རི་སྤྱང་ཁེར་འགྲོ
སྔོན་ཆད་ང་ཚོའི་ཁོར་ཡུག་ལ་དཀའ་ངལ་འཕྲད་སྟངས་དང་དེར་གདོང་ལེན་བྱེད་སྟངས་དང༌། དེ་རིང་གི་དུས་འདིར་ཁོར་ཡུག་ལ་ཉེན་ཁ་འབྱུང་ཚུལ་དང་དེ་ལ་གདོང་ལེན་བྱེད་སྟངས་གཉིས་ཇི་ལྟར་འདྲ་སྟེ་མི་འདྲའོ།
འདིར་བདག་གིས་དེང་དར་སོ་ཆེ་བའི་བརྗོད་གཞི་སའི་གོ་ལར་ཚ་ཆེན་འཕར་ནས་སྲིད་པའི་གངས་རི་ཞུ་བ་དང༌། རྒྱ་མཚོའི་རྦ་རླབས་འཁྱོམ་ནས་འཇིག་རྟེན་རྒུད་ཚུལ་སོགས་༢༠༡༢་ཞེས་བའི་གློག་བརྙན་ནང་གི་ཆག་སྒོ་དང་ཆ་འདྲ་བ་དག་གླེང་མི་སྤྲོ་བར། ས་ཁུལ་ཆུང་ཆུང་ཞིག་ནང་འབྱུང་བའི་དོན་དག་དང་ང་ཚོར་དེ་འདྲ་དོ་སྣང་མེད་པའི་ཁོར་ཡུག་གི་ན་ཚ་ཞིག་གླེང་བར་སེམས།
འཕྲུལ་ཆས་དང་བཟོ་ལས་ཤུགས་ཆེར་མ་དར་གོང༌། ང་ཚོས་ཁོར་ཡུག་ལ་བྱེད་སྟངས་དེ་བུང་བས་ཟེ་འབྲུ་ལེན་པ་དང་འདྲ་ལབ་ནའང་མི་ཆོག་པ་མེད་པ་འདྲ་ལ། སྐབས་དེར་ང་ཚོས་ཁོར་ཡུག་ལ་འཛིན་པའི་རྣམ་འགྱུར་དེའང་ཧམ་སེམས་ཆེན་པོ་མ་རེད་ལ། དེང་སང་ནང་བཞིན་ཁོར་ཡུག་ལ་བཤུ་གཤོག་དང་བཙན་གཡེམ་བྱེད་སྤྱད་ཀྱི་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཡང་ང་ཚོར་ལྡན་མེད།
དཔེར་ན། ང་སྐྱེས་སའི་གྲོང་སྡེ་དེར་མཚོན་ན། སྔོན་ཆད་རྫ་ངོས་རི་ངོས་ཚང་མར་ནགས་ཀྱིས་ཁེངས་ཡོད་ལ། སྡོད་ཁང་གསར་རྒྱག་དང་ལབ་ཙེ་བསྟོད་པ། དར་ཤིང་བསློང་བ་སོགས་ཡིན་ན་ཡུལ་ལྷ་གཞི་བདག་གི་གནང་བ་ཐོབ་ཐོག་གྲོང་སྤྱིའི་མོས་མཐུན་ཡོད་ན་ཤིང་ནགས་བཅད་ཆོག་ལ། འབུད་ཤིང་དང་སླེ་བོ་བསླས་སྤྱད་ཀྱི་ལྕུག་ཕྲན་ཡང་སྒྲུག་ཆོག་གི་རེད། དེ་དུས་ལག་ཆ་ནི་སྟ་རེ་དང་སོག་ལེ། ཟོར་བ་ཙམ་མ་གཏོགས་མེད་ལ། ཤིང་ཆ་དང་འབུད་ཤིང༌། ལྕུག་ཕྲན་སོགས་བོང་དྲེལ་དང་མིས་རྒྱབ་ཏུ་འཁུར་ནས་སྐྱེལ་འདྲེན་བྱེད་ལ། བྱེད་སྟངས་དེ་སྦྲང་མས་མེ་ཏོག་གི་ཟེ་འབྲུ་ལེན་སྟངས་དང་འདྲ་སེ་ཡོད།
དེ་ནས་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་དང་དགུ་ཅུའི་ནང་ཁོར་ཡུག་གི་གཤེད་མ་རྣམས་སླེབས་ནས། གློག་སྒུལ་ཟོག་ལེ་རང་འཁོར་མ་དེས་ཤིང་ནགས་ཚང་མ་སྐྲ་འབྲེག་འབྲེག་བྱས་ནས༌། ཤིང་གཏུན་རླངས་འཁོར་ཆེན་པོའི་ནང་གནམ་ལ་སྙོབ་པ་རེ་བརྩིགས་ནས་ནང་ལོགས་སུ་དབོར་འདྲེན་བྱས།
