་གི་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་སམ་རིས་སུ་མ་ཆད་པར་རྩ་བའི་སྲོག་བཞིན་གཅེས་ཉར་གནང་མཁན། བསྟན་པ་དག་ཐེར་དང་འཕེལ་རྒྱས་གཏོང་བ་ལ་དུས་རབས་འདིར་མིག་དཔེ་བལྟ་སར་ཆོག་པ་ཞིག་ཡིན། ཁོང་གིས་ཚོགས་གཙོར་མང་མོས་བྱུང་བ་ལྟར་ཞལ་བཞེས་གནང་ནས། ཉེ་བའི་ལོ་གསུམ་གྱི་རིང་འཛམ་གླིང་གང་སར་བཞུགས་པའི་ལོ་ཙཱ་བ་བརྒྱ་ལྷག་ལ་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་ནས་བསྒྱུར་བཅུག་པས་བཀའ་འགྱུར་བརྒྱ་ཆ་བཅོ་ལྔའི་འགྱུར་ལེགས་གྲུབ་བྱུང་བ་ནི། ཐོག་མའི་རེ་བ་དང་འཆར་གཞི་ལས་ལྡབ་མང་པོས་བརྒལ་བའི་གྲུབ་འབྲས་ཐོན་པ་ཞིག་ཡིན།
འདི་ལྟར་མུ་མཐུད་དེ་ཕྱིན་ན། ལོ་གསུམ་གྱི་རྗེས་ནས་བཀའ་འགྱུར་བརྒྱ་ཆའི་སུམ་ཅུ་བསྒྱུར་ཐུབ་ཀྱི་ཡོད་ལ། ལོ་དགུའི་རྗེས་ལ་བརྒྱ་ཆ་དྲུག་ཅུ། མདོར་ན་ལོ་བཅོ་ལྔའི་ནང་ལ་བཀའ་འགྱུར་བརྒྱ་ཆ་བརྒྱ་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་ཐུབ་ནས་ལོ་བརྒྱའི་རིང་ལ་བསྒྱུར་དགོས་པའི་ལས་གཞི་དེ་ལོ་བཅོ་ལྔའི་ནང་ལ་བསྒྱུར་མཛད་པ་འདི་ནི་འཛམ་གླིང་རྒྱལ་སྤྱིའི་ཐོག་ལ་ངོམ་རིན་ཆོག་པ་ཞིག་རེད།
སྒྱུར་ཚུལ་ལའང་། ཞུ་ཆེན་པ་རྣམས་ཀྱིས་ལོ་ནས་ལོ་བསྟུད་དེ་ཡང་ནས་ཡང་དུ་ཞུ་དག་དང་། སྒྱུར་བའི་སྐབས་སུ་ཡང་འགྲོ་གྲོན་ལ་མ་འཛེམས་པར་དབྱིན་ཇིའི་སྐད་སྒྱུར་བ་དང་། བོད་ཀྱི་ནང་ཆོས་ལ་མཁས་པ་གཉིས་གཉིས་མཉམ་སྒྲིལ་གྱིས་མ་བསྒྱུར་ན་མི་འགྲིག་པའི་སྒྲིག་གཞི་སོགས་ཚད་ལྡན་སྤུས་གཙང་གི་ཐབས་ཤེས་གང་ལེགས་མཁས་དབང་རྣམས་ཀྱི་བསམ་འཆར་བཞིན་གནང་གི་ཡོད་པ་འདི་དག་མཁྱེན་ན། དེང་དུས་གུ་དོག་པའི་རང་རིགས། ལས་གཞི་འདི་ལ་མི་བཟོད་པའི་བབ་ཅོལ་སྨྲ་མཁན་རྣམས་ཉུང་བར་འགྱུར་བར་གདོན་མི་ཟ།
གུ་དོག་གཟིགས་རྒྱ་ཆུང་བ་ཁ་ཤས་ཀྱིས་ཟེར་ན། བཀའ་བསྟན་དབྱིན་སྐད་ཐོག་ལ་བསྒྱུར་བ་ནི་བོད་ཡིག་ཉམས་ཆགས་ཀྱི་རྐྱེན་དུ་འགྱུར་གྱི་རེད་ཟེར་བ་དང་། ང་ཚོར་ཡོད་པའི་བཀའ་འགྱུར་བདག་དབང་མི་ལག་ཏུ་ཤོར་གྱི་རེད་ཟེར་བ་སོགས་བབ་ཅོལ་གྱི་གཏམ་འགའ་ཡང་ཐོས། འདི་དག་ལན་འདེབས་རིན་ཆོག་པའི་གཏམ་ཞིག་མ་ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནི་ལེགས་ཉེས་ཀྱི་བློ་གྲོས་ལྡན་པའི་རྗེས་སུ་འབྲངས་པ་ལས་ཀྱང་། རྒྱུ་མཚན་མེད་པར་ཕྱོགས་ཞེན་གུ་དོག་གི་གཏམ་འཆལ་རྗེས་སུ་རྒྱུག་པར་དགའ་མཁན་ཞིག་ཏུ་སོང་གཤིས། གསལ་བཤད་ཅིག་མི་བྱེད་ཐབས་མེད་ཆགས་སོང་།
རྒྱལ་བའི་བཀའ་འགྱུར་བོད་སྐད་ཀྱི་ཐོག་ནས་དབྱིན་ཇིའི་སྐད་ཐོག་ལ་བསྒྱུར་བས་བོད་ཡིག་གི་ནང་ལ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་དེ་དབྱིན་སྐད་ནང་དུ་ཚུར་སྤོས་ནས་བོད་ཡིག་སྟོང་པར་བཞག་པའི་སེམས་ཁུར་དགོས་ཀྱི་མ་རེད། བོད་ཀྱི་སྐད་ཡིག་ཏུ་གང་ཡོད་པའི་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་གྲ་མ་ཉམས་གྲུ་མ་ཞིག་པར་རང་འཇགས་གནས་ཀྱི་རེད།
རྒྱལ་བའི་བཀའ་འགྱུར་བོད་ཡིག་གི་ཐོག་ནས་སྦྱོང་འདོད་ཅིང་བོད་ཡིག་སྦྱོང་མཁན་གྱི་ཕྱི་རྒྱལ་བ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ཅན་ནི། འཛམ་གླིང་ཆེན་པོ་འདིའི་ཐོག་ལ་བརྒྱ་ཁར་ཟིན་ཙམ་ལས་མེད། བོད་ཀྱི་སྐད་ཡིག་ནི་བོད་མིས་སྲུང་སྐྱོབ་བྱེད་དགོས་པ་ལས་ཕྱི་རྒྱལ་བ་ལ་རེ་བ་བཅའ་བ་ནི་ཉིང་འཁྲུལ་དང་གཉིས་སུ་མ་མཆིས།
སྤྱིར་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན་སྐད་ཡིག་དེ་སྤྱི་ཚོགས་དེའི་འཚོ་བའི་ཆ་རྐྱེན་སྐྲུན་བྱེད་ཀྱི་གཞི་མར་བསྒྱུར་ཐུབ་དགོས། ཉིན་རེའི་འཚོ་བའི་ཆ་རྐྱེན་གྱི་གཞི་རུ་མ་གྱུར་བའི་སྐད་ཡིག་ནི་སྐྲན་ནད་ཕོག་པའི་ནད་པ་དང་གཅིག་མཚུངས་ཡིན་པར་སཾ་སྐྲི་ཏའི་སྐད་ཀྱི་གནས་ཚུལ་གྱིས་གསལ་བཤད་ལེགས་པར་བྱས་ཡོད།
ཆོས་ལུགས་སྦྱོང་བ་ལ་མེད་ན་ཐབས་ཆགས་ཀྱི་སྐད་ཡིག་ཅིག་ཏུ་གྱུར་པས་སྐད་ཡིག་སྲུང་སྐྱོབ་རེ་འདོད་བཞིན་བྱ་མི་ཐུབ། དཔེར་ན་པཱ་ལིའི་སྐད་ཡིག་ནི་དེ་སྔོན་གནས་བརྟན་སྡེ་པའི་ལུགས་ཀྱི་ནང་ཆོས་སྦྱོང་བ་ལ་མ་ཤེས་ཐབས་མེད་གྱུར་ཡོད་ཀྱང་། དེང་སང་གཙུག་ལག་གི་སློབ་གྲྭའི་དགེ་རྒན་ཆེན་པོ་ཁ་ཤས་ཀྱིས་མཁས་ཉམས་སྟོན་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་པ་ལས་ཟ་འཐུང་ཙམ་གྱི་ཆེད་དུ་ཡང་བཀོལ་སྤྱོད་བྱེད་མཁན་ནི་གཏན་ནས་མེད་ཟེར་ནའང་ཆོག
རང་རེའི་གསར་སྐྱེས་ན་གཞོན་ཆོས་ལ་དད་འདུན་དང་སྦྱོང་འདོད་ཡོད་པ་རྣམས་ཀྱིས་ཀྱང་། བོད་ཀྱི་སྐད་ཡིག་ཐོག་ནས་ནང་ཆོས་སྦྱོང་བ་ལ་ད་ལྟ་ནས་དཀའ་ངལ་འཕྲད་བཞིན་པ་རེད་ལ། རང་རེའི་རིགས་པའི་གཞུང་ལུགས་བཞུགས་པའི་བོད་ཀྱི་སྐད་ཡིག་ནི་བཙན་བྱོལ་གྱི་སློབ་གྲྭ་ལས་སློབ་ཐོན་ཟིན་པའི་ནང་ལ། ཁོང་ཚོས་སྦྱངས་པ་དང་ཤེས་པའི་བོད་ཀྱི་སྐད་ཡིག་དེ་རེད་མི་འདུག་ཟེར་མཁན་ཁ་ཤས་བྱུང་ཡོད། དེའི་རྒྱུ་མཚན་བོད་ཀྱི་སྐད་ཡིག་འདི་རང་བཞིན་གྱིས་ཤེས་དཀའ་བ་དང་རྒྱག་དཀའ་བའི་རྒྱུ་མཚན་གྱིས་མ་རེད། བོད་ཀྱི་སྐད་ཡིག་ནི་ཚད་མཐོ་ལ་མིང་ཚིག་དང་བརྡ་དག་གིས་ཕྱུག་ཤོས་ཀྱི་སྐད་ཡིག་ཅིག་ཡིན་ཡང་། ཐབས་སྐྱོ་ཤོས་ལ་བོད་ཀྱི་སྐད་ཡིག་གི་ཐོག་ནས་རླངས་འཁོར་གྱི་འཛིན་ཤོག་ཙམ་ཡང་ཉོ་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཡོད་པའི་རྐྱེན་གྱིས་རེད།
གཞོན་སྐྱེས་དེ་དག་ལ་ནང་ཆོས་སྦྱང་རྒྱུ་ཡོད་པའི་གོ་སྐབས་ཤིག་སྤྲོད་འདོད་ན། གཞོན་སྐྱེས་དེ་དག་གིས་ཤེས་རྟོགས་ཐུབ་པའི་སྐད་ཡིག་གི་ཐོག་ལ་ནང་ཆོས་གོ་སྒྲིག་མ་ཐུབ་ན། ཤེས་འཇུག་འདོད་ཀྱི་རེ་བ་ཆེ་ཡང་བྱ་ཐབས་གཞན་གང་ཡང་མེད། ཁོ་ཚོར་བོད་ཀྱི་རིག་གནས་དག་ངོ་སྤྲོད་དང་། ནང་ཆོས་ཀྱི་དོན་རྣམས་ཁོ་ཚོས་ལྟ་ཀློག་ཐུབ་པའི་སྐད་ཀྱི་ནང་ལ་གྲ་སྒྲིག་མ་ཐུབ་ན། ཕ་མེས་ནས་བརྒྱུད་པའི་ལུགས་སྲོལ་ལྟ་བུར་མཆོག་གསུམ་གྱི་རྟེན་ལ་དད་གུས་འདྲ་ཡོད་སྲིད་ཀྱང་ནང་དོན་ཅུང་ཟད་ཀྱང་མི་ཤེས་པར་དཀོན་མཆོག་གི་རྟེན་ལ་ཕྱག་མཆོད་འདྲ་བྱེད། མཐར་སྟོན་པའི་སྐུ་ལ་དམར་མཆོད་བྱེད་པའི་ད་ལྟ་བལ་བོའི་ཏ་མང་གྲོང་གསེབ་ཁ་ཤས་ལ་ཡོད་པའི་གནས་ཚུལ་དང་ཁྱད་པར་མེད་པར་རང་བཞིན་གྱིས་ཆགས་སྲིད།
