འབྲུག་འབུམ།
ལོ་ཟླའི་ཕྲེང་བ ཁྱེད་ཀྱི་འཛུབ་བར་ནས་ག་ལེར་ཟད
ཤུལ་དུ་ལུས་བ་ནི་འོད་ཟེར་ཞིག ང་དང་མིང་སྲིང་ཚོའི་སེམས་སུ་འཚེར་བའི
ཁྱིམ་གཞིའི་འདིའི་འདས་མ་ད་གསུམ་ལ་གཟིགས་པའི
ནམ་ཡང་ཡལ་བ་མེད་པའི་འོད་ཟེར་ཞིག
ཁྱེད་རང་རྒྱུད་མྱོང་པའི་འཇིག་རྟེན་གྱི་གྲུ་ག་མཐའ་དག་ན
རྐང་རྗེས་ཁྲི་འབུམ་ལ་དགའ་སྐྱོ་ཟུང་གི་གཏམ་རྒྱུད་མངའ
ཀློག་དེབ་ཀྱི་ངོས་ན་མེད་པའི་སློབ་ཚན་དག
ང་ལ་བཞག་པའི་རིན་ཆེན་རྒྱུ་ནོར་ལགས
ཡབ་ཆེན་ལགས ངའི་ཕ་ཡུལ་གྱི་རྒྱབ་རི་སྨུགཔོ
དགུན་ཟླ་བཅུ་བའི་གྲང་མངར་དང་ལྷན་དུ
རི་གསུམ་རྩེ་ན་འདུར་བཞིན་པ་དེ་ཁྱོད་ཡིན་
དབྱར་ཟླ་དྲུག་པའི་ཆར་ཆུ་དང་མཉམ་དུ་
ལུང་གསུམ་མདོ་ན་འབབས་གྱིན་པ་དེའང་ཁྱོད་ཡིན
ཐོ་རེངས་བྱ་སྐད་མ་གྲགས་པའི་ཡར་སྔོན་ནས
ཁྱེད་དང་མཛོ་ཆུང་ཁྲ་རིལ་སྣང་ཞིང་གྲུ་བཞིའི་ཁ་རུ་སླེབས་ཡོད
མུན་པ་དང་ས་ཞིང་མཉམ་དུ་གཤེགས་བཞིན་ཡོད་ལ
གྲོ་ནས་སྲན་གསུམ་ལ་ཁ་དོག་གསར་བ་ཞིག་བསྩོལ་བཞིན་ཡོད
ཡབ་ཆེན་ལགས ངའི་ཕ་ཡུལ་གྱི་རྒྱབ་རི་སྨུགཔོ
གར་འོང་མི་ཤེས་བའི་ཡ་ཐོད་ཀྱི་རྒས་གཉེར་ཟབ་མོེ་རུ
རྒྱལ་ཕམ་རེས་སུ་འཁོར་ཅིང་ རྔུལ་ཆུ་ཤམ་ཤམ་བཞུར་
སྲ་འཁྲེགས་ཀྱི་སྤོབས་པ་ལ་བློ་རིག་གིི་རྣོ་དཔལ་མངའ་བས
འཚོ་བ་ལ་ཁ་དོག་ལྡན་པར་བྱས་ཡོང གོ་ཁ་ལ་དྲོད་ཁོལ་མཛོམས་སུ་བཅུག་ཡོད
འོན་ཀྱང ཁྱེད་ནི་འཇིག་རྟེན་ལ་སྡོམ་ཚིག་འཇོག་མཁས་ཀྱི་
མཚན་ཉིད་རིག་པ་ཞིག་མིན་ཀྱང
ཁྱེད་རང་རྒྱུད་མྱོང་བའི་ཀྱག་ཀྱོག་གི་ལམ་ཕྲན་སྟེང
ངས་བཏུས་ཆོག་པའི་ལེགས་བཤད་ཅི་འདྲིའི་མང་འང ཡབ་ཆེན་ལགས
ཡབ་ཆེན་ལགས ངའི་ཕ་ཡུལ་གྱི་རྒྱབ་རི་སྨུག་པོ