རི་ལུང་ཐང་གསུམ་ལ་ཚ་བ་འཕར་ཞིང་ཡུལ་གང་བོར་ཐན་པ་བྱུང་ནས། དུས་དུས་སུ་སྤྲིན་འཁྲིགས་པ་དང༌། དུས་དུས་སུ་འབྲུག་སྒྲ་སྒྲོག་པ། དུས་དུས་སུ་ཆར་བ་འབེབབ་པ་ཟེར་བ་སོགས་གནའ་གཏམ་འདྲ་ཞིག་ཏུ་གྱུར། ས་བཅུད་ཟུངས་འཛིན་གྱི་རྟེན་ཕུར་རྨང་ནས་ཕྱུང་ནས། ང་ཚོའི་ཕ་ཡུལ་གྱི་མི་ཚང་མ་ངུ་ན་མིག་ཆུ་མི་ཐོན་པ་ཞིག་བཟོས། མཚོ་བོད་མཐོ་སྒང་ནས་ཤིང་ནགས་བསྐྱར་གསོ་བྱེད་རྒྱུ་དཀའ་བ་འདི་ཚང་མར་གསལ་ཐང་ཐང་བཞིན།
ཕྱིས་སུ་རྒྱ་ནང་དུ་ཆུ་ལོག་རྒྱུག་པ་མཚོ་བོད་མཐོ་སྒང་གི་ཤིང་ནགས་གཅོད་འབྲེག་དང་གནག་ཕྱུགས་ཀྱིས་རྩ་ཟ་རྒྱུ་ཐལ་དྲག་པའི་རྐྱེན་རེད་ཟེར་ནས། ཞིང་ཁར་རྩ་འདེབས་སུ་བཅུག འབྲི་གཡག་དང་བཞོན་རྟ་སོགས་གནག་ཕྱུགས་གཟུགས་བོང་ཆེ་བའི་རིགས་ཉུང་དུ་འཕྲི།འབྲོག་པ་རྣམས་གདོད་མའི་ཕ་ས་འབྲོག་ཐང་ནས་དེད་དེ་གནའ་གོར་མོ་བྱེ་ཐང་སོགས་སུ་སྤྱུགས་ཤིང༌།ཞིང་བ་རྣམས་ཀྱི་ཕ་ནས་བུར་བརྒྱུད་པའི་འབྲུ་རིགས་འདེབས་ལས་རང་ཁ་རང་གསོའི་འཚོ་ལས་བོར་ནས་ཆ་རྒྱུས་མེད་པའི་གྲོང་ཁྱེར་དག་ཏུ་ཟ་ཁང་དང་ཨར་ལས་ཀྱི་གཡོག་ལས་ཙམ་ལ་བརྟེན་ནས་ཁྱིམ་ཁ་གསོ་ཐུ བ་ཙམ་ཡ་ང་བའི་སྐྱོ་གནས་སུ་བཙན་འདེད་བྱས།
ཡང་ཞིང་ཁ་དང་ལོ་ཏོག་ནད་པ་བཟོས་བའི་ལོ་རྒྱུས་བཤད་ན། སྔོན་མ་ཡིན་ན་ཞིང་ཁར་རང་བྱུང་གི་ལུད་བླུག་གི་ཡོད་པ་རེད། རྩ་ཡན་དང་ཡུག་ཤོ་ཡང་མིས་ཕྱུང་གི་ཡོད་པ་རེད། རྩ་ཡན་དང་ཡུག་ཤོ་ཕྱུང་བ་འདིར་ང་ཚོའི་ཕ་ཡུལ་ནས་ཡུར་མ་ཡུར་ཟེར་ལ། བུད་མེད་སྡུག་རུས་ཅན་དེ་ཚོས་ཟླ་བ་ནས་ཟླ་བ་བྱས། ཁེར་ཡུར་ དང་ཉིས་ཡུར་ སུམ་ཡུར་ཞེས་རིམ་པ་མང་པོ་དང༌། འབྲུ་རིགས་ཟ་མཁན་གྱི་བྱ་བྱེའུ་དཀྲོགས་པ་ལ་ཁྲ་ཐོ་དང༌། གྲུམ་པ་སོགས་ལོ་ཏོག་རྐུ་མཁན་ལ་མི་ཐོ་བསླངས་ནས་ཁ་གཏད་གཅོག་པར་བྱེད།
ད་ཡིན་ན་འདི་ཚང་མ་སྤྱང་ཀིའི་རྣ་ལ་ཆོས་བཤད་ལྟ་བུ་ཞིག་ཏུ་གྱུར་ཡོད། རང་བྱུང་ལུད་ཀྱི་ཚབ་ཏུ་མིས་བཟོས་སྦྱར་རྫས་དང༌། འབུ་སྲིན་གཞོམ་བྱེད་ལ་འབུ་སྨན། རྩ་ལྡོམ་འགོག་བྱེད་ལ་ལྡུམ་སྨན། གྲུམ་པ་གསོད་བྱེད་ལ་གྲུམ་སྨན་དང༌།ཝ་མོ་གསོད་བྱེད་ལ་ཝ་སྨན་ཞེས་དུག་གི་རྫས་སྦྱོར་གང་དགོས་དགོས་ལག་ཐོག་ན་ཡོད་ལ། དེ་ཡང་ཅིག་ཅིག་གི་སྨན། མུག་མུག་གི་སྨན་ཟེར་བ་མ་གཏོགས་ཚང་མ་དུག་རེད། དུག་རྫས་དེ་རྣམས་ཀྱིས་ཞིང་ས་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་གླེང་མ་དགོས།
འབྲུ་རིགས་ཀྱི་་ས་བོན་ཞིང་ཁར་མ་གཏོར་གོང༌། ས་བོན་སྨན་འཁྲུས་ཟེར་ནས་འབྲུའི་ས་བོན་ཚང་མ་དུག་རྫས་ཀྱི་གཤེར་ཁུ་ནང་བསྣོག་པར་བྱེད་ལ།དེ་ཡང་འབུའི་གནོད་པ་འགོད་ཆེད་རེད། འདི་དུག་རྫས་ཟ་འབྲུའི་ནང་འཛུལ་པའི་སྔོན་འགྲོ་རེད།