འབྲུག་གི་རྒྱལ་ས་རུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་བླ་མ་མཁས་པ་དག་གདན་འདྲེན་ཞུས་ཏེ་གཞོན་སྐྱེས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་གྱི་ཡོད། འོན་ཀྱང་བླ་མ་རྣམས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་གསུང་ན་མ་གཏོགས་ཁོང་ཚོས་ད་ལྟ་ནས་བོད་ཀྱི་སྐད་ཡིག་ཐོག་ནས་ཤེས་ཐུབ་ཀྱི་མེད། སོ་སོའི་ཕ་མེས་ཀྱི་སྐད་ཡིག་ཏུ་གྱུར་བའི་བོད་ཀྱི་སྐད་ཡིག་རྒྱག་མཁན་གྱི་རང་དབང་ཅན་གྱི་རྒྱལ་ཁབ་ལ་གནས་ཚུལ་གང་དང་གང་འབྱུང་བཞིན་པ་དངོས་སུ་མཐོང་བཞིན་དུ། ད་དུང་ཞེན་ཆགས་དང་རེ་བ་ཞིག་གིས་མ་འོངས་པའི་བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་ཡིག་ཐོག་ནས་ནང་ཆོས་ངོ་སྤྲོད་ད་ལྟ་ནང་བཞིན་བྱེད་པར་འདོད་ཀྱང་། རེ་བ་དང་འབྱུང་འགྱུར་གྱི་དོན་དངོས་གནས་ཚུལ་གཉིས་ཕྱིན་ཅི་ལོག་ཏུ་གྱུར་ཡོད།
དེར་བརྟེན་རྒྱལ་བའི་བཀའ་བསྟན་དུས་རབས་ཀྱི་སྐད་ཐོག་ཏུ་བསྒྱུར་བའི་ལས་གཞི་འདི་ནི་ཕ་མེས་ཀྱི་རིག་གཞུང་གི་སྙིང་བཅུད་དུ་གྱུར་པའི་ནང་ཆོས་འདི་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་འཆང་བྱེད་ཐུབ་པའི་རླབས་ཆེན་གྱི་མཛད་པ་དང་། འབྱུང་འགྱུར་གྱི་རང་རིགས་གསར་སྐྱེས་གཙོས་པའི་འཛམ་གླིང་ཡོངས་ལ། འཛམ་གླིང་གི་གཅེས་ནོར་ལོངས་སུ་སྤྱད་རྒྱུ་ཡོད་པའི་གོ་སྐབས་སྦྱིན་མཛད་ཀྱི་ཡོད་པས། དེ་ལ་འཁུ་བའི་རྣམ་འགྱུར་ཅན་དག་ནི། ལྷག་བསམ་དང་ཞེན་ཁོག་ཆེན་པོ་ཡོད་སྲིད་ཀྱང་། ཕུགས་རྒྱང་རིང་པོར་གཟིགས་པའི་བློ་མིག་དང་བྲལ་ནས་གཞན་གྱི་རླབས་ཆེན་དགེ་ལས་ཕུན་ཚོགས་ལ་མི་བཟོད་པའི་ཟུག་ངུ་འབྱིན་པ་ཡིན་པར་ངོ་ཤེས་པར་གནང་བའི་རེ་བསྐུལ་བཅས་རིག་པའི་རལ་གྲིས། རྒྱ་གར་ནུབ་ཕྱོགས་པུ་ནེ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཤར་མར་བྲིས་སོ།།
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་སོང་དེ་ནི་ཚོགས་པ་འདིས་གནད་དོན་གང་ཞིག་རྟོགས་པ་བོད་ཀྱི་བཀའ་བསྟན་གྱི་བདག་དབང་བོད་མི་རིགས་ལ་ངེས་པར་དུ་ཡོད་དགོས་པའི་དགེ་མཚན་་དེ་རེད་འདུག བདག་དབང་ཞེས་པའི་སྐོར་དེང་རབས་རྩོམ་པ་པོ་ཞིག་གིས་བདག་དབང་ཞེས་པ་རིམ་པ་དང་པོ་སྟེ། དབྱིན་ཚིག་(Ownership) བདག་པོ་རང་ལ་གོ་དགོས་པ་དང་(Copy Right ) ཞེས་པ་རིམ་པ་གཉིས་པ་དཔར་སྐྲུན་བདག་དབང་ལ་གོ་དགོས་བརྗོད་དེ་བོད་མི་རིགས་ཀྱིས་མི་རྒྱུ་སྲོག་གསུམ་བློས་བཏང་བྱས་པར་བརྟེན་བོད་མི་རིགས་ལ་བདག་དབང་ཡོད་དགོས་ཞེས་བརྗོད་སོང་།
གང་ལྟར་བོད་མི་རིགས་ལ་བཀའ་བསྟན་གྱི་བདག་དབང་ངེས་པ་ཡོད་དགོས། ཅ་དངོས་གང་ཞིག་ཉོས་ཚར་དུས་བདག་དབང་ཉོ་མཁན་ཡོད་པ་མ་གཏོགས་ཅ་དངོས་བཙོང་མཁན་གང་ལའང་བདག་དབང་གཏན་ནས་མེད།དེ་ན་བོད་ཀྱི་མི་རིགས་ཀྱིས་བཀའ་བསྟན་གྱི་བདག་དབང་ངེས་པར་རྩོད་དགོས།
བཀའ་བསྟན་གཉིས་འཛམ་གླིང་གི་གཅེས་ནོར་བྱེད་ཆོག་མ་ཆོག་གང་ཡང་གླེང་གི་མེད།
རླབས་ཆེན་གྱི་བྱ་བ་དེ་བགེགས་མེད་ལྷུན་གྲུབ་ཡོངས་རྒྱུ་དང་འཆར་གཞི་རྩོམ་མཁན་རིན་པོ་ཆེ་མཆོག་གི་གཙོས་སྐད་འགྱུར་བ་རྣམས་དང་གཏོང་ཕོད་ཅན་གྱི་སྦྱིན་བདག་སྒེར་དང་ཚོགས་པ་དེ་དང་དེར་གཏོགས་ཀྱི་ལས་མི་ཡོངས་ལ་དགའ་བསུ་དང་སྙིང་ནས་ཐུགས་ཆེ་ལན་བརྒྱར་ཞུ།
བཀའ་བསྟན་གྱི་བདག་དབང་ལ་རྩོད་པ་རྒྱག་པ་ནི་ལས་མེད་རང་རེད། བཀའ་བསྟན་ནི་སངས་རྒྱས་དང་དེའི་རྗེས་འཇུག་དག་གིས་སེམས་ཅན་ལ་ཕན་འདོགས་པའི་ཆེད་གསུངས་པ་རེད་མ་གཏོགས། ཁྱི་ལྡོམ་ཚོའི་འཚོ་རྟེན་དུ་གསུངས་པ་མ་ཡིན། དེ་ཕྱིར་སྐད་རིགས་གང་འདྲ་ཞིག་ཏུ་ཕབ་བསྒྱུར་དང་། དར་སྤེལ་གནང་ཐུབ་ན་རྗེས་སུ་ཡིད་རངས་ཞུ་རྒྱུ་ལས་དོན་མེད་ཁ་སྟོང་ནང་གི་ལྕེ་སྟོང་གིས་ཕན་ཐོགས་གཏན་ནས་མེད་དོ།
བདག་དབང་ཐད་སྔོན་ལ་རྒྱ་གར་གྱིས་བོད་ལ་བདག་དབང་སྤྲོད་ཡོད་མེད་བརྟག་ནས་དེ་དང
དེ་བཞིན་བྱེད་ན་དོན་མེད་རྩོད་པ་དགོས་རྒྱུ་ཅང་མེད་དོ།
དངོས་གནས་དོ་མཉམ་པ་ཡིན་ས་རེད།
སྔོན་ཆད་བོད་བསྒྱུར་སྐབས་བོད་གསེར་ཚང་མ་རྒྱ་གར་ལ་བྱིན་པ་རེད།
http://www.khabdha.org/?p=15615#more-15615
འདིར་གང་ཟག་སོ་སོའི་བསམ་ཚུལ་མཚོན་པའི་མཆན་བུ་གང་མཚམས་བྲིས་འདུག །
བོད་ལ་་ཤ་ཞེན་ལ་རྒྱའི་ངྲི་མ་མི་བྲོ་བའི་བླ་རྒན་དེ་ཚོས་བོད་ཀྱི་སྐད་ཡིག་འདི་རང་རྐང་བཙུགས་མ་ཐུབ་གོང་ནས།
སྒེར་གྱི་ཁ་ཕོར་གྱི་ཆེད་དུ་བོད་ཀྱི་ཆོས་རིག་བཙོང་པ་ནི།
སྨན་གྱི་སྡོང་པོ་བཅད་པ་དང་མཚུངས།
འདི་ལྟར་བྱ་བཟང་གསོལ་གསོལ་གཏོད་ལ་འཚམས་འདྲིས་ཞུ།
ལས་དོན་འདི་ལ་་ཕྱི་ནོར་ནང་འདྲེན་ལྟ་བུའི་ལེགས་སོ་ཟེར་མི་ཐུབ་རུང་་་་་་ཡག་པོ་མ་རེད་ཟེར་ནས་ལབ་ས་མི་འགྲོ་སྟེ་ནང་ཆོས་ཀྱི་སློབ་དཔོན་ཆེན་མོ་སངས་རྒྱས་བཅོམ་ལྡན་འདས་དང་ཁོང་གི་སློབ་མ་དག་གི་རིག་སྟོབས་དང་། མཁྱེན་ཡོན་སོགས་ཀྱི་ཚད་གཞི་འཇོག་ཐུབ་པ་མ་ཟད། ལྷག་པར་དུ་གནའ་རབས་བོད་ཀྱི་མཁས་པ་ལོ་ཙྰ་བ་ཚོའི་འགྲན་ཟླ་བྲལ་བའི་སྤོབས་པ་དང་། དཀའ་དཔྱད། རྣམ་དཔྱོད་ལྷག་བསམ་བཅས་ཀུན་ལ་སྟོན་ཐུབ་པའི་དགེ་མཚན་ཡོད།
བོད་མི་རིགས་དང་། བོད་ཀྱི་རིགས་གཞུང་ལ་སྟོང་སྒྲོབ་མེད་པར་ཕན་ཐོག་གནང་མཁན་དག་ནི་དོན་གྱི་ལ་རྒྱ་ཅན་ཡིན་ལ། ཆོས་ལུགས་དང་འཆོལ་ཁའི་འཐེན་འཁྱེར་དང་། སྤྱི་དོན་ཁར་ཁྱེར་སྒེར་དོན་གོ་སྐབས་ཅུང་ཟད་རེག་ཚེ། བོད་ཀྱི་གཞོན་སྐྱེས་ལ་ཤེས་ཡོན་སྟེར་གནས་དག་ཀྱང་མཆིལ་མའི་ཐལ་བ་བཞིན་རྒྱབ་ཏུ་གཅིག་དོར་གཉིས་དོར་བྱེད་མཁན་གྱི་རིགས་དག་ནི། སོ་སོའི་ལྟོ་འབྲངས་ཆེད་ཀྱི་ཁའི་ལ་རྒྱ་ཅན་ཡིན་པས། བོད་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་ལས་ནམ་ཡང་ཕན་འདོགས་མི་སྲིད། ངས་འདི་སྤྱི་ཡོངས་ནས་ཞུས་པ་ལས་སུ་ལའང་ཐད་ཀར་མཛུབ་མོས་བཙུགས་ཀྱི་མེད། སོ་སོར་རིགས་ཅན་ངན་པ་དེའི་གྲས་སུ་འདུག་ན། འགྱོད་སེམས་དང་བཅས། བོད་ཀྱི་སྤྱི་ཕན་མ་ཐོག་ནའང་གནོད་ག་དུས་ན་ཡང་མི་བྱ་ཡང་ཡང་བསམ་ན། ནམ་ཞིག་དོན་གྱི་ལ་རྒྱ་ཅན་དུ་ཆགས་ཐུབ