ཁྱེད་ཀྱི་འདབ་གཤོག་ཟུང་གི་མཐུ་འོག་ནས
འཁོར་བ་ནི་ བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་ལྟར་སྣང་ཞིང
འཁོར་བ་ནི་ མ་བཅོས་རང་བྱུང་གི་འཇའ་ཚོན་ཉིད་དུ་སེམས
དེ་རིང དངོས་ཡོད་ལྟ་བའི་ལྟར་སྣང་འདི་ལ་གྱེས་བརྡ་གཏོང་དུས
ངས་ཁྱེད་རང་དྲན་ཤིང ཁྱེད་རང་གླེང
ཡབ་ཆེན་ལགས་ ངའི་ཕ་ཡུལ་གྱི་རྒྱབ་རི་སྨུག་པོ
*སྨན་བླའི་ཚིག
2013.10.21
སྙན་པ་ལ་ཚོད་ཅིག་མེད་ཀི་་བཀའ་དྲིན་ཆེ།
སྦྲ་ནག ཁེར་རྐྱང་གི་གཏམ་རྒྱུད་སྨུག་པོ།
ཡོང་ཁུངས། དགེ་ཆོས་དྲ་བ། རྩོམ་པ་པོ། བྱ་གཞུང་དབྱངས་བྷ།
༡
སྦྲ་ནག དུས་བཞིའི་རྡུང་རྡེག་བཟོད་སྒོམ་གྱིས་བསྐྱལ་བའི་ལྷག་བསམ་ཞིག
སྦྲ་ནག ལོ་བརྒྱའི་འདོད་འདུན་རྫ་སུལ་ནས་འབུས་པའི་སྙིང་སྟོབས་ཤིག
སྦྲ་ནག་ལགས། ཁེར་རྐྱང་གི་གཏམ་རྒྱུད་སྨུག་པོ་ཡ།
བསམ་གཞིག་གིས་སྦར་བའི་ཐ་མག་གི་ཚེ་འབར་ཡོད་ཚད་ཁྱེད་ཀྱི་དོན་དུ་སྦར་ལ།
དྲན་གདུང་གིས་ཟོས་ཚར་བའི་སྙིང་ཆུང་གི་ཚེས་རིས་ཀྱང་ཁྱེད་ཀྱི་སླད་དུ་འཚེར།
ང་རང་ཁྱེད་ཀྱི་ཐུ་འོག་ནས་མུ་མེད་བྱང་ཐང་ལ་འཁྱར་བས།
ཡང་བསྐྱར་ས་མཐའི་འཁྱམ་མྱུལ་ལས་ཁྱེད་ཀྱི་ཐུ་འོག་ལ་ལོག་འོས།
༢
སྤྲེའུའི་སྙིང་རྗེ་དང་སྲིན་མོའི་གཏུམ་དྲག་ཡར་ཀླུང་ནས་འབྲོང་རྒོད་ཀྱི་རྭ་བར་ལ་བཏབ་ཅིང་འབུས་པས།
པོ་ཏ་ལའི་རྒྱ་ཕིབས་གོ་ལའི་ཡང་རྩེ་ནས་ཉི་ཟླའི་འོད་ཁྱིམ་ལ་འཕགས་ཤིང་།
ཁྱེད་རང་མཐོ་སྒང་གི་རྫ་སུལ་ནས་འཚར་ལོངས་བྱུང་།
ཁྱེད་ཀྱི་ཆོན་ཐག་གི་ཕག་རྒྱས་སུམ་གཉིས་ས་ལ་མཐའ་མཚམས་དབྱེ་དུས།
ཁ་ཚུབ་ཀྱི་མཐོངས་ལམ་མེ་ཏོག་གི་ཆར་བས་ནམ་རྒྱུན་བརླན་ལ།
འཇིག་རྟེན་ཟླུམ་པོའི་ཧམ་རློམ་གྱི་རྨི་ལམ་ཇི་འདྲའི་མང་པོ་ཞིག་དཀྲོགས་ཡོད་ཨང་།