དེ་ནས་མིས་བཟོས་སྦྱར་རྫས་ལུད་སྨན་དང་མཉམ་དུ་ས་བོན་ཞིང་ཁར་འདེབས། འདི་དུག་རྫས་ཟ་འབྲུའི་ཁོག་པར་ཞུགས་པའི་གོམ་པ་གཉིས་པ་རེད། དེ་ནས་སྟོན་འབྲས་ནང་དུ་མ་བསྡུ་བར་འབུ་སྲིན་གསོད་བྱེད་དང་རྩ་ལྡོམ་འགོག་བྱེད་ཀྱི་དུག་རྫས་སོགས་ཞིང་སར་འཕྲོ་རིམ་འཕྲོར་དམིགས་མེད་དུ་གཏོར་གི་ཡོད། མཐའ་མ་དེར་ཞིང་ས་དང་ཟ་འབྲུ་ཡིས་རྫས་ངན་ཚང་མ་ཞུ་ཐུབ་ཀྱིན་མེད།
རྫས་སྙིགས་དུག་གི་རང་བཞིན་ཅན་རྣམས་ཟ་འབྲུ་དང་ཞིང་སར་གནས་བའི་ས་འབུ་དང་དེའི་ཁོར་ཡུག་གི་རྩ་ལྡུམ་སོགས་བརྒྱུད་ནས་དེ་རྣམས་འཛད་སྤྱོད་བྱེད་མཁན་གྱི་མི་དང་ཕྱུགས་ཟོག་འདབ་ཆགས་སོགས་ཀྱིས་ཕུང་བོིའི་ནང་འཛུལ་ནས་རྫས་སྙིགས་རིམ་གསོག་གི་ལམ་ནས་གཅིག་ནས་གཉིས། གསུམ་ནས་དྲུག ལྔ་ནས་བཅུར་འཕེལ་ནས་གང་མཚམས་ཤིག་ནས་དབང་རྩ་འདར་ཟིག་གི་ན་ཚ། སྐྱེ་སྒོ་གེགས་གཅོད་ཀྱི་ན་ཚ། ཕྲ་ཕུང་འཐོར་བཤིག་གི་ན་ཚ་སོགས་འབྱུང་གི་ཡོད་པ་རེད་ལ། གནོད་འབུ་་དང་རྩ་ལྡུམ་འགོག་བྱེད་ཀྱི་དུག་རྫས། གཞན་ཡང་བཟོ་གྲ་དང་འཕྲུལ་འཁོར་་སོགས་ནས་ཐོན་པའི་རྫས་ངན་འདི་ཚོ་བཟའ་འབྲུ་དང་སྔོ་ཚོད།འབུ་སྲིན་གཅིག་པོ་བརྒྱུད་ནས་ཁྱབ་པ་མ་ཡིན་པར། ས་ལ་འཐིམ་ནས་ཆུ་ལ་འདྲེས། ཆར་བས་དེད་ནས་གཙང་བོར་འདྲེས། རླུང་གིས་དེད་ནས་རྒྱང་ཐག་མེལ་སྟོང་ཕྲག་བརྒལ་བའི་མཁའ་དབྱིངས་སུ་འཁྱེར་བ་སོགས་བརྒྱུད་ལམ་འདྲ་མིན་ནས་ཁོར་ཡུག་ནང་ཁྱབ་ནས། ང་ཚོས་ཟ་བཞིན་པའི་དུད་འགྲོའི་ཤ་དང་བ་འབྲིའི་མར་དང་འོ་མ། ཞིང་ས་ནས་ཐོན་པའི་འབྲུ་རིགས་དང་སྔོ་ཚོད། ཤིང་འབྲས་སོགས་དང༌། ཞིང་གྲོང་དང་རི་ན་འབབ་པའི་ཆུ་མིག་དང་གཙང་བོ། དུས་ཚོད་སྐད་ཆ་གཅིག་ཙམ་ལའང་འབྲེལ་མི་རུང་བའི་དབུགས་ཀྱི་རྒྱུ་བ་སོགས་ཀྱི་ནང་ཁྱབ་ནས། ང་ཚོའི་འཚོ་གནས་ལ་འཇིགས་སྐུལ་བྱེད་པ་འདི། ང་ཚོས་ཁོར་ཡུག་བསྐྱེད་མའི་པང་བར་སྟ་རེས་གཞུས་བ་ཙམ་མ་ཡིན་པར༌། རང་གི་ཁོག་པའི་ནང་ཁྲོ་ཆུ་ཁོལ་མ་ལྡུག་པ་དང་ཡང་ཀུན་ནས་འདྲ།
ཨ་རི་ལྟ་བུར་མཚོན་ན། བརྒྱ་ཕྲག་ཉི་ཤུའི་དཀྱིལ་དུ་ཞིང་ས་དང་ཤིང་ནགས་ཀྱི་གནོད་འབུ་དང་ །རི་འགོའི་ཨ་བྲ་་སོགས་ལ་ཁ་གཏད་གཅོག་བྱེད་དུག་འདུས་སྦྱར་རྫས་སྟོང་ཕྲག་བཞི་ལྔ་ལྷག་ཡོད་འདུག་ལ། ཉེ་ཆར་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཤིག་གི་ཞིབ་འཇུག་སྙན་ཐོ་ནང་ད་ལམ་ཨ་རི་ནང་ལོ་རེར་དུག་རྫས་ལྗིད་ཚད་ཏུན་དུང་ཕྱུར་མང་པོ་མིང་བྱང་མི་འདྲ་བ་༡༨༠༠༠་ཙམ་གྱི་འོག་ཚོང་འགྲེམས་བྱེད་ཀྱིན་ཡོད་པའི་ཁྲོད། བརྒྱ་ཆའི་བདུན་ཅུ་ནས་བརྒྱུད་ཅུ་དེ་ཞིང་ཁར་གཏོར་ཀྱིན་ཡོད་འདུག དེ་ཡང་གྲངས་འབོར་འདི་ཨ་རི་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཤིང་འབུ་དང་ཞིང་འབུ། རྩ་ཡན་འཇོམ་བྱེད་སྦྱར་རྫས་དེབ་སྐྱེལ་གྱི་གྲངས་འབོར་ནང་ཚུད་ཡོད་པ་ཁོ་ན་ཡིན་འདུག།