སྔོན་མ་མི་ཁ་ཤས་རྒྱ་གར་ལ་ཕྱིན་ནས་ལོ་བཅུ་གྲངས་རིང་རྒྱལ་བའི་བཀའ་པོ་ཏེ་མང་པོ་འགྱུར།
ང་ཚོ་་མི་འབུམ་གཅིག་རྒྱ་གར་ལ་ཕྱིན་ནས་ལོ་བཅུའི་རིང་བཀའ་འགྱུར་ཕར་ཞོག་བཀའ་རེལ་འང་ཡག་པོ་བཟོ་མ་ཤེས།
་
“སྒེར་གྱི་ཁ་ཕོར་གྱི་ཆེད་དུ་བོད་ཀྱི་ཆོས་རིག་བཙོང་པ་ནི།
སྨན་གྱི་སྡོང་པོ་བཅད་པ་དང་མཚུངས།” ཞེས་པར་བཙོངས་པ་མ་ཤེས་པར་དེ་འདྲའི་ཚིག་རྩུབ་བམ་འཆལ་གཏམ་སྨྲ་བ་ནི།
སྨྲ་བ་པོ་རང་གིས་མི་དགེ་བ་བཅུ་ངན་སོང་དུ་འགྲོ་བའི་རྒྱུ་ཆེན་པོ་གསོག་གིན་ཡོད་པ་མ་རྟོགས་པས། གང་དྲག་འདི་ཉིད་སྙིང་རྗེའི་ཡུལ་དུ་གྱུར་ཏོ།
ནང་ཆོས་ལ་ཞིབ་འཇུག་དང་འཛིན་སྐྱོང་སྤེལ་གསུམ་གྱིས་ཆེད་དུ་ཡིན་ན་བཀའ་བསྟན་སོགས་དབྱིན་ཇི་མ་ཟད་སི་པེན་ནེ་སི་དང་ཧིན་དྷི་དང་རྒྱ་ནག་འཇའ་པན་སོགས་ཀྱི་སྐད་དུ་བསྒྱུར་ན་ཡང་ཡག་པོ་ཡོད་རེད་བསམ་སོང་།
བོད་པ་རང་མི་རིགས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ལ་བསམ་བློ་བཏང་ན་བསྒྱུར་ན་ཡག་པོ་ཡོད་པ་མཐོང་མ་སོང་། དངོས་ཡོད་ནི་ཚང་མས་ཁས་ལེན་དགོས་དངོས་རེད། རིག་པའི་རལ་གྲི་ཟེར་བས་མཇུག་ཏུ་ཆོད་མེད་པ་མང་བོ་བཤད་འདུག གཞན་གྱི་ལྟོ་ཕོར་འོག་ནས་འཚོ་བ་སྐྱེལ་མཁན་དང་བོད་པ་ཕྱེད་ཀ་། མི་རིགས་ཀྱི་འདུ་ཤེས་མེད་མཁན་དང་། བོད་ཀྱི་སྐད་ཡིག་དང་རིགས་གཞུང་ལ་ཤ་ཚ་མེད་མཁན་དག་གིས་ལས་གཞི་ཡིན་པ་ལས་བོད་པ་རྣལ་མ་ཞིག་གི་ལས་གཞི་མ་རེད་སྙམ། གང་ཡིན་ཟེར་ན་ང་ཚོ་ནི་སྐྱབས་བཅོལ་བ་ཡིན། བོད་དོན་གྱི་ཆེད་དུ་ལས་ཀ་བྱེད་དགོས་པ་མང་བོ་ལྷག་ཡོད། ཉམ་ཐག་དང་སློབ་གསོ་ཤེས་ཡོན་སྤྲོད་རྒྱུའི་ནུས་པ་ཡང་ད་དུང་འདང་ངེས་ཡོད་མ་རེད། དེ་ལ་རོགས་པ་གནང་ན་ཡག་པོ་ཡོད་རེད་། འདི་ལྟར་ལས་གཞི་མང་དྲགས་ན་བཙན་བྱོལ་བའི་ནུས་པ་ཕྱོགས་གཅིག་ལ་སྤུངས་མ་ཐུབ་པ་མ་ཟད་ནུས་མེད་དུ་གཏོང་བ་དང་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ངེས་རེད། ངེད་ནས་བསམ་ན་བཀའ་བསྟན་བསྒྱུར་རྒྱུའི་ཚབ་ལ་བོད་བཙན་བྱོལ་བའི་ནུས་པ་དང་ཁ་ཕྱོགས་གཞན་དུ་བསྒྱུར་ཉེན་འདུག
གང་ཡིན་ཟེར་ན་དེ་སང་བོད་ཡིག་སྦྱང་མཁན་ཅུང་ཟད་ཡོད་པ་འདི་ཡང་མེད་པར་བཟོ་ཡ་རེད། བོད་ཡིག་སྦྱང་མཁན་ན་གཞོན་ཚོར་སྐད་ཆ་དྲིས་དུས་བོད་ཡིག་སྦྱོང་དོན་ནི་ལས་ཀ་འཐོབ་ཐབས་ཀྱི་ཆེད་དུ་མིན་པ་དང་ནང་ཆོས་གོ་རྟོགས་ཡོང་ཆེད་ཡིན་ཟེར་གྱི་འདུག མ་འོངས་པར་ན་གཞོན་ཆོས་ལ་དོ་སྣང་ཡོད་མཁན་ཚོས་དབྱིན་ཇི་ལ་ལྟ་བ་ལས་བོད་ཡིག་སྦྱང་མི་སྲིད་། བོད་ཡིག་བརླགས་པ་ཡིན་ན་བོད་མི་རིགས་བརླགས་པ་དང་གཅིག་པ་རེད།
སྤྱིར་ན་བཀའ་བསྟན་དབྱིན་ཡིག་ཏུ་བསྒྱུར་ཟིན་ན་མཆོད་ཁང་དུ་བསྒྲིགས་ནས་མཆོད་པ་བྱེད་དམ། སློབ་དེབ་དུ་གཉེར་ནས་ཞིབ་འཇུག་སོགས་བྱེད་ཡ་རེད་དམ་ཅེས་དྲིས་ན་བསྒྱུར་མཁན་ཚོས་ལེན་འདེབས་ཤེས་ཀྱི་མ་རེད། བཏབ་ཀྱང་སྔ་དྲགས་པ་རེད།
ངེད་ནས་བསམ་ན་ལོ་ཙཱ་བ་དང་འགྲོ་སོང་གཏོང་ཕོད་མཁན་ཡོད་ན་བོད་མི་རིགས་ལ་བསམ་བློ་དང་དགོངས་་བཞེས་རོགས་གནང་། ཕྱི་སྐད་ཡིག་ཐོག་གི་གསུང་རྩོམ་གལ་ཆེན་དེ་ཚོ་བོད་ཡིག་ཏུ་བསྒྱུར་རོགས་གནང་། བོད་བསྒྱུར་བྱེད་མཁན་ཉུང་ཉུང་རེད། ཚན་རིག་དང་དཔལ་བྱོར་རིགས་པ་སོགས་དེབ་དཀོན་པོ་རེད། དེ་འདྲ་བྱུང་ན་བོད་རྒྱལ་བློན་དང་ལོ་ཙཱ་བ་དག་གི་དགོངས་པ་དང་མཐུན་པ་རེད། དེ་མིན་ན་ཁྱེད་རང་ཚོས་ནུབ་ཕྱོགས་པར་སྤྲེལ་ལབ་་འཁྲབ་པ་ལས་ཅི་ཡང་རེད་བསམ་མ་སོང་ལགས། ནུབ་ཕྱོགས་ལ་ཆོས་འཚོང་བ་ལ་གཟོད་མཇུག་བསྒྲིལ་གྲབས་ཡོད་པ་འདྲ། དེ་འདྲ་མིན་ན་གཞན་མི་རིགས་དང་རིགས་གཞུང་ལ་ཞབས་འདེབས་ཞུ་དགོས་ཡ་ཅང་ཡོད་དམ།
དེ་རིང་ལས་ཀ་ཡོད་། འགྲོ་རན་སོང་། ཕྱིར་ཡོང་ནས་བྲིས་ཆོག
རིག་པའི་རལ་གྲི་ཟེར་བའི་མི་འདིའི་སྐད་ཆ་མདོར་དྲིལ་ན། མ་འོངས་པ་ན་བོད་ཀྱི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བྱེད་པ་ལ། ཁོང་ཚོས་བོད་ཡིག་བོད་སྐད་ཤེས་ཀི་མ་རེད། དེ་ལས་བཀའ་བསྟན་འདི་ཚོ་དབྱིན་ཡིག་ལ་བསྒྱུར་ནས་མ་འོང་པ་ན་ཁོང་ཚོར་སློབ་བདེ་བོ་ཡོང་གི་རེད་ཟེར་བ་ཙམ་རེད། ཧཧཧཧཧཧ ཆོས་ཚོང་བ་འདི་ཚོའི་གནས་སྐབས་ཀྱི་རང་གི་ལྟོ་འགྲེང་སོང་ན་ཕུགས་བསམ་ཅང་ཡོད་པ་མ་རེད། གུ་དོག་གི་བསམ་བློ་དེ་ལ་ཧང་སང་ཡོང་གི་འདུག
དྲྭ་གྲོགས་ཁ་ཤས་ཀྱིས་’ཆོས་ཚོང་བ’ཟེར་ཚིག་འདི་བེད་སྤྱོད་བཏང་བ་དང་པོར་མཐོང་ཚེར་སེམས་ལ་འཕྲོད་པོ་ཞིག་མ་བྱུང་། མནོ་བསམ་ལེགས་པར་གཏོང་ན་སྐད་ཆོས་བསྒྱུར་བ་ནི་ཆོས་ཚོང་རང་རེད། ཆོས་སྤུས་དག་ནོར་མེད་འཁྱུགས་མེད་ཅིག་ཚོང་ཐུབ་ན་ཉོ་མཁན་གྱི་རིགས་ཀུན་ལ་དངོས་ཤུག་བརྒྱུད་གསུམ་ནས་ཕན་པར་འགྱུར་བ་ནི་ཆོས་ཀྱི་མཚན་ཉིད་མི་འཚེ་བ་གསུངས་པ་ལྟར་ཡིན་པས་རེད། བོད་ཀྱི་ཆོས་ཚོང་བ་དག་ནི་སྔོན་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྗེས་སུ་འབྲངས་ཁུལ་ཡིན་ནའང་། གསེར་བྲེ་ལ་གཞལ་བའི་རིན་ཐང་རེག་མཁན་གྱི་བོད་ཀྱི་ཆོས་ཚོང་བ་ཕལ་ཆེར་བྱུང་མེད་ཟེར་ན་ཆོག
རྒྱ་གར་པན་ཆེན་བོད་ལ་བཀའ་དྲིན་ཅན་གྱི་གུ་རུ་པདྨ་འབྱུངས་གནས་དང་། མཁན་ཆེན་བྷོ་དྷི་ས་ཏྭ། པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་ཀ་མ་ཤི་ལ་སོགས་བསྟན་པ་སྔ་དར་གྱི་སྐབས་སུ་ཕེབས་པའི་རྒྱ་གར་ཆོས་ཚོང་བ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཇོ་བོ་ན་རོ་ཏ་པ། པཎ་ཆེན་སྨྲི་ཏི་ཛྙ་ན། པན་ཆེན་གྷ་ཡ་དྷ་ར། པཎ་ཆེན་ཤཀྱ་ཤྲི་སོགས་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཕེབས་པའི་རྒྱ་གར་ཆོས་ཚོང་བ་དག་ཡིན་ལ་། དེ་དག་གིས་ཆོས་ཀྱི་བསླུ་ཡོན་གསེར་བྲེ་ལ་གཞལ་བ་བླངས་ཤིང་ཆོས་ལ་ཧ་ཅང་རྩིས་ཆེན་མཛད་དེ་བཀའ་བསྟན་ཡོངས་རྫོགས་ཁ་བ་ཅན་ལ་ཚོང་བའི་སྐུ་དྲིན་གྱིས་ད་ལྟར་འཛམ་གླིང་སྐྱེ་བོ་རྣམས་ཀྱི་ནང་ལ་སེམས་ཁམས་ཀྱི་ཅ་ལག་ཚོང་བྲིན་ཆེ་ཤོས་ཆགས་ཐུབ་ཡོད།