ཁྱེད་ཀྱི་བྱུང་བ་ནི་བསྒྱུར་བཅོས་དང་གསར་གཏོད་ཀྱི་དཀྱོགས་མཚམས་ཤིག་གི་རྡོ་རིང་སྟེ།
ཁྱེད་ཀྱི་རྟོགས་བརྗོད་ནི་ཉི་ཟླའི་མིག་ལམ་ན་ཆེས་མཚར་སྡུག་ལྡན་པའི་འཕར་བགྲོད་ཀྱི་ཟིན་ཐོ་ལགས།
༣
ལྷ་སྲས་ཀྱི་དབུ་ལ་གླང་རྭ་བཙུགས་ཤིང་སྐྱེས་པས། པོ་ཏ་ལའི་རྡོ་སྐས་ཀྱི་ཚ་དྲོད་འཇགས་ཤིང་།
ཁྱེད་དང་ཁྱེད་ཀྱི་འཇིག་རྟེན་གྱི་འཁོར་སྐྱོད་ལ་རེ་ཞིག་རྫོགས་ཚིག་བྲིས།
དེ་ནས་བཟུང་། རེས་དྲོ་རེས་འཁྱག་གི་སྦྲ་ཕུག་ནས་སྨག་མདོག་གི་ལྷིང་འཇགས་སྟུག་ནས་སྟུག་ཏུ་ཕྱིན།
དེ་ནས་བཟུང་། ཕ་སྤུན་གྱི་སྦྲ་ལྷས་ནས་ཁྲག་མདོག་གི་གཏམ་རྒྱུད་སྐྱུར་མོ་མུ་མེད་ཀྱི་མཐའ་ལ་འཕུར།
སྟོང་འཇགས་ཀྱི་ནོར་ལྷས་ནས་འཕར་སྤྱང་གིས་རྒྱལ་ཕམ་འབྱེད་དུས། སྲབ་ལ་དོག་པའི་ཁྱེད་རང་།
རྫ་སྒང་གི་གཉེར་རིས་སུལ་ནས་ལྷགས་རླུང་གིས་ཧྲལ་ཧྲུལ་ཟོས།
༤
ཁྱེད་རང་འོད་སྣང་ལ་དུངས་དྲགས་པས། འཇིག་རྟེན་གྱི་ཡང་རྩེར་སྐོམ་གདུང་གི་གོམ་འགྲོས་འཁྱོར།
ཁྱེད་རང་བདེ་དྲོད་ལ་ཞེན་དྲགས་པས། ཁ་ཆར་བུ་ཡུག་ཁྲོད་བཟོད་སྒོམ་དང་སྙིང་རྗེ་འཕྱོ།
ཉི་ཟླ་དང་ཆེས་ཉེ་ས་ནི། ཡོད་ཚད་ཉིན་སྲིབ་མེད་པའི་འོད་སྣང་དང་བདེ་དྲོད་ཀྱི་ཤམ་བྷ་ལ་ཡིན་འོས་ལ།
འབྲོང་གཡག་གི་སྤུ་ཉག་རེ་རེའང་གསེར་མདོག་གི་རྟོགས་བརྗོད་རེ་རེ་ཡིན་འོས་ཨང་།
༥
གཏམ་རྒྱུད་ལ་གསང་ཚིག་མང་ཞིང་ཐོབ་ཤོར་གྱི་འཕར་ཆག་སྐྱེན་པའི་ཁྱེད་རང་།
མ་གཞི་ནས་དོ་མི་མཉམ་པའི་གཏམ་རྒྱུད་ཅིག་གི་སྔོན་འགྲོའམ་མཇུག་བྱང་གང་རུང་ཡིན་ནམ།
དར་ཧྲུལ་བཞིན་ལ་ཁར་བཙུགས་པའི་རྫི་བོ་བྱིས་པ་གྲངས་མེད།