འདི་ལྟར་ལོ་ནས་ལོ་རེར་དུག་རྫས་མང་ནས་མང་དུ་འཕེལ་བའི་རྒྱུ་རྐྱེན་ཅི་ལགས་ཟེར་ན། འདས་ལོར་དམིགས་འབེན་དུ་བཟུང་བའི་གནོད་འབུ་དང་རྩ་ཡན་དེ་ཚོ་དུག་རྫས་ག་གེ་མོ་ཞིག་གིས་ཚང་མ་གསོད་ཐུབ་ཀི་མེད་ལ། གནོད་འབུ་དང་རྩ་ལྡུམ་སྟོབས་དང་ལྡན་པ་བརྒྱ་ཆའི་ལྔ་ནས་བཅུ་དུག་སྨན་གྱི་འཆི་བ་ལས་ཡོངས་སུ་ཐར་ནས་ལོ་ཕྱི་མར་ལོ་སྔོན་མ་ལས་ཀྱང་ལུས་ཟུངས་དང་གསོན་སྟོབས་ཆེ་རུ་ཕྱིན་ནས་གྲངས་འབོར་མང་དུ་འཕེལ་བ་ན་སྔ་ལོའི་འབུ་སྨན་དང་ལྡུམ་སྨན་དེ་དག་གིས་གཞོམ་གཞིག་མི་ཐུབ་པས། མིག་ཤེལ་སུམ་བརྩེགས་གྱོན་མཁན་ཚན་རིག་པ་དེ་ཚོས་ཡང་བསྐྱར་སྔ་ལོ་ལས་ཀྱང་ཤུགས་ཆེི་ལ་གསོད་བྱེད་ཀྱི་ནུས་པ་ཆེ་བའི་རྫས་གསར་བ་ཞིག་སྡེབ་སྦྱོར་བྱས་ནས་ཚོང་འགྲེམས་བྱེད། འདི་ལྟར་ལོ་རེ་ནས་ལོ་རེར་ཇི་ལྟར་གནོད་འབུ་དང་རྩ་ལྡོམ་སོགས་ཀྱི་གསོན་སྟོབས་དང་ལུས་ཟུངས་ཆེ་རུ་གྱུུར་ན། དེ་ལྟར་དུག་རྫས་ཀྱི་སྦྱོར་བ་དང་ཁ་གྲངས་ཀྱང་མང་ནས་མང་དུ་འཕེལ།
གོང་དུ་བགྲང་བའི་ཞིང་ལས་དང་ཕྱུགས་ལས་ཆེད་སྤྱོད་དུག་རྫས་ལས་གཞན། ཧ་ཡང་དང་ཞ་ཉེ་བཟོ་གྲ། གློགའདོན་བཟོ་གྲ་སོགས་ནས་ཐོན་པའི་དུག་རྫས་དང་དུད་རླངས༌། གྲོང་ཁྱེར་ཆེན་པོའི་ལས་ཁུངས་དང་མིའི་སྡོད་གནས་ཀྱི་གྲུ་ཟུར་མང་པོ་ནས་འདོར་བའི་རྫས་སྙིགས་སོགས་ཀྱིས་ང་ཚོའི་ཉིན་རེའི་འཚོ་བའི་རྟེན་གཞིར་གྱུར་བའི་འབྲུ་རིགས་དང་སྔོ་ཚལ་དང༌།ཤིང་འབྲས་སོགས་དང༌།མཁའ་རླུང་དང་བཏུང་ཆུ་སོགས་ཀྱང་བསླད་ནས། ད་ཡིན་ན། ཨ་རི་ལྟ་བུར་མཚོན་ན། རི་ནས་གང་དགར་ཆུ་མིག་སྒོག་འཐུང་བྱེད་པ་དང༌། ཤིང་འབྲས་གང་བྱུང་བཟའ་བ། ནགས་ཚལ་དང་ཞིང་ཚིགས་སོགས་སུ་གང་འདོན་འཆམ་ཉུལ་བྱེད་པ་སོགས་ཀྱང་གཟབ་གཟབ་བྱེད་དགོས་པའི་ཚད་ལ་སླེབས་ཤིང༌། གནས་སྟངས་འདི་འདྲ་ངེད་ཀྱི་ཕ་ཡུལ་དུའང་མི་འགྱངས་བར་འབྱུང་གི་རེད་སྙམ་ནས་བདག་ལ་སེམས་ཁྲལ་ཆེ།