ཁ་བ་རི་བའི་བསོད་ནམས་ཀྱི་མཐུས་མཁས་དང་གྲུབ་པ་མ་ཉུང་བ་ཞིག་ཕེབས་ནས་དམ་པའི་ཆོས་འདི་བཤད་སྒྲུབ་ལས་གསུམ་གྱིས་ཉར་ཚག་གནད་སྨིན་གནང་བས་ད་བར་སྲུང་སྐྱོབས་ཡག་པོ་གནང་ཐུབ་ཡོད། ད་ལྟའི་སྐབས་སུ་ནི། ཚང་མས་མཁྱེན་གསལ་ལྟར། ཇོ་མོ་གླང་དམར་གྱི་རིའི་རྩེ་མོ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་གྱི་ས་ཁོངས་དང་། ཡུམ་བུ་ལྷ་ཁང་ནས་ད་བར་གསར་གཞེངས་བྱས་པའི་ཁང་ཞིང་། དབུ་ནག་བོད་ཀྱི་དབུ་ནས་བཟུང་རྐང་མཐིལ་བར་གྱི་བདག་དབང་ཡོངས་རྫོགས་གཞན་གྱིས་བཙན་འཕྲོགས་ཟིན་པ་རེད། དེས་ན་ནང་པའི་ཆོས་ཀྱི་སྲུང་སྐྱོབས་བྱེད་སའི་མཛོད་ཁང་བདག་པོ་གཞན་ལ་ཤོར་ཟིན་ཡོད་པས། རིན་ཐང་ཅན་གྱི་སེམས་ཁམས་ཅ་ལག་འདི། ཉར་སའི་མཛོད་ཁང་གཞན་ལ་མ་སྤོས་ཐབས་མེད་ཆགས་ཡོད་པ་ནི། ཁྱོད་དང་ཁྱོད་འདྲ་བའི་རེ་བའི་ཡུལ་མ་རེད་ཀྱང་གྲ་སྒྲིགས་བྱེད་དགོས་སའི་གནས་འགགས་ཤིག་ཆགས་ཡོད་པར་ཤེས་པར་བྱོས།
ཆོས་ཚོང་པ་ཟེར་བ་ནི་ཁ་ཇེ་གསལ་དུ་བཏང་ན་ལོག་འཚོ་བ་ཟེར་གྱི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལོག་པས་ལོག་པར་འཚོ་བར་མི་བྱ་གསུངས་ཡོད། ་་སྔ་རབས་ལོ་པཎ་དག་དང་ཁྱེད་ཅག་བསྡུར་ས་ཅང་ཨེ་ཡོད་དམ།
ཡ་ཡ་་་ད་ཅང་མི་བཤད།
རྒྱ་གར་པན་ཆེན་བོད་ལ་བཀའ་དྲིན་ཅན་གྱི་གུ་རུ་པདྨ་འབྱུངས་གནས་དང་། མཁན་ཆེན་བྷོ་དྷི་ས་ཏྭ། པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་ཀ་མ་ཤི་ལ་སོགས་བསྟན་པ་སྔ་དར་གྱི་སྐབས་སུ་ཕེབས་པའི་རྒྱ་གར་ཆོས་ཚོང་བ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཇོ་བོ་ན་རོ་ཏ་པ། པཎ་ཆེན་སྨྲི་ཏི་ཛྙ་ན། པན་ཆེན་གྷ་ཡ་དྷ་ར། པཎ་ཆེན་ཤཀྱ་ཤྲི་སོགས་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཕེབས་པའི་རྒྱ་གར་ཆོས་ཚོང་བ་དག་ཡིན་ལ་། དེ་དག་གིས་ཆོས་ཀྱི་བསླུ་ཡོན་གསེར་བྲེ་ལ་གཞལ་བ་བླངས་ཤིང་ཆོས་ལ་ཧ་ཅང་རྩིས་ཆེན་མཛད་དེ་བཀའ་བསྟན་ཡོངས་རྫོགས་ཁ་བ་ཅན་ལ་ཚོང་བའི་སྐུ་དྲིན་གྱིས་ད་ལྟར་འཛམ་གླིང་སྐྱེ་བོ་རྣམས་ཀྱི་ནང་ལ་སེམས་ཁམས་ཀྱི་ཅ་ལག་ཚོང་བྲིན་ཆེ་ཤོས་ཆགས་ཐུབ་ཡོད།
ཟེར།་་་་
བཤད་ཀྱིན་བཤད་ཀྱིན་ཇེ་གཙོག་རེད།
སྤྱིར་བཀའ་བསྟན་དབྱིན་ཡིག་དུ་བསྒྱུར་ན་མི་བཟང་རྒྱུ་ཆེར་མེད་ཀྱང་། རིག་པའི་རལ་གྲི་ཞེས་པ་འདིས་བཤད་སྟངས་ལ་ལྟས་ན་མ་འོང་པར་བོད་པ་ཚོས་བོད་ཡིག་འདི་ཉར་ཚག་ཐུབ་ཀྱི་མ་རེད། འདིས་འཚོ་བ་སྐྱེལ་བ་ལ་ཕན་ཐོག་མེད་པས་བརླག་འགྲོ་ཡི་རེད་དེས་ན་ད་ལྟ་ནས་བོད་ཡིག་ནང་ལ་ཡོད་པ་འདི་དག་དབྱིན་ཡིག་ལ་བསྒྱུར་ནས་མ་འོང་པའི་མི་རབས་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་ཐུབ་པ་ཞིག་བཟོ་དགོས་པ་རེད། ལྡོག་ལྡོག་བྱས་ན་འདི་འདྲ་ཞིག་བཤད་འདུག སྐད་ཆ་འདི་ནི་ཧ་ཅང་ཐབས་སྡུག་གི་སྐད་ཆ་ཞིག་རེད། བོད་ཡིག་ཉར་ཚག་བྱེད་དགོས་པ་འདི་ནི་མི་རིགས་ཤིག་གི་ངོ་བོ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་ལས་ལྟོ་གོས་ཙམ་གྱི་ཆེད་དུ་ག་ལ་ཡིན། དེས་ན་ནང་ཆོས་ཡོངས་རྫོགས་དབྱིན་ཡིག་ནང་ལ་བསྒྱུར་ཐུབ་པའི་དབང་དུ་བཏང་ཡང་བོད་ཀྱི་སྐད་ཡིག་འདི་ངེས་པར་དུ་བདག་པོ་རྒྱག་དགོས་པ་རེད། ལྟོ་གོས་ལ་ཕན་མི་ཐོག་པའི་རྒྱུ་མཚན་གྱིས་སྐད་ཡིག་ཕན་མེད་བཤད་ན་ཧ་ཅང་མིག་རྒྱང་ཐུང་བའི་སྐད་ཆ་ཞིག་རེད།
ཧ་ཧ་རང་གིས་སྨྲས་པའི་སྐད་ཆ་ཛོར་པོ་ཡིན་པ་རྭ་འཕྲོད་ན་ལེགས།
ཞིབ་ཀློག་མཛོད། ཅི་སྨྲས་མ་གོ་བར་ཀློགས་ཤིང་དེ་ནས་སྨྲོས་དང་མཛེས།
ང་ལ་བོད་ཀྱི་སྐད་ཡིག་ལ་གཅེས་པ་དག་ལ་སེམས་སྐྱོ་བའི་གཏམ་ཞིག་ཡོད། ངས་ཨ་རིའི་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་བོད་ཀྱི་རིག་གཞུང་སྐད་ལོ་ངོ་ཉི་ཤུ་རྩ་གྲངས་སློབ་པའི་སྐབས་ཐོབ། དེ་དུས་བོད་མི་དང་། རྒྱ་ནག་པ་གཉིས་བསྡུར་ན། རྒྱ་ནག་ཤང་ཧེ་ནས་འོངས་པ་འགའ་ཡོད་པ་དེ་དག་བོད་མི་ལས་བོད་ཀྱི་ཆོས་སྐད་ལ་དོ་སྣང་ཆེ་བ་མཐོང་། ངས་གནའ་བོའི་ལུགས་སྲོལ་བཞིན་སློབ་པར་བོད་རིག་གཞུང་སྐད་འགྲོ་སྟངས་མ་ཤེས་པ་དག་གིས་ལ་དྭགས་ཀྱི་སྐད་སློབ་པ་འདུག ཅེས་ཟེར། ངས་༡༩༩༠གོ་གྲངས་བོད་རིག་གཞུང་སྐད་སྲུང་སྐྱོབ་ལ་འབད། ད་ལྟ་བོད་ཤར་ཕྱོགས་སུ་གཏོང་བར་༡༩༩༠གོ་གྲངས་སུ་སྤར་པ་དེ་ལས་ཆ་ཤས་ཤིག་ཡང་སྐྱར་ཇི་ལྟ་བ་བཞིན་གློག་ཀླད་དུ་འཇུག་བཞིན་པ་ཡིན། བོད་ཀྱི་རིག་གཞུང་སྐད་མི་བརླག་པའི་ཐུགས་ཁུར་ཡོད་པ། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་བོད་སྐད་འབྲི་ན། དག་པར་འབྲི་དགོས། དེ་མིན་མ་འབྲི་ན་ལེགས་ཞེས་ལ་དྭགས་རི་རྫོང་སྲས། ད་ལྟའི་དགའ་ལྡན་ཁྲི་རིན་པོ་ཆེ་ལ་གསུངས་པ་བདག་གིས་ཐོས། དེ་ཡང་དེའི་དུས་བདག་གིས་གྲྭ་པ་རྩོད་པ་པོ་དག་ལ་གནའ་བོའི་སྒྲ་གདངས་བཞིན་བོད་སྐད་སྦྱང་ཐུབ་བམ་མི་ཐུབ་ཅེས་དྲི་བ་བཀོད་དུས་སྟེང་ན། སྐྱབས་མགོན་རིན་པོ་ཆེའི་ཞབས་དང་ཁྲི་རིན་པོ་ཆེ་གཉིས་ལྷན་རྒྱས་བཞུགས་། དེ་ཡང་ ༢༠༡༠ ལ་དྭགས་བྱང་ཕྱོགས་ཀྱི་ལྗོངས་སུའོ།
ང་ཚོའི་སྐད་ན་ཡོད་པའི་བཀའ་བསྟན་འདི་ཚོ་ང་ཚོས་ཕར་ལ་བསྒྱུར་དགོས་བ་འདི་ཡ་མཚན་རེད། དང་པོར་ཚུར་ལ་བསྒྱུར། དེ་ནས་ཕར་ལ་བསྒྱུར།
དབྱིན་རིགས་མི་མང་ལ་དགོས་ངེས་ཀྱི་དོན་དག་ཞིག་ཡིན་ན། སྔ་པོ་ནས་བསྒྱུར་ཚར་རེད། ཡིན་ན་ཡང་། བསྒྱུར་ཡོད་པ་མ་རེད། འོ་ན། འདི་སུའི་ཆེད་དུ་རེད་ཟེར་ན། བླ་མ་དང་ཆོས་བ་ཚོང་པའི་ལས་ཀ་རང་རེད། དབྱིན་སྒོར་ལ་རྔམ་པའི་ཀུན་སློང་ཡོད་པ་རེད།
བོད་ལ་མཚན་རིག་དར་བ་ཉུང་བས་དགོས་ངེས་ཀྱི་དཔེ་དེབ་ཧ་ཅང་མང་། དབྱིན་མི་ཚོས་བོད་ལ་དགོས་ངེས་ཡིན་པར་བསམ་ནས་བསྒྱུར་མི་སྲིད། བོད་པ་ལ་སྒྲོ་ལོ་མེད། དཔེ་དེབ་དེ་འདྲ་བོད་རིགས་ལ་དགོས་ན། བོད་རིགས་ཞིག་གིས་ཚུར་བསྒྱུར་དགོས་བ་ལས་གཞན་སུ་མེད།
དེ་བཞིན་དུ། དབྱིན་མི་ལ་བོད་དཔེ་ཕན་ཐོག་བ་དེ་འདྲ་ཡོད་ན། དབྱིན་མི་ཚོས་བསྒྱུར་བ་འམ། བསྒྱུར་མཁན་འཚོལ་དགོས་རེད། དེ་མིན། བོད་མིས་དང་བླངས་ཀྱིས་བསྒྱུར་འདོད་བྱེད་པ་ནི། ཨ་ཚ་ཚ། ནོམ་པ་རིག་ན་སྨྱོན་པ་མང་བའི་མངོན་རྟགས་རེད།
བླ་རྒན་ཚོ་ལ་སྐུ་ཚེགས་དེ་འདྲ་གནང་དགོས་བ་མ་རེད་ཞུ་ཡ་ཡིན། དབྱིན་མི་འདི་ཚོ་ལ་སྐད་རིགས་ལྔ་དྲུག་སྦྱང་བའི་གོ་སྐབས་དང་མཐུན་རྐྱེན་བཟང་བས། ཁོང་ཚོ་ལ་དགོས་ནི་ཞིག་ཡིན་ན། བོད་ཡིག་སྦྱང་ཡོང་གི་རེད། སེམས་ཁྲུལ་མ་བྱེད།