ཡིག་དྲུག་གི་ཟློས་བརྗོད་བར་ན་སྐྲ་ལོ་ཁ་བས་བཀྲུས་པའི་ཨ་མ་རྣམས།
འདམ་ལྕིའི་བཞོ་དབྱངས་ཁྲོད་ན་སྡུག་ཡུས་གཞས་ལ་འགུགས་པའི་སྨན་ཤར་ཚོ།
རྟའི་གོང་ན་དཔའ་སྤོབས་ཀྱིས་འཕྱོ་ཞིང་ལྷུང་བའི་སྟག་ཤར་ཡོད་ཚད།
ད་དུང་བྱང་ཐང་ནས་བྱང་ཐང་འགྲིམ་པའི་རི་སྤྱང་འཁྱམ་པོ་དག
སྦྲ་ནག་ལགས། ཡོད་ཚད་ཁྱེད་ལས་མཆེད་པའི་གཏམ་རྒྱུད་ཀྱི་མེ་ལྕེའམ་རྒྱས་བཏབ་པའི་སྤྱི་འགྲོས་ཨེ་ཡིན།
༦
ཁང་རྩེག་གི་ནགས་ཀློང་སྟུག་པོའི་ཕུན་ཚོགས་ལ་ཅེར་ནས། ཁྱེད་ཀྱི་སྐྱུར་ཞིང་དོག་པའི་གཏམ་རྒྱུད་ལ་ཉན་ཐེངས་རེ་དང་།
གླེགས་བམ་གྱི་ཉིན་སྲིབ་བར་ནས་བསམ་གཞིག་གི་མེ་ལྕེ་སྐོམ་གདུང་གི་མིག་ལ་འཐུང་ཐེངས་རེར།
ཁྱེད་ཀྱི་ཕྱིར་དུ་ཁྱེད་དང་གྱེས་ཤིང་ཁྱེད་ཀྱི་རྐྱེན་པས་དབུལ་ཞིང་ཕོངས་པའི་སེམས་པ་འཁྱམ་པོ་གང་མང་ཞིག་ཐལ་བར་བསྲེགས་ཡོད་ཨང་།
སྦྲ་ནག་ལགས།
༧
ཁྱེད་ཀྱིས། དུས་རབས་ཀྱི་སོར་རྩེར་སྦྲུམ་པའི་ཟླ་གཞོན་སྒོར་མོ་དེ་པང་ལ་ཤོག་དང་།
ང་ཡིས། ཁྱེད་ཀྱི་ཆག་ཀྲུམ་ཤོར་བའི་གསེར་མདོག་གི་གཏམ་རྒྱུད་ཟླུམ་པོ་དེ་སྒྲུག་ལ་འོངས།
དུས་དེར། རྒྱུ་སྐར་ཚོམ་བུར་བཀྲ་བའི་ནམ་མཁའ་འདི་ཇི་འདྲའི་མཐིང་ཞིང་གཡའ་དག
གཡུ་ལོ་ཐགས་སུ་བྲེས་པའི་རྩྭ་ཐང་འདི་ཇི་འདྲའི་ལྗང་ཞིང་རྒྱ་ཆེ།
ཁྱེད་དང་ཁྱེད་ཀྱི་གཏམ་རྒྱུད་ཀྱང་དེ་བཞིན …
ངས་ཀྱང་ཧོར་འཇིགས་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་དགོས་མཁོ་ཞིག་གི་ཆེད་དུ་རོབ་ཙམ་བཀླགས་པ་ཡིན་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ་རྩོམ་པ་པོ་ཁོང་གིས་ཕྱོགས་ཞེན་གྱིས་ལོ་རྒྱུས་དོན་དངོས་དང་མི་མཐུན་པའི་འཁྱོག་བརྗོད་མང་པོ་བྱས་འདུག