ས་གཞི་དང་ནམ་མཁའ། མཁའ་རླུང་དང་གཙང་བོ། རི་ལུང་དང་ནགས་ཚལ། འདབ་ཆགས་དང་སྲོག་ཆགས། ཟ་འབྲུ་དང་སྔོ་ཚལ་འདི་ཚང་མ་ང་ཚོའི་ཐུན་མོང་གི་བདེ་ཐང་དང་འཚོ་གནས་ལ་མེད་ཐབས་མེད་ལ་འབྲལ་ཐབས་ཀྱང་མེད་པས། འདི་རྣམས་ལ་རྫས་ཀྱི་གནོད་འཚེ་སླེབས་པ་སོགསའགྲོ་བ་མིའི་ཧམ་སེམས་ལགས་པས་འགོག་ཐབས་མེད་ལབ་ནས་སྣང་མེད་དུ་བསྐྱུར་ན་གྱོང་རེད། ཁྲིམས་ཀྱིས་སྟངས་འཛིན་ཁོ་ནས་ད་གཟོད་འདི་དག་ལ་གདོང་ལེན་བྱེད་ཐུབ་ལ་གཅུན་པར་ཡང་བྱེད་ཐུབ་པས། མི་མང་ཁྲོད་ཤེས་རྟོགས་སྤེལ་་རྒྱུ་དང་དམངས་ཁྲོད་དུ་ལས་འགུལ་སྥེལ་རྒྱུ་གལ་ཆེན་རེད། གལ་སྲིད་ཚོང་བ་སྟོབས་ཆེན་ཞིག་གིས་ཨ་སྒོར་ས་ཡ་བཅུ་སྤྲད་་ནས་ཁྱེད་ཚང་གི་ལྟག་རྒྱབ་ནས་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་སྦེད་ཀི་ཡིན། ཆ་རྐྱེན་ངེས་པར་དུ་དང་ལེན་དགོས་བ་ཞིག་ནི་ཁྱེད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པ་གནས་གཞན་དུ་སྤོར་མི་ཆོག་ལ། བཏུང་ཆུ་དང་བཟའ་འབྲུ། སྔོ་ཚལ་དང་ཤིང་འབྲས། ཐ་ན་ཤ་དང་སྒོ་ང་སོགས་ཀྱང་གཞན་ནས་ནང་འདྲེན་བྱེད་མི་ཆོག་པར་ས་གནས་དེ་རང་ནས་གང་ཐོན་སྤྱོད་དགོས་ལབ་ན་ཉིད་ནས་གང་ཞིག་འདེམས་སམ།
ངས་གོང་དུ་གླེང་བ་བཞིན། གནོད་འབུ་དང་རྩ་་ལྡོམ། ཨ་བྲ་སོགས་གསོད་བྱེད་ཀྱི་དུག་རྫས་ཁྲོད་ཆེས་ཉེན་ཁ་ཆེ་བ་ནི་ DDT་འམ་རྒྱ་ནག་གི་སྐད་དུ་滴滴涕་ཞེས་པ་འདི་དུག་སྦྲང་གསོད་བྱེད་ཀྱི་ཆེད་སིད་སི་ཡི་ཚན་རིག་པ་ཞིག་གི་གསར་གཏོད་བྱས་ཤིང་ཁོང་ལ་༡༩༤༨་ལོར་ནོ་པེའི་གཟེངས་རྟགས་ཀྱང་ཐོབ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འདིས་དུག་སྦྲང་གིས་འཁྱེར་བའི་འདར་སིག་གི་ན་ཚ་མ་ལ་རི་ཡ་སྔོན་འགོག་ལ་ཕན་ཆེན་པོ་ཐོགས་ཡོད། ཡིན་ནའང༌། ཕྱིས་སུ་ཨ་རི་ནང་DDT་འདི་ཞིང་ས་དང་ནགས་ཚལ། རྩ་ཐང་སོགས་ལ་གནམ་གྲུ་ནས་ཕོན་ཆེན་སྣུམ་དང་བསྲེས་ནས་དམིགས་མེད་དུ་གཏོར་ནས་ཁོར་ཡུག་དང་མི་དང་སེམས་ཅན་གྱི་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་བཟོས་པར་མ་ཟད། གླག་ཀླད་དཀར་དང༌། ངག་སྙན་བྱེའུ་བྲང་དམར་དང༌། ཆུ་གནས་ཉ་རིགས་སེལ་མན་ཟེར་བ་སོགས་ཀྱི་ལུས་ཕུང་ལ་ཁྱབ་ནས་དེ་རྣམས་སྲིད་པའི་རྩངས་ཆེན་ནང་བཞིན་ཅུང་མིན་ན་རིགས་རྒྱུད་སྟོང་བར་བྱས། ཨ་རི་གདོད་མའི་མི་རིགས་ཨིན་ཏི་ཡན་རྣམས་ཆེས་དགའ་ཞིང་ཨ་རི་སྲིད་གཞུང་གི་ལས་རྟགས་སུ་སྤྱོད་བཞིན་པའི་གླག་ཀླད་དཀར་ཀྱི་གྲངས་འབོར་ཉུང་ནས་ཉུང་རུ་ཕྱིན་པར།སྐབས་དེའི་འདབ་ཆགས་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོའི་ཁྲོད་ལ་ལས་ཨ་རིའི་གཞུང་ནསའདབ་ཆགས་གཞན་ཞིག་ལས་རྟགས་སུ་འཚོལ་བའི་སྟན་གོན་གནང་འཚལ་ཞེས་ཚིག་མཚོན་འདེབས་མཁན་ཡང་བྱུང༌།།