མ་སྐུལ་དང་བླང་བའི་ཆོས་བ་འདི་ཚོས། སྒྲོ་ལོ་ཟ་མ་ཤེས་བའི་དཀའ་ངལ་ལ། ཧ་ཧ་ཧ།
གནམ་ཞེས་པ་སོགས་མཆན་བུ་པ་དག་གིས་དོན་དང་མཐུན་པའི་སྐད་ཅ་མང་པོ་གསུངས་འདུག། ཡག་པོ་ཞེ་དྲགས་འདུག། ཡིན་ནའང་རིག་གཞུང་གི་སྲོག་རྩ་གཅོད་པའི་རལ་གྲི་ཞེས་པ་ཞིག་གིས་ད་དུང་ཡང་སྐད་ཆ་ཁྱད་མཚར་རེ་བཤད་ནས། དཔའ་ངོམ་གྱི་འདུག། འདི་ཡག་པོ་མ་རེད།
སྤྱིར་ནང་ཆོས་ཕྱི་སྐད་དུ་བསྒྱུར་ཏེ་དེ་དག་གི་སེམས་ལ་བདེ་སྐྱིད་རེ་བསྐྲུན་ཐུབ་ན་ཤིན་ཏུ་བཟང་ཡང་།
སྔོན་མར་ཡང་ཆོས་དང་ཆོས་འབྲེལ་ཞེས་ཁ་ལ་འཁྱེར། ཞེ་ཕུགས་སུ་གཞན་ཞིག་བཟུང་སྟེ། གཞན་ལ་མགོ་འདོགས་ལུས་འདོགས་ཞུས། བོད་མི་རྣམས་ཁ་འཐོར་དུ་བཏང་། མཐར་གཞན་ལག་ཏུ་ཤོར་པ་མངོན་སུམ་ཡིན། ད་ཡང་བོད་ཀྱི་སྐད་ཡིག་འདི་ཉེན་ཁར་འཕྲད་ཡོད་ཅེས། བོད་ཀྱི་སྐད་ནང་དུ་ཡོད་པའི་ནོར་བུ་འདི་ཚོ་གཞན་ལག་ཏུ་བསྐྱལ་བཞིན་འདུག། བོད་འདི་སྟོང་པ་སྟོང་རྐྱང་དུ་བཟོ་རྩིས་ཡིན་ནམ། དངོས་ནས་བོད་ལ་ཤ་ཚ་ཡོད་ན། བོད་དང་བོད་མི་ལ་དགོས་པའི་ཤེས་ཡོན་ནང་འདྲེན་བྱོས་དང་དེ་ནས་ལྷག་བསམ་ཡོད་མེད་ཤེས་ཐུབ། དེ་སྔ་གཞིས་ཆགས་ཀྱི་བོད་མི་སྐྱོ་པོ་རྣམས་བློས་བཏང་སྟེ་མགོ་སེར་ཚོའི་མདུན་དུ་བརྒྱུགས་ནས་ལོ་ངོ་བཞུ་བཅུ་ལྷག་ཕྱིན་པའི་རྗེས་ལ། གཞི་ནས་བོད་ཀྱི་རིག་གཞུང་ལ་ཤ་ཚ་དང་སྐད་ཡིག་ལ་སེམས་ཁུར་ཡོད་ཁུལ་གྱིས་ཕྱིར་ཡོང་སྟེ་ནོར་བུ་རྣམས་གཞན་ལག་ཏུ་བསྐྱལ་མཁན་འདི་ཚོ་ཡག་པོ་མ་རེད་བསམ་གྱི་ཡོད། མི་དེ་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས། རྗེས་མ་འགྱོད་པ་སྐྱེས་དུ་ཕྱི་པ་རེད།
རིག་རལ་ནི་མི་ཕྱིན་ཅི་ལོག་པ་ཅིག་རེད་འདུག་པས། ཁོའི་སྐད་ཆ་ལ་དེ་ཙམ་ཆ་འཇོག་བྱེད་དགོས་པ་མེད་རེད། འོན་ཀྱང་། བཀའ་བསྟན་ཚང་མ་ཨིན་བསྒྱུར་བྱེད་རྒྱུ་དེ་ལ་གནད་འགག་ཆེན་པོ་ཡོད་པ་རེད།བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་སྐབས་སུ་བོད་ཀྱི་ལོ་ཙཱ་པ་ཁྱོན་བདུན་བརྒྱ་ལྷག་ཅིག་རྒྱ་གར་དང་བལ་ཡུལ། སིངྒ་ལ་དང་ཏ་སིག་ཁ་ཆེའི་ཡུལ་བཅས་སུ་ལུས་སྲོག་ལ་ལྟོས་མེད་ཀྱིས་གོམ་བགྲོད་བྱས་ཏེ།གསེར་རྒྱབ་ཁུར་གྱིས་རྒྱ་གར་གྱི་སློབ་དཔོན་ཚོར་གསེར་ཕངས་མེད་ཀྱིས་ཕུལ་ཏེ་དང་པོ་རྒྱ་གར་གྱི་སྐད་ཡིག་དང་ཡུལ་ཆོས་བསླབས། བར་དུ་གཞུང་ལུགས་བརྒྱ་ཕྲག་མང་པོར་བརྡར་ཤ་བཅད། ཐ་མར་གསེར་གྱི་ཡོན་གང་ཡོད་ཕུལ་ནས་དབང་ལུང་མན་ངག་གི་གདམས་པ་ཞུས་ཏེ། གཞུང་རེ་རེའི་བཤད་སྒྲོས་ཅུང་ཟད་མི་མཐུན་པ་དང་བཅས་པ་ཁོང་དུ་ཆུད་དེ་ཚུར་བོད་ཡིག་ཏུ་བསྒྱུར་བཞག་པ་ཅིག་རེད་མ་གཏོགས། དེ་ཚོ་རིན་མེད་ཀྱིས་རྒྱ་གར་སློབ་དཔོན་ཚོས་བོད་ལ་བསླབས་བཞག་པ་དེ་འདྲ་གང་ཡང་མ་རེད།
བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཆེན་བེ་རོ་སོགས་ཀྱི་རྣམ་ཐར་ལ་གཟིགས་དང་དཔལ་ནལེནྡྲ་ལྟ་བུར་དགེ་འདུན་པ་ཚོས་ཆོས་ཀྱི་བགྲོ་གླེང་བྱེད་བཞིན་པའི་སྐབས་སུ། གལ་ཏེ་བོད་མི་ཅིག་སླེབས་པ་ཡིན་ན་དགེ་འདུན་ཚོ་ཞལ་རོག་གེར་བཞུགས་ནས་ཅི་གང་གསུང་མི་འབྱོན་པ་རེད། རྒྱུ་མཚན་ཆོས་ཀྱི་གནད་འགག་དེ་ཚོ་བོད་པ་དེས་རིན་མེད་ཀྱིས་ཤེས་འགྲོ་བས་རེད། གསེར་རྐྱང་རྐྱང་གི་ཡོན་མ་ཕུལ་ན་ཆོས་གསུང་གི་མེད་པ་རེད། ལྷག་པར་སློབ་དཔོན་ཐུགས་རྗེ་ཅན་སོགས་ལ་ཆོས་ཞུ་ཆེད་གསེར་གྱི་ཡོན་རྒྱ་ཆེན་པོ་ཙམ་མ་རེད་ད། བོད་ཀྱི་རྒྱལ་བོའི་བཙུན་མོ་ཚུན་ཆོས་ཡོན་དུ་ཕུལ་བ་རེད།
བསྟན་པ་ཕྱི་དར་སྐབས་སུ་མང་པོ་བཤད་མི་དགོས་པར་བོད་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་བཙོན་ཏུ་ཆོས་ཀྱི་ཚབ་ཏུ་ཤི་བ་རེད། ཁོང་བླུ་ཡོན་ཏུ་བྱང་ཆུབ་འོད་ཀྱིས་གསེར་མི་ཚད་ཙམ་བསྒྲིགས་པ་ཇོ་བོ་རྗེ་གདན་འདྲེན་དུ་འགྲོ་སོང་བཏང་བ་རེད།
ཆོས་བོད་ཡིག་ཏུ་བསྒྱུར་བར་བོད་མིས་ལུས་སྲོག་ལྟོས་མེད་ཀྱིས་དཀའ་ལས་བརྒྱབས་པ་ཕར་བཞག གསེར་དངུལ་གྱིས་འགྲོ་སོང་བཏང་བ་གཅིག་པུ་བློ་ཡུལ་དུ་མི་ཆུད་པ་ཅིག་བཏང་ཡོད་པ་རེད། དེ་ཚོ་གཅིག་གཅིག་གཉིས་གཉིས་ཤེས་འདོད་ཡོད་ན་བོད་ལྗོངས་ཞིབ་འཇུག་སོགས་བོད་ནང་གི་མཁས་པ་མང་པོས་བྲིས་འདུག་ལ། དུང་དཀར་ཚང་གིས་ཀྱང་ཞིབ་འཇུག་ཐོ་གཞུང་ཞིག་བཏོན་ཡོད་པ་རེད། ཡང་དགོས་སུ་དེང་སང་དེ་འདྲ་རྒྱལ་བའི་བཀའ་ཚད་མ་དང་པཎ་གྲུབ་རྣམས་ཀྱི་བསྟན་བཅོས་ཚད་མ་ལ་དཔྱད་གསུམ་དག་པའི་སྒོ་ནས་ལོ་ནས་ལོ་མཐུད་དེ་ཐོས་བསམ་སྒོམ་གསུམ་བྱས། དེའི་འབྲས་བུར་རང་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་བཞིན་པ་དང་། སངས་རྒྱས་ནས་བཟུང་གསུང་རབ་དེ་ཚོའི་བཤད་ལུང་གི་རྒྱུན་མ་ཉམས་པར།དབང་ལུང་མན་ངག་གི་རྒྱུད་པ་ཡོངས་སུ་རྫོགས་པ་འཛམ་གླིང་འདིར་བོད་མི་གཅིག་པུས་འཛིན་ཐུབ་ཀྱི་ཡོད་པ་མ་ཟད། དེ་འདྲ་འཛིན་སྤེལ་གྱི་རྟེན་གཞིའི་ཆ་ནས་ཀྱང་རྒྱ་གར་དང་བལ་ཡུལ་ནང་སེར་འབྲས་དགེ་གསུམ་སོགས་གཙོས་བའི་དགོན་སྡེ་བརྒྱ་ཕྲག་མང་པོ་ཡོད་ཅིང་། བོད་ནང་དུ་གྲ་བ་ཁྲི་ཚོ་ཟིན་པའི་དགོན་སྡེ་ཁ་ཤས་དང་སྤྱིར་བཏང་དགོན་སྡེ་སྟོང་ཕྲག་མང་པོ་ཡོད་པ་རེད། བོད་ཡིག་ཆེད་སྦྱོང་སློབ་གྲའང་སྟོང་ཕྲག་མང་པོ་ཡོད་པ་དངོས་ཡོད་གནས་ཚུལ་རེད།
ལྷག་པར་དེང་དུས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་མདོ་སྟོད་སྨད་ནང་སྐད་ཡིག་རྒྱུན་འཛིན་ཚོགས་པ་ཧ་ཅང་མང་པོ་དང་། བོད་སྐད་གཙང་མ་ཁོ་ན་བཤད་རྒྱུའི་ལས་འགུལ་སྟོད་སྨད་གང་སར་ཁྱབ་ཡོད།བརྙན་འཕྲིན་དང་དྲ་རྒྱ། ཁ་པར་གློག་ཀླད་སོགས་ཀྱི་ལམ་དུའང་དེང་སང་བོད་ནང་བོད་མི་བརྒྱ་ཆ་བདུན་ཅུ་ཙམ་གྱིས་བོད་ཡིག་ཁོ་ན་བེད་སྤྱོད་གཏོང་གི་ཡོད་ཅིང་། བཙན་བྱོལ་ནང་དུ་འཛམ་གླིང་ས་ཕྱོགས་གང་དུ་ཡོད་མིན་ལ་མ་ལྟོས་པར། རྒྱ་གར་དང་བལ་ཡུལ་ནས་སྐྱེས་པའི་བོད་ཕྲུག་རེ་ཟུང་མ་གཏོགས། བོད་ནས་གསར་འབྱོར་དང་གྲ་བཙུན་རིགས་བརྒྱ་ཆ་བརྒྱ་ཐམ་པས་དེང་དུས་ཀྱི་བརྡ་འཕྲིན་འཕྲུལ་ཆས་རིགས་ནང་བོད་ཡིག་ཁོ་ན་བེད་སྤྱོད་གཏོང་གི་ཡོད་པས། བོད་ཡིག་དང་བོད་སྐད་དེ་ཙམ་ཉག་ཕྲ་བོ་འཆི་ལ་ཁད་ཅིག་གི་ཚད་དུ་སླེབས་མེད་པ་གསལ་བོ་རེད།
དམིགས་བསལ་རིག་རལ་སོགས་ཀྱིས་འབྲུག་པ་དཔེ་མཚོན་དུ་དྲངས་ཏེ་བོད་ཡིག་བོད་སྐད་ཆོས་སྐད་ཙམ་དུ་སྨྲས་པ་ནི་ནོར་འཁྲུལ་ཚབ་ཆེན་རེད། འབྲུག་པ་ཚོས་ཁོང་ཚོ་ནམ་རྒྱུན་ནས་བོད་པ་མིན་ཅེས་ཁ་གསལ་གཏིང་གསལ་གྱིས་གསུང་གི་ཡོད་ལ། བོད་པ་ལ་ཆོས་སྲིད་གང་ཅིར་འབྲེལ་ལམ་བྱེད་རྒྱུར་འཇིགས་སྣང་བྱེད་མཁན་ཅིག་ཡིན་པས། དེ་འདྲ་ཅིག་གིས་བོད་སྐད་ཡིག་རྒྱུན་འཛིན་མི་བྱེད་པ་སྨྲོས་མེད་རེད།ལར་ཆོས་སྐད་ཅེས་པ་ནི་རྒྱ་གར་དང་པ་ཀི་སིཏན་སོགས་ཀྱི་ཁ་ཆེ་རྣམས་ཀྱི་ཕ་མེས་ཀྱི་སྐད་དང་རྒྱུན་སྤྱོད་སྐད་ཡིག་ཧིན་དི་དང་འུར་དོ་ཡིན་ནའང་། ཁ་ཆེའི་གསུང་རབ་སོགས་ཨ་རབ་སྐད་ནང་འདོན་པ་དང་། རྒྱ་ནག་གི་ཁ་ཆེ་ཚོའང་རྒྱུན་སྤྱོད་སྐད་ཡིག་རྒྱ་སྐད་ཡིན་རུང་། ཁ་ཆེའི་གསུང་རབ་ཀོ་རན་ཨ་རབ་ཡི་གེའི་ནང་ཀློག་བཞིན་ཡོད་རེད། དེ་འདྲ་ཅིག་ལ་ནམ་རྒྱུན་བེད་སྤྱོད་མེད་པའི་ཆོས་སྐད་ཟེར་གྱི་ཡོད་པ་རེད།བོད་ཡིག་དང་བོད་སྐད་ནི་དེ་འདྲ་མིན་པར་བོད་མི་ས་ཡ་དྲུག་པོས་དེང་སང་ཡང་རྒྱུན་སྤྱོད་ཀྱི་སྐད་ཡིག་རེད། དེའི་ནང་བོད་ཀྱི་ཆོས་སྲིད་རིག་གནས།རྩོམ་རིག་དང་ཕོ་མོའི་འདོད་བརྩེ་སོགས་ཚང་མ་ཚུད་ཡོད་པ་མ་ཟད། བོད་མི་ཕན་ཚུན་བར་ཉི་མ་རེ་རེའི་འཚོ་བའི་ནང་བརྡ་སྤྲོད་ལག་ཆ་ཡིན་སྟབས། དེ་ལེགས་སྦྱར་དང་པལི་སྐད་སོགས་འཇིག་ཟིན་པའི་ཆོས་སྐད་ཙམ་དུ་ཚད་དུ་བཞག་པ་ནི་ནོར་འཁྲུལ་ཆེན་པོ་རེད།
དེ་འདྲར་བརྟེན་ཆོས་ལ་ཤ་ཚ་ཁུལ་གྱིས་བོད་ཡིག་བོད་སྐད་མེད་པར་བྱེད་འདོད་པ་ནི་རྨི་ལམ་རེད། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་སྟོན་ཐུབ་པའི་བོད་ཀྱི་བཀའ་བསྟན་ཡོངས་རྫོགས་སྐད་ཡིག་གཞན་ནང་བསྒྱུར་དགོས་ན། དེ་ལ་བདག་དབང་གི་སྐད་ཆ་ཅིག་ངེས་པར་ཡོད་པ་རེད། རྒྱུ་མཚན་བོད་པས་དེ་རྒྱ་གར་གྱི་རྩ་ནས་གསེར་དངུལ་མི་དང་བཅས་པའི་འགྲོ་སོང་བཏང་ནས་ཉོས་རེད། དེ་ཕར་བསྒྱུར་དགོས་ན་བོད་མི་ས་ཡ་དྲུག་གི་ཤི་གསོན་ཚང་མའི་སྐུ་ཚབ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་སྐྱབས་མགོན་ཆེན་པོའི་རྩ་ནས་བདག་དབང་ཞུ་དགོས་པ་རེད། ཚུར་འགྲོ་སོང་ཕངས་མེད་བཏང་སྟེ་ཉོས་བཞག་པ་ཅིག་ཕར་རིན་མེད་ཀྱིས་སྤྲད་རྒྱུ་མེད་རེད།
དེ་ནས་དེང་སང་གི་མགོ་སེར་ལོ་ཙཱ་པ་མང་པོ་ངས་ཀྱང་ངོ་ཤེས་ཀྱི་ཡོད། ཁོ་ཚོ་བོད་ཀྱི་སྐད་ཡིག་རིག་གཞུང་དང་མདོ་སྔགས་ཡོངས་རྫོགས་ནང་བྱན་ཆུབ་པ་ཤེས་མཁན་ཕར་བཞག་སྟེ། ཐ་ན་བོད་སྐད་ཀྱིས་ཁ་བརྡ་ཙམ་ཡང་བྱེད་མི་ཤེས་པ་ཞེ་གཅིག་རེད། ཁོང་ཚོའི་ཁ་གཡར་ས་ནི་བོད་གསུང་རབ་ཀྱི་སྐད་མ་གཏོགས་ཡུལ་སྐད་མི་ཤེས་ཟེར་གྱིན་འདུག། འོན་ཀྱང་བོད་ཀྱི་ཡུལ་སྐད་ལ་བརྟེན་ནས་གསུང་རབ་ཀྱི་སྐད་བྱུང་བ་མ་གཏོགས་དེ་གཉིས་ཁ་ཁ་ཅིག་མེད་པ་རེད། དེ་ཚོ་བོད་སྐད་ཙམ་མི་གོ་བར་ཚིག་མཛོད་ལ་སྐྱབས་བཅོལ་ཏེ་གཞུང་ཆེན་པོ་བསྒྱུར་མཁན་ཧམ་ཆེན་དེ་འདྲ་རེད། བཀའ་འགྱུར་བསྟན་འགྱུར་དེ་ཚོའི་ལག་ཏུ་བཞོག་དང་སྒྲ་ལོག་སྐད་ལོག་ཅིག་བསྒྱུར་ཏེ། དེས་གཞན་ལ་ཕན་པ་ལས་གནོད་པ་ཚབ་ཆེན་པོ་དང་སངས་རྒྱས་ཀྱི་བསྟན་པར་རྨ་འབྱིན་ཁོ་ཐག་ཡིན་པས། དོན་གྱིས་སངས་རྒྱས་ཀྱི་བསྟན་པར་ཞེན་ཤ་ཚ་ཡོད་པ་ཅིག་ཡིན་ན། ལས་འཆར་དེ་ངེས་པར་འགོག་དགོས་པ་རེད།
དེའི་ནང་ཡིག་བསྒྱུར་བ་ཚོ་ཕར་བཞག་འབྲུག་པ་རྫོང་སར་མཁྱེན་བརྩེ་དང་རོ་བྷིར་ཐོར་མན་སོགས་ཀྱང་དེ་འདྲ་སློབ་སྦྱོང་ཡོད་པ་ལོ་པཎ་ཚད་ལྡན་གང་ཡང་མ་རེད། མཁྱེན་བརྩེ་ནི་གློག་བརྙན་འདྲ་བཟོས་ཏེ་རྣམ་གཡེང་བྱེད་བསྡད་མཁན་ཅིག་མ་གཏོགས་བོད་ཡིག་གི་བརྩམས་ཚད་ལྡན་ཕར་ཆེར་ཤོག་ལྷེ་གཅིག་ཀྱང་མེད་པ་རེད། ཐོར་མན་ནས་ནམ་རྒྱུན་སེ་ར་དགོན་པར་ལོ་ཤས་བསྡད་པར་ངོམས་སོ་བྱས་ཏེ་བོད་སྐད་ཐེབས་ཆགས་ཤིག་བརྒྱབས་ཀྱི་རེད་མོད། དོན་གྱིས་མཁས་མིན་རྣམ་ཐར་དད་པའི་འཇུག་ངོགས་ཨིན་ཡིག་ཏུ་བསྒྱུར་བར་ལྟོས་དང་ཤེས་ངེས་རེད།
མདོ་རྩ་མི་མང་པོ་ཅིག་ལ་ཕན་རྒྱ་ཆེན་པོ་ཐོགས་ཀྱི་ཡོད་ན། བཀའ་བསྟན་རིན་མེད་ཀྱིས་བསྒྱུར་ནའང་གོ་ཆོད་པ་ཅིག་བྱུང་བ་རེད། འོན་ཀྱང་། དེང་སང་གི་ལས་གཞི་འདི་ཚོ་མི་ཁ་ཤས་ཀྱིས་དཔལ་འབྱོར་འཚོལ་སྒྲུབ་ཙམ་གྱི་ལས་འཆར་ཡིན་པ་ཤེས་ན་ཡག་པོ་ཡོད། སྔ་མོའི་བོད་ཡིག་ཏུ་བཀའ་བསྟན་བསྒྱུར་མཁན་ཚོ་ནི་རྒྱ་གར་གྱི་ཡུལ་གོམས་སྐད་ཡིག་དང་བཅས་པར་རྒྱ་གར་བ་དང་ཧ་ལམ་གཅིག་མཚུངས་ཡིན་པ་མ་ཟད། བསྒྱུར་གཞིའི་གཞུང་ལ་ལོ་མང་སློབ་སྦྱོང་ཉམས་ལེན་བྱས་ཏེ་ཉམས་རྟོགས་ཚུན་ཆད་རྒྱུད་ལ་སྐྱེས་པ་ཞེ་གཅིག་གིས་བསྒྱུར་བ་ལོ་པཎ་ཚོའི་རྣམ་ཐར་ན་གསལ་བོ་བཀོད་ཡོད་ལ། དཔེ་མཚན་བཀོད་ན། རྒྱ་གར་གྱི་དུས་དེའི་མཚན་སྙན་ཆེ་ཤོས་ཀྱི་པཎ་གྲུབ་ཇོ་བོ་རྗེ་བོད་ལ་ཕེབས་དུས་འབྲོམ་སྟོན་དང་ལོ་ཆེན་རིན་བཟང་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་ལ་ཧ་ལས་ཡོད་ལ། དགུང་ལོ་སུམ་ཅུ་ཙམ་ལས་མ་སོན་པའི་ཁྲོ་ཕུ་ལོ་ཙ་བའི་རྒྱ་གར་སྐད་ཡིག་དང་གཞུང་ལུགས་ཀྱི་མཁྱེན་རྒྱ་ལ་ཁ་ཆེ་པཎ་ཆེན་བགྲེས་སོང་དེ་འདྲ་ཅིག་ཧོན་འཐོར་དགོས་བྱུང་བ་རེད། དེང་སང་གི་མགོ་སེར་ལོ་ཙ་བ་ཚོ་ནི་དེ་ལས་ལྡོག་སྟེ་བོད་སྐད་ཀྱིས་གོ་བརྡ་ཙམ་ཡང་མི་འཕྲོད་པ་རྐྱང་ཡིན་པ་ཉེ་ལམ་འཚོགས་ཆེན་སྟེང་གསུང་སོང་བ་མ་ཟད། གཟན་དཀར་སྤྲུལ་སྐུ་ཨ་རིའི་ནས་དེ་གྲས་ཀྱི་པདྨ་ཀ་ར་སོགས་ཀྱི་ལོ་ཙའི་ལྷན་ཚོགས་པ་ཚོར་ཐུག་ནས་བོད་སྐད་ཀྱིས་གོ་བརྡ་མི་འཕྲོད་དུས། ཁོང་ཧང་སངས་དགོས་བྱུང་འདུག་པས། དེ་འདྲ་རིགས་ཀྱིས་བཀའ་བསྟན་བསྒྱུར་ན་ནང་ཆོས་ཀྱི་རིན་ཐང་ཆུད་ཟོས་སུ་འགྲོ་རྒྱུ་ཉག་གཅིག་ཡིན་པ་རེད། ཡིད་མི་ཆེས་ན་རྣམ་པ་ཚོས་ལྟོས་ཤོག་དང་ང་ཚོས་ལྟད་མོ་མཐོང་གི་རེད་ད།
ཡིན་ད་མཉམ་དུ་ཡིན། ཁ་ལག་ཟ་སའི་སྡེར་མ་འཁྲུད་རྒྱུ་བཞག་བྱེད་གཉིས་ཕན་གྱི་ཕྱག་ལས་འདི་འདྲ་ཞིག་ང་ཚོས་ཨེ་འགྲུབ་བལྟ།
གལ་སྲིད་བླ་མ་ཕྱུག་པོ་དེ་ཚོས་དེ་འདྲའི་འགྲོ་སོང་མང་བོ་ཞིག་བཏང་ནས་ནུབ་ཕྱོགས་ཀྱི་རིག་གནས་དང་ལག་རྩལ་མང་བོ་ཞིག་ཚུར་བོད་སྐད་དུ་བསྒྱུར་ན་ཐུབ་ན། ལོ་བཅོ་ལྔའི་རིང་དུ་བོད་ཀྱི་སྐད་ཡིག་དེ་གནང་དེང་གཉིས་ཀྱི་རིག་གནས་ཐོག་ནས་ཕྱུག་པོ་ཆགས་ས་རེད།
གཞན་ཕར་ལ་ཅིག་ཅིག་བསྒྱུར་གི་ཡིན་ཟེར་པདེ་ཚོར། ངས་ནི་ཆོས་ཚོང་མཁན་ཟེར་རྒྱུ་ལས་གཞན་ཅང་མེད་དོ།།
སྒྲོ་ལོ་དང་སྒྲོ་ལོ་་་་སྒྲོ་ལོ་ཀྱང་ཀྱང་ལ་ཧམ་ནས་བོད་འདི་མིའི་ལག་པར་ཤོར་རེད། དབྱིན་ཇིས་རྒྱ་གར་རང་བཙན་སྤྲོད་སྐབས་བོད
ཀྱི་སྐུ་ཚབ་གདན་འདྲེན་ཞུ་་སྐུ་ཚབ་རྣམ་པ་ཀ་སྦུག་ལ་འབྱོར་ནས་ཚོགས་འདུར་མ་ཕེབས་པར་སྒྲོ་ལོ་ཡོད་མེད་མི་ཤེས་དངུལ་ལོར་ཆེད་ཉིན་མཚན་མེད་པར་ཤོ་བག་གནང་ནས་བཞུགས་་ཚོགས་འདུར་མ་ཕེབས་ཙང་བོད་བསྐོར་དེ་དུས་མ་བྱུང་བ་རེད། མིས་ཕྱག་ལས
ལེགས་ཆ་གནང་ཡང་དེ་རྣམས་སྒྲོ་ལོ་ཆེད་རེད་བསམ་པ་ནི་་ཐུགས་བསམ་ཅི་ནས་རྒྱ་ཆུང་བ་ལ་་ད་ང་ཚོའི་ལས་དབང་དེ་འདྲ་་་
བོད་དུ་རྩོད་པ་བྱེད་སྐབས་ཤེས་བྱ་ཐམས་ཅད་ལེབ་ལེབ་མ་ཡིན་ཟེར་སྲོལ་ཡོད། སྔར་བོད་ཀྱི་སྒྲ་སྒྱུར་པ་རྣམས་ན་ཡང་། ཚིག་དོན་ཇི་བཞིན་ཤེས་པ་དང་། མི་ཤེས་པ་མང་པོ་ཡོད། དེ་བཞིན་དུ། དིང་སང་གི་སྒྲ་སྒྱུར་པ་དག་གི་ནང་ན་ཡང་དེ་ལྟར་ཡོད་པར་ངེས། ནོར་འཁྲུལ་ལ་འཇིགས་ཏེ། མ་བསྒྱར་བ་དང་། ནོར་འཁྲུལ་ལ་འཛེམས་མེད་ཀྱིས་གང་དྲག་བྱས་ཏེ་བསྒྱུར་ན། ཕྱི་མ་དེ་མཆོག་ཏུ་རྩི། སྔར་བོད་སྐད་དུ། བསྟན་བཅོས་འཆི་མེད་མཛོད་བསྒྱར་པ་བསྟན་འགྱུར་ན་བཞུགས། བསྒྱུར་དེ་ལ་ཕྱིས་ཀྱི་བོད་ཀྱི་སྒྲ་སྒྱུར་པ་ཆེན་པོ། སི་ཏུ་པཎ་ཆེན་གྱིས་སློབ་སྦྱོང་མཛད་ནས། སྔར་བསྒྱུར་པའི་འཆི་མེད་མཛོད་ན། འདི་དང་འདི་ནོར་ཟེར་ན། རྩ་བའི་བསྟན་བསྟན་བཅོས་ལས་མང་དུ་འགྲོ་བར་གཟིགས་ཏེ། རང་ཉིད་ཀྱིས་མགོ་ནས་མཇུག་བར་དུ་བསྒྱུར་བར་མཛད། འོན་ཀྱང་སྔར་གྱི་སྒྱུར་བ་པོ་ལ་མཐོང་ཆུང་མ་མཛད་པར་བཀའ་དྲིན་ཅན་དུ་དགོངས། གལ་ཏེ་སྔར་བསྟན་བཅོས་འདི་བོད་སྐད་དུ་བསྒྱུར་མེད་པ་ཡིན་ན། བསྟན་བཅོས་འདི་ལ་ཐོས་བསམ་གྱི་སྐལ་བ་ཙམ་ཡང་མི་འབྱུང་བ་ཡིན། ཞེས་གསུངས། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བརྒྱད་པའི་ཚིགས་བཅད་༧༠ པ་ན།
རུས་གོང་འགའ་ཞིག །ཅེས་དགོས་པ་ལས། སྡེ་དགེ་བསྟན་འགྱུར་དུ་མ་ཟད་རྒྱལ་ཚབ་རྗེས་མཛད་པའི་སྤྱོད་འཇུག་འགྲེལ་པ། ཝཱ་རཱ་ཎ་སཱི་ན། ༡༩༧༣ལོར་སྤར་པའི་ཤོག་གྲངས་༡༧༥ན་ཡང། རུས་གོང་འབའ་ཞིག །ཅེས་ཕྱིས་ཀྱི་ཡི་གེ་འབྲི་བ་པོ་དག་གིས་ནོར་འཁྲུལ་བྱས་ཡོད། གཞན་ཡང་། གཞུང་འདིའི་ལེའུ་བཅུ་པ་ན།
་
རྟག་ཏུ་གུས་པ་དང་བཅས་ཤིང་།
ལྷ་དང་ལྷ་མིན་མི་ཡིས་མཆོད།
དེ་བཞིན་རང་སངས་རྒྱས་རྣམས་དང་།
ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག། ༥༠ །།
་
ཚིགས་བཅད་འདིའི་རྐང་པ་དང་པོ་གཉིས་བོད་ཀྱི་ཡི་གེ་པས་ཆད་པར་བྲིས་ཏེ། ཕལ་ཆེར་བོད་དཔེ་གང་ན་ཡང་མེད་པར་མཐོང་སྟེ། སླར་ཚིག་རྐང་འདི་གཉིས་བདག་གིས་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་པ་འདི་ལས་ལེགས་པ་ཞིག་སྒྱུར་མཁན་འབྱུང་ན། ལེགས་གསོལ་ཞུ་འོས་པ་ལས་ཕྲག་དོག་བྱེད་ན། བདག་ཉིད་རྒུད་པའི་རྒྱུ་རུ་འགྱུར།
གཞན་ཡང་འདི་ཉིད་བཤད་དགོས་པར་མཐོང་སྟེ། རང་གིས་བྱེད་པར་མི་ལྕོགས་ཀྱང་། གཞན་བྱེད་པ་པོ་ལ་ཚིག་རྩུབ་སྨྲ་བ་ནི། རང་ཉིད་ལ་ཆགས་སྡང་ཡོད་པ་སྟོན་བྱེད་མ་ཡིན་ནམ། ཞེས་སོ།
བཀའ་འགྱུར་བསྒྱུར་འགོ་བཙུགས་ཟིན་པ་རེད། བརྒྱ་ཆ་ཡང་བཅོ་ལྔ་ཙམ་བསྒྱུར་ཟིན་པར་བཤད་སོང་། དེ་བས་བསྒྱུར་དགོས་དང་མི་དགོས། བསྒྱུར་ནས་ཕན་ཐོགས་དང་མི་ཐོགས། བོད་ཀྱི་རིག་གཞུང་ལ་ཕན་དང་གནོད་ཟེར་བའི་སྐད་ཆ་འདི་ཚོ་ཆོ་མེད་པ་རང་རེད། བཤད་དགོས་ན་བསྒྱུར་འགོ་མ་བཙུགས་པའི་སྔོན་ནས་བཤད་དགོས་པ་རེད།
ད་ལྟ་སྒྱུར་བ་པོ་རྣམས་ཀྱིས་བསྒྱུར་ཟིན་པའི་གཞུང་རྣམས་ལ་དཔྱད་དེ། མ་སྐད་ཀྱི་བརྗོད་དོན་ཡོངས་རྫོགས་འཁྲུལ་མེད་ནོར་མེད་དུ་བསྒྱུར་ཡོད་མེད་ལ་བསམ་ཆར་ཤོད་པ་དང་གྲོས་བསྡུར་བྱེད་པ་བྱུང་ན་རྣམ་དཔྱོད་ལྡན་པ་རེད། བསྒྱུར་ནོར་སོགས་ཀྱི་ནོར་འཁྲུལ་ཚབས་ཆེ་ལྡན་ཡོད་པ་ར་འཕྲོད་དུ་ཡོད་ཚེ། བཀའ་འགྱུར་སྒྱུར་ཆོག་དང་མི་ཆོག་སོགས་ཀྱིས་བསམ་འཆར་བཤད་ན་རྣམ་དཔྱོད་ལྡན་པ་རེད།
ཉེ་ཆར་རྡོར་གདན་དུ་ཚོགས་པའི་འགྱུར་གྱི་ཚོགས་འདུའི་སྟེང་མཁས་པ་སེམས་དཔའ་རྡོ་རྗེས་འདི་ལྟར་གསུངས། གསུང་རབ་ཀྱི་ནང་ཨེ་ཝྃ་ཞེས་པའི་ཚིག་གཅིག་པོ་འདི་བླ་མེད་ཀྱི་སྐབས་དང་། རྣལ་འབྱོར་རྒྱུད་ཀྱི་སྐབས། བྱ་རྒྱུད་ཀྱི་སྐབས། སྤྱོད་རྒྱུད་ཀྱི་སྐབས། དེ་བཞིན་མདོ་ཕྱོགས་ཤེར་སྙིང་གི་སྐབས་སོགས་སུ་བེད་སྤྱོད་མཛད་ཡོད་ཀྱང་། རྒྱུད་སོ་སོའི་སྐབས་དང་ཤེར་སྙིང་གི་སྐབས་ཀུན་ཏུ་གཞུང་དེ་གང་གི་ཁུངས་སུ་གཏོགས་སའི་ལུགས་སོ་སོར་གོ་དོན་མི་འདྲ་བ་རེ་ཡོད་པ་ལས། ཚིག་གཅིག་པ་ཙམ་རྒྱུ་མཚན་དུ་བཟུང་ནས་གནས་སྐབས་ཀུན་ཏུ་གོ་དོན་གཅིག་གྱུར་དུ་ངོས་བཟུང་ནས་བསྒྱུར་ན་ནོར་འཁྲུལ་ཤིན་ཏུ་ཆེ་བ་ཡོང་གསུངས་པ་འདི་སྒྱུར་བ་པོ་དེ་དག་གིས་ཞིབ་ཏུ་བསམས་དགོས་པའི་གདམས་ངག་གལ་ཆེན་ཞིག་ཏུ་མཐོང་བཞིན་ཡོད།
ངས་སྒྱུར་བ་པོ་སུ་དང་གང་ཞིག་ཡོད་པ་ཤེས་ཀྱི་མེད་ཀྱང་། དོན་དམ་པའི་གཞུང་ལུགས་ཀྱི་གོ་རྟོགས་མེད་པར་བློ་ཁོག་དང་སྤོབ་པ་གོ་ལོག་གི་སྤྱི་རྟོལ་བསྐྱེད་པའི་རིགས་དེ་འདྲ་ཡོད་དུ་སྲིད་ན་ནི་དེ་དག་གི་འགྱུར་རྣམས་གདན་ས་ཆེ་ཁག་གི་ངེས་དོན་གྱི་མཁས་པ་རྣམས་དང་ལེགས་པར་བགྲོས་ཏེ་ཞིབ་ཚགས་ཀྱིས་གཏན་འབེབ་བྱེད་དགོས་པ་ཡིན།
ཀུན་མཁྱེན་པད་དཀར་ཞབས་ཀྱིས། འཕགས་ཡུལ་ཆོས་ཀྱི་འོ་མཚོའི་བཅུད་ལེན་པ། །སྒྲ་སྒྱུར་ཆུ་བྱའི་ཕྲེང་བ་དཔག་ཡས་ལས། །བདུད་རྩི་འཐུང་མཁས་དཔལ་ལྡན་ངག་གི་དབང་། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །ཅེས་མར་པ་ལོ་ཙཱར་བསྔགས་པ་མཛད་པ་ལྟར། མདོ་རྒྱུད་ཆོས་ཀྱི་འོ་མཚོའི་ཉིང་བཅུད་ཇི་བཞིན་པ་ཞིག་རྒྱལ་བའི་གསུང་རབས་ལ་སྐྱེ་བ་ནས་སྐྱེ་བ་རྣམས་སུ་ཕར་ཟད། ཚེ་ཡི་གསུམ་ཆ་གཉིས་ཙམ་ཡང་མྱོང་རྟོགས་ཀྱིས་འདྲིས་པར་མ་བྱས་པའི་དེང་དུས་ཀྱི་མཁས་པ་རྣམས་ཀྱིས་སྒྱུར་དུ་མི་གཏུབ་པ་ཤིན་དུ་དངོས་ཡོད་ཡིན་ཡང་། གང་ཐུབ་ཀྱིས་སྤུས་དག་པོ་ཞིག་སྒྱུར་ཐབས་ལ་གོང་དུ་བསམ་ཆར་འདོན་མཁན་རྣམས་ཀྱིས་དེ་དག་གིས་བསྒྱུར་ཟིན་པའི་གཞུང་རྣམས་ལ་གཟིགས་རྟོག་གིས་སྐྱོན་ཡོན་རྣམ་འབྱེད་ཀྱི་གཏམ་བརྗོད་ཕྱིས་མ་དྲགས་པའི་ཚུལ་དུ་བྱེད་དགོས་པ་གལ་ཆེ་བར་སྙམ།