དུས་སྐབས་དེ་ཙམ་ཞིག་ལ། ཨ་རི་བ་མགོ་སེར་ཚོའི་སྐད་དུ་ ས་ཡི་ལིན་ཁྲི སི་ཕི་རིན་ དང༌། བོད་གངས་ཅན་གྱི་སྐད་དུ་ཁུ་སིམ་པའི་དཔྱིད་ཀ ། དེ་ཡང་གཞུང་གི་བརྗོད་དོན་ལ་གཞིགས་ནས་བསྒྱུར་ན་ སྣོད་བཅུད་ཉེན་སྒྲོལ་ཆེན་མོ་ཞེས་བྱ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གླེགས་བམ་ཞིག། ད་ནས་བརྩིས་པའི་བགྲང་བྱ་བརྒྱ་ཕྲག་ཕྱེད་མ་ཟིན་ཙམ་གྱི་སྔོན་ཏེ་སྤྱི་ལོ་༡༩༦༢་ལོའི་སྟོན་ཟླ་དགུ་བའི་ནང་ཨ་རི་ནང་མགོ་བཙེམས་དེབ་གཟུགས་སུ་བཏོན་ནས་པར་འགྲེམས་བྱེད་སྐབས། འགོ་ཕོ་བྲང་དཀར་པོ་ནང་བཞུགས་པའི་ཨ་རིའི་སྲིད་འཛིན་ འབྱོན ཁེ་ནི་སྒྲེ་དང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ནས། སྨད་གྲོང་གསེབ་ཁུག་ཀྱོག་གི་མི་ཚང་དཀྱུས་མ་ཞིག་ནང་བར་གླེང་སློང་ཆེན་པོར་གྱུར། དེབ་འདིའི་ལེའུ་ཁ་ཤས་དཔེ་དེབ་པར་འགྲེམས་མ་བྱས་སྔོན་ཉིག་ཡོ་བ་ཞེས་བའི་ཚགས་དེབ་སྟེང་ལོ་དེའི་སྤྱི་ཟླ་བདུན་པའི་ནང་མུ་འགོད་བྱས་སྐབས་ནས་ཨ་རིའི་སྤྱི་ཚོགས་སྟོད་སྨད་བར་གསུམ་ལ་གྲགས་འགུལ་ཆེན་པོ་བཟོས་ཤིང༌། དེབ་འདིའི་མདའ་མོ་ཕོག་ཡུལ་དུག་རྫས་བཟོ་གྲའི་བདག་པོ་དང་དུག་རྫས་ཚོང་འགྲེམས་ཀྱི་དཔལ་འབྱོར་ཁེ་ཕན་སྒྲུབ་མཁན། ཁོར་ཡུག་དང་མི། སྲོག་ཆགས་ཀྱི་བདེ་ཐང་ལ་སེམས་ཁུར་མི་མངའ་བའི་སྲིད་ཀྱི་སྣེ་མོར་གཏོགས་པ་རྣམས་ངུ་སྐད་ཤོར་དུ་བཅུག
ཁུ་སིམ་པའི་དཔྱིད་ཀ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་བསྟན་བཅོས་རྩེ་ཕུད་ཅིག་དང༌། དེབ་འདིའི་རྩོམ་པ་པོ་ནི་སྐྱེས་ཁམས་རིག་པའི་གཞུང་ལ་ནང་བྱན་ཆུབ་ཅིང་རྩོམ་ཡིག་འབྲི་རྩལ་ལའང་ཐོགས་པ་མི་མངའ་བའི་བུད་མེད་ཁེར་རྐྱང་མ་ཞིག་དང༌། ལྷག་པར་དུ་མཚོ་གནས་ཉ་རིགས་དང་བདག་མེད་བྱ་བྱེའུ་གཙོས་བའི་བསྐྱེད་མ་ལྟ་བུའི་རང་བྱུང་ཁོར་ཡུག་ལ་སྙིང་ནས་བརྩེ་བ་དང་ལྡན་པའི་བུད་མེད་བྱང་སེམས་ཅན་ རེ་བཅོལ ཁའར་སན་ ཞུ་བ་དེ་རེད་འདུག
ཁུ་སིམ་པའི་དཔྱིད་ཀ་འདི་མ་ཐོན་སྔོན་ཨ་རི་ནང་ཁོར་ཡུག་སྲུང་སྐྱོབ་སྐོེར་ལ་དེ་འདྲ་གྲགས་འགུལ་ཆེན་པོ་མེད་ལ། དེབ་འདི་ཐོན་རྗེས་གཞི་ནས་དམངས་ཁྲོད་དུ་དོ་སྣང་ཆེན་པོ་སླེབས་ནས་ཨ་རི་ནང་ཁོར་སྲུང་སྐྱོབ་ལས་འགུལ་གྱི་ཚ་རླབས་འཕྱུར་ནས། རླབས་རྒྱུན་དེ་གོ་ལ་འདིའི་ཁོར་ཡུག་ཀུན་ཏུ་ལྡང༌།། རྫས་སྦྱོར་བཟོ་གྲའི་ངོ་ཚབ་དང་དེ་འབྲེལ་ཚོང་ལས་དཔལ་འབྱོར་གྱི་ཁེ་ཕན་འཚོལ་སྒྲུབ་བྱེད་མཁན་ཚོས་དེབ་སྐད་གྲགས་ཅན་འདིར་མངོན་ལྐོག་ཅི་རིགས་ནས་འགོག་སྡོམ་དང་ནུས་མེད་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ་ཞིག་ཏུ་བསྒྱུར་བའི་གཡུལ་ཆེན་བཤམས་ནའང༌། ཁོར་ཡུག་གི་བསྟན་བཅོས་ཆེན་མོ་འདི་་ཡོ་རོབ་དང་ལྷོ་ཨ་མི་རི་ཀ་སོགས་ཀྱི་སྐད་དུའང་ལོ་ཙ་བྱས་ཤིང་མི་མང་ནས་དགའ་བསུ་ཆེན་པོ་ཐོབ་ལ། ཨ་རིའི་སྲིད་འཛིན་འབྱོན་མིང་ཅན་གྱིས་ཁོང་གི་ཚན་རིག་སློབ་སྟོན་ལྷན་ཚོགས་ལ་བཀའ་བསྒོས་ཏེ་དེབ་དེར་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་འབྲས་སུ། དེབ་དེ་ནི་ཚན་རིག་གི་རྒྱབ་རྟེན་མཐུག་ཅིང༌། ལུང་གིས་ཕྱུག་པ། རིགས་པའི་རྫོང་ཟབ་པ། ཨ་རི་ནང་སྣོད་བཅུད་ལ་བྱུང་ཉེས་ངོ་མར་གཞི་བཅོལ་ནས་བརྩམས་གནང་བའི་ཁོར་ཡུག་གི་བསྟན་བཅོས་ཚད་ལྡན་ཁུངས་འཕེར་ཞིག་ལགས་པའི་རྒྱལ་རྔ་བརྡུངས་བར།ཟ་འདྲེ་འཕྲུལ་ཆས་ཀྱི་སྙིང་ཁམས་ཅན་རྣམས་རེ་ཞིག་འཇམ་གེར་གྱུར།
མོས་ཁུ་སིམ་པའི་དཔྱིད་ཀ་འདི་དེབ་གཟུགས་སུ་དཔེ་སྐྲུན་མ་བགྱི་སྡོན། སྙན་ངག་གི་ཉམས་མཚར་བའི་འབྱུང་ཁམས་ཀྱི་སྐོར་ལ་དཔེ་དེབ་ཁ་ཤས་བརྩམས་ཡོད་པར་མ་ཟད།ཁོ་མོ་ནི་སྐབས་དེར་སྙན་གྲགས་ཐོབ་ཡོད་པའི་རྩོམ་པ་པོ་ཞིག་ཀྱང་ཡིན། བརྩམས་དེབ་སྔ་མ་དེ་དག་གི་ཁྲོད་ངེད་ཅག་མཐའ་འཁོར་གྱི་མཚོ་ནི་ཆེས་བྲིན་པའི་དཔེ་དེབ་ཏུ་གྱུར་ནས་ཀློག་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། སྐྱེས་ཁམས་རིག་པ་ནི་ཚན་རིག་གི་ལས་ཀ་ཉོབ་ཏོ་ཙམ་མ་ཡིན་པར་རྩོམ་རིག་གི་དབྱངས་རྟ་ལ་འགུགས་རྒྱུ་ཡོད་པའི་གཞུང་ལུགས་སྲོག་དང་ལྡན་པ་ཞིག་ཡིན་པའི་བག་ཆགས་ཀྱང་བཞག
གོ་ལའི་ཚ་དྲོད་འཕར་མཆོངས་ལས་ས་ཆེན་འཇིག་ཉེན་ལ་སེམས་ཁྲལ་ཆེན་པོ་གནང་མཁན་ཨ་རིའི་སྲིད་འཛིན་གཞོན་ཟུར་ཨེལ་ དགོར མཆོག་ནས་ ཁུ་སིམ་པའི་དཔྱིད་ཀའི་སྔོན་གླེང་ཞིག་ནང༌། ཁོའི་ཕོ་བྲང་དཀར་བོའི་གཞུང་ལས་ཁང་གི་རྩིག་ལྡེབས་སུ་དཔྱངས་བའི་སྲིད་འཛིན་དང་སྲིད་བློན་དེ་ཚོའི་ཁྲོད་ རེ་བཅོལ ཁའར་སན་ཡང་ཡོད་ལ། ཁོང་ཚོའི་ཁྲོད་ཁོ་མོ་ནི་ཁོ་བོར་བག་ཆགས་ཆེས་ཆེན་པོ་འཇོག་མཁན་དང། རེ་བཅོལ ཁའར་སན་གྱིས་ཁོང་ལ་བཞག་པའི་བག་ཆགས་དེ་སྲིད་འཛིན་དང་སྲིད་བློན་དེ་ཚང་མའི་ཤུགས་རྐྱེན་མཉམ་གཅིག་ཏུ་སྤུངས་བ་ལས་ཀྱང་ཆེ་བར་བཤད་འདུག།