བཀའ་བསྟན་གཉིས་པོ་དབྱིན་སྒྱུར་བྱས་ཟིན་པའི་རྗེས་སུ་པར་བསྐྲུན་སུས་བྱེད་གི་རེད། སུས་བཙོང་གི་རེད། ཆོས་སྦྱིན་དུ་སྤེལ་ཐུབ་ན་ཡག་ཤོས་རེད། ཚོང་སྒྱུར་མདོག་ཉེས་པོ་ཞེད་པོ་ཞིག་བྱེད་གི་རེད་བསམ་གི་འདུག
སྤོབས་པ་མཐའ་ཡས་མཆོག
“བཀའ་བསྟན་གཉིས་པོ་དབྱིན་སྒྱུར་བྱས་ཟིན་པའི་རྗེས་སུ་པར་བསྐྲུན་སུས་བྱེད་གི་རེད། སུས་བཙོང་གི་རེད། ཆོས་སྦྱིན་དུ་སྤེལ་ཐུབ་ན་ཡག་ཤོས་རེད། ཚོང་སྒྱུར་མདོག་ཉེས་པོ་ཞེད་པོ་ཞིག་བྱེད་གི་རེད་བསམ་གི་འདུག” བཀའ་བསྟན་ཨིན་སྐད་དུ་བསྒྱུར་ཚད་དཔེ་སྐྲུན་དགོས་པའི་ངེས་པ་མེད་ཀྱང་། བསྒྱུར་ཟིན་པའི་དཔེ་དེབ་གང་དགོས་དྲྭ་རྒྱའི་ཐོག་ནས་རིན་མེད་དུ་ལེན་ཆོག་སྙམ། ངའི་གློག་ཀླད་དྲྭ་རྒྱ་ནས། སྐུ་གཤེགས་ཨ་རི་པ་འཇམ་དབྱངས་རྣམ་རྒྱལ་ལམ། གེ་ནེ་སྨི་ཐ་མཆོག་གི་བཀའ་དྲིན་ལས་བོད་དཔེ་ཆ་གང་དགོས་བླངས་ནས། གློག་ཀླད་འཕྲུལ་ཆས་ཆུང་ཆུང་དེར་ནམ་དགོས་བལྟ་ཆོག་པར་བཞུགས། སྔར་ཡིན་ན། དཔེ་ཆ་དེ་འདྲ་བཞུགས་པ་ལ་ཚོམས་ཆེན་ཁང་པ་ཞིག་དགོས་པ་ཐག་ཆོད། དེ་བཞིན་ཁྱེད་ཀྱི་གློག་ཀླད་ན་ཡང་བོད་དཔེ་མང་དུ་ཡོད་པ་ཐག་ཆོད།
ལ་དྭགས་བློ་བཟང་འཇམ་དཔལ་་ལགས།
ངའི་གློག་ཀླད་དྲྭ་རྒྱ་ནས། སྐུ་གཤེགས་ཨ་རི་པ་འཇམ་དབྱངས་རྣམ་རྒྱལ་ལམ། གེ་ནེ་སྨི་ཐ་མཆོག་གི་བཀའ་དྲིན་ལས་བོད་དཔེ་ཆ་གང་དགོས་བླངས་ནས། གློག་ཀླད་འཕྲུལ་ཆས་ཆུང་ཆུང་དེར་ནམ་དགོས་བལྟ་ཆོག་པར་བཞུགས།
ཟེར་།
དེའི་ཁ་བྱང་ཞིག་ཡོད་ན་འདིར་འཇོག་གནང་རོགས།
ང་ལ་དཔེ་ཆ་ལྟ་ས་མ་རེག་པའི་དཀའ་ངལ་ཡོད།
དགེ་འདུན་རྒྱ་མཚོ་མཆོག
དཔེ་ཆ་འདྲ་བཤུས་བྱེད་པ་ལ་སྦྱོང་བརྡར་ཞིག་དགོས། ཉེ་དུས་ངས་འདྲ་བཤུས་བྱེད་པར་དཀའ་ངལ་བྱུང་། ཁྱེད་ལ་དཔེ་ཆ་གང་དགོས་ཀྱི་མིང་དང་། ཁྱེད་ཀྱི་email ཁ་བྱང་འབྱུང་ན། བོད་རིག་གཞུང་ལྟེ་གནས་ལ་མངགས་ཆོག་གོ
སྤྱིར་ང་རང་ཀླད་རྒྱ་ཆུང་དྲགས་པས་ཡིན་ནམ། བཀའ་འགྱུར་དབྱིན་བསྒྱུར་གྱི་ལས་གཞི་འདིར་བོད་ཀྱི་བླ་སྤྲུལ་རེ་ཟུང་གིས་ཇུས་ཏོག་བྱེད་བཞིན་པ་ནི་རང་ཉིད་ཤོག་དངུལ་ལ་དགའ་བ་ཕྱིར་བཏོན་པ་ལས། བོད་ཀྱི་ཆོས་རིག་ལ་ཕན་པའི་ལས་སུ་མ་མཐོང་། བཀའ་འགྱུར་དབྱིན་བསྒྱུར་གྱི་ལས་གཞི་ཚོགས་ཆུང་འདིས་བཀའ་འགྱུར་པར་མ་གང་ཞིག་གཞི་འཛིན་གྱི་ཡོད་པ་རེད། པར་ཁང་དེ་དང་དེ་ལ་སྒྱུར་མཆན་ཞུས་ཡོད་པ་རེད་མ་རེད། གལ་སྲིད་སྒྱུར་མཆན་ཞུས་ཡོད་ན་འཛམ་གླིང་གི་ཁྲིམས་སྲོལ་ལྟར་ཐོངས་མཆན་མ་དངུལ་སྟེར་གྱི་ཡོད་པ་རེད་མ་རེད། ལས་གཞི་འདི་ནི་འཇམ་དབྱངས་མཁྱེན་བརྩེ་སོགས་སྨྱོ་ཧམ་ཅན་ཁ་ཤས་ཀྱིས་བཀའ་བསྟན་ཨ་སྒོར་ལ་བརྗེས་པ་ཞིག་རེད།
ངོ་མ་ཐུགས་བསྐྱེད་རྒྱ་ཆེན་པོ་རེད། ཞབས་ཞུ་མི་ནུས་ཀྱང་ཡི་རང་ཙམ་ཞིག་སྒོམ་ནས་བསྡད་ཡོད།
མཁས་བཙུན་བཟང་གསུམ་ལྡན་པའི་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བཞེད་དོན་འབདམེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད། རྒྱུ་མཚན་ནང་བསྟན་ཡུན་རིང་འཛམ་གླིང་སྐུ་དགུའི་གཅེས་ནོར་དུ་གནས་པ་དང་། ཞེ་འཁོན་ངན་པའི་གདོནགཟུགས་ཀྱིས་བཀའ་བསྟན་རྐུ་བཤུས་ཀྱི་རྫུན་རྐུབ་དག་རང་བུད་དུ་འགྲོ་བའི་དགོས་སོགས་དུ་འདུག་དྲན་སོང་། ། མདོར་ན་ཤིན་ཏུ་བཟང་ངོ་། །ཡི་རང་དང་བསྔགས་བརྗོད་ཡོད།
# 34 ལ་དྭགས་བློ་བཟང་འཇམ་དཔལ་་ལགས
October 31st, 2013 at 10:15 AM
དགེ་འདུན་རྒྱ་མཚོ་མཆོག
དཔེ་ཆ་འདྲ་བཤུས་བྱེད་པ་ལ་སྦྱོང་བརྡར་ཞིག་དགོས། ཉེ་དུས་ངས་འདྲ་བཤུས་བྱེད་པར་དཀའ་ངལ་བྱུང་། ཁྱེད་ལ་དཔེ་ཆ་གང་དགོས་ཀྱི་མིང་དང་། ཁྱེད་ཀྱི་email ཁ་བྱང་འབྱུང་ན། བོད་རིག་གཞུང་ལྟེ་གནས་ལ་མངགས་ཆོག་གོ
ཐུགས་རྗེ་ཆེ།
དཔང་ལོའི་སྙན་ཌིཀ་བཏང་རོགས་གནང་། ངས་སློབ་ཕྲུག་ཚོར་ཅིག་ལབ་ན་བསམ་སོང་། ག་གེ་མོའི་དཔེ་མཛོད་ཁང་ཞིག་ན་འདུག་ཀྱང་བྲིས་མ་རེད། དེ་ཡང་མགོ་ཤོག་མ་གཏོགས་བཤུས་མི་ཐུབ་པ་བཟོས་འདུག
g.gedun@yahoo.com gedun gyatso@yahoo.com
འདིའི་སྟེང་དུ་བསྐུར་རོགས།
ཁ་བྱང་དེ་གཉིས་གཅིག་མ་རེད།
འདི་གཉིས་གང་རུང་གི་སྟེང་དུ་བསྐུར་རོགས།
གཞན་རིག་ནང་འདྲེན་བྱས་ན་སྒོར་མོ་མེད།།
བོད་ཡིག་སྤྱོད་མཁན་མང་ཤོས་དབུལ་བོ་ཡིན།།
རང་རིག་ཕྱི་ལ་བཙོང་ན་རིན་ཐང་ཆེ།།
ཆེ་ཆེ་གྲགས་གྲགས་ཚང་མས་ཉོ་རྒྱུ་རེད།།
ལོ་པཎ་མང་པོ་རྒྱ་གང་ཡུལ་བྱོན།།
ཕྱི་ཡི་རིག་གཞུང་བླ་མེད་ནང་དུ་སྤེལ།།
མཁྱེན་བརྩེའི་ཚོགས་འཁོར་བྷི་རི་གྲོང་དུ་འཛོམས།།
བཀའ་བསྟན་ཕྱི་ལ་འཚོང་བའི་གཡོ་ཇུས་བསྒྲིགས།།
བསྟན་འཛིན་གྱི་མགུར་འདི་ནི་སྙན་པོ་འདྲ་བྱུང་། བདེན་པ་འདྲ་འདུག། བོད་ཀྱི་བཀའ་བསྟན་གྱི་སྙིང་བཅུད་ཕྱི་ལ་ཤོར་ཉིན། བོད་ཡིག་ནི་སྦྱང་དང་མ་སྦྱང་ལ་དགོས་བ་ཆེན་པོ་མེད་པའི་སྐད་ཡིག་མཐུན་མོང་མ་ཡིན་པ་ཞིག་ལ་མི་ཆགས་པ་ནི། ཚོང་བ་སྨྱོན་པ་འདི་ཚོས་ཤེས་ན་བཟང་།
བཀའ་བསྟན་དབྱིན་བསྒྱུར་བྱས་ཉིན་ནས། བོད་ཡིག་དང་བོད་ཆོས་ནི་བོད་ཡིག་གི་ཐོག་ནས་སྦྱང་བརྩོན་བྱེད་མི་དགོས་པར་བོད་ཡིག་གི་གོ་ས་ཐང་ལ་བརྒྱབས་ཡོད།
དེ་རིང་གི་མདུན་སྐྱོད་དང་། མ་འོངས་བའི་མདུན་སྐྱོད་གཉིས་ཁ་ཁར་དབྱེ་མ་ཐུབ་ན། བྱུང་རྒྱུ་འདི་ལས་མེད། གཟབ་ཤོག་ཨ། བླ་ཁོ་ཚོ།
བོད་བརྒྱུད་ནང་པ་ཟེར་ན་ཅུང་ཧམ་པ་ཆེས་འདུག་་ཧེ་མ་ཡའི་ནང་བསྟན་ཟེར་ན་ཡག་པ་འདུག་་་དོན་དངོས་དང་མཐུན་པོ་འང་འདུག བོད་བརྒྱུད་ནང་བསྟན་རྐྱང་པ་ཟེར་ན་ལ་དགས་སོགས་བོད་མིན་པ་མང་པོ་ཞིག་ཁྱབ་ས་མ་རེད་་་་་
g.gedun@yahoo.com gedun gyatso@yahoo.com
འདིའི་སྟེང་དུ་བསྐུར་རོགས། ཞེས་པ་བཞིན་བསྐུར་ནས་དཔང་ལོའི་སྙན་ཊཱི་ཀ་སྐུར་བར་ཞུ་བ་བརྒྱབས། དཔང་བློ་གྲོས་བརྟན་པ་ཡིན་ནམ། འབྱུང་ན་མཛད་པ་པའི་མཚན་ཡོངས་རྫོགས་དང་། དཔེ་ཆ་གང་ཡིན་མིང་ཡོངས་རྫོགས་འབྲི་ན། འཚོལ་བ་ལ་དཔགས་ཚོད་བྱེད་མི་དགོས་པའི་ཁྱད་པར་ཡོད་པ་ཐུགས་ལ་འཇོག་དགོས། སྐལ་བ་ཡོད་ན། དགེ་མཚོར་སྙན་ཊི་ཀ་དེ་འབྱོར་ངེས།
བཀྲ་ཤིས་བདེ་ལེགས།།