བདག་གིས་ཀྱང་ཉེ་སྔོན་ལས་ཀའི་བྲེལ་ཟིང་ཆེ་ནའང་དུས་ཚོད་སྟོང་བ་དམ་འཛིན་བྱས་ཏེ་བར་གསེང་ནམ་ཡོད་ལ་དེབ་འདི་ཚར་ཅིག་བཀླགས་པ་ཡིན། བདག་གི་སེམས་ངོགས་སུ་ དེབ་འདི་ཡི་ཤུ་བར་སྦེལ་སྦི་ཞིག་དང་འདྲ་བར། ཁ་ཆེི་བ་ཚོར་ཁོ་རན་ཞིག་དང་འདྲ་བར། ནང་པ་ཞིག་ལ་སངས་རྒྱས་ཤཱཀྱ་ཐུབ་བའི་གསུང་གི་སྡེ་སྣོད་རྩ་ཆེན་ཞིག་་འདྲ་བར། གོ་ལ་འདིའི་སྟེང་གི་མི་ཚང་མས་ཐེངས་གཅིག་ལ་ངེས་པར་ཀློག་དགོས་བར་འདོད།།
ཁོར་ཡུག་གི་གླེགས་བམ་སྐད་གྲགས་ཅན་འདིའི་ཤུགས་རྐྱེན་ལས་ཨ་རི་དབུས་གཞུང་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཟེར་བ་ཆེད་བཙུགས་གནང་ནས། ཨ་རི་ནང་སྐབས་དེར་ཅི་ཡོད་དུག་རྫས་ཐོན་བསྐྲུན་གྲངས་བཤེར་ཐོ་འགོད་དང༌། ཁྲིམས་ཐོག་ནས་དུག་རྫས་སྦྱོར་སྟངས་ལེགས་སྤེལ་དང་བེད་སྤྱོད་བྱེད་སྟངས་ཚད་ལྡན་གྱི་ཕྱོགས་སུ་སྐུལ་འདེད་ཀྱི་ཁྲིམས་གཞི་བསྐྱར་བཅོས་དང་གསར་བཟོས་བྱས་པ་མ་ཟད། ༡༩༧༢ ལོར་DDT་ཟེར་བའི་རྫས་ངན་འདི་ཨ་རི་ནང་དུག་སྦྲང་གི་འདར་ཟིག་ན་ཚ་སྔོན་འགོག་ཆེད་མ་་གཏོགས་ཞིང་ས་དང་ནགས་ཚལ། འབངས་ཀྱི་སྐྱེད་མོའི་ཚལ་སོགས་སུ་བེད་སྤྱོད་གཏོང་མི་ཆོག་པའི་་ཁྲིམས་གཞི་བཅོས། ཡིན་ནའང༌། ཨ་རིའི་དུག་རྫས་བཟོ་གྲ་ཁག་ནས་ད་དུང་དུག་འདི་འབོར་ཆེན་ཐོན་བསྐྲུན་བྱས་ནས་ཕྱིའི་རྒྱལ་ཁབ་སྐྱོ་བོ་དག་ལ་སྡེབ་འཚོང་བྱེད་ཀྱིན་ཡོད་ལ། རྒྱ་ནག་ལྟ་བུར་མཚོན་ན་ཡང་ཁུ་སིམ་པའི་དཔྱིད་ཀའི་ཤུགས་རྐྱེན་ལས་གཞུང་འབྲེལ་བཀག་སྡོམ་གྱི་རྣམ་པ་ཙམ་བསྟན་ཡོད་ནའང་ ད་དུང་་ཐོན་སྐྲུན་དང་བཀོལ་སྤྱོད་བྱེད་དང་བྱེད་མུས་སུ་མཆིས།
ད་དུང་དུག་རྫས་ཁོར་ཡུག་ནང་འགོས་ནད་ཅིག་དང་འདྲ་བར་ཇི་ལྟར་ཀུན་ཁྱབ་ཏུ་འགྲོ་བཞིན་པ། ཡང་ཧ་ཡང་ཐོན་སྐྱེད་བཟོ་གྲ་ཞིག་ལ་དཔེ་བླངས་ཏེ་མུ་མཐུད་དུ་བརྗོད་ན། དེ་ལས་ཐོན་པའི་རྫས་སྙིགས་སྲོག་ལ་རྒོལ་བ་རྣམས་གནས་དེའི་ཁོར་ཡུག་ནང་འཚོ་བའི་མི་དང་སྲོག་ཆགས། སྐྱེས་དངོས། བཏུང་ཆུ་དང་སྔོ་ཚོད་འབྲུ་རིགས་སོགས་ལ་ཐད་ཀར་ལྷད་ཞུགས་བྱེད་པ་སྨོས་ཅི། བཟོ་གྲའི་ཀླད་དུ་མཁའ་དབྱིངས་སུ་ཟུག་པའི་དུད་ཁུང་མཐོན་པོ་དག་ལས་རྫས་རོ་རྣམས་མཁའ་མཐའ་ལ་རྒྱང་བསྲིངས་བྱེད་པའི་ཁུལ་རེད་མོད། དེ་ཡང་མི་ལ་མགོ་སྐོར་གཏོང་བ་ཙམ་ལས། བར་སྣང་དུ་གཏོར་བའི་དུག་རྫས་རླུང་གི་རྒྱུ་བ་དང་བསྟུན་རྒྱང་ཐག་མེལ་སྟོང་ཕྲག་བརྒལ་བར་བསྐྱོད་ལ། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས། ཕྱིས་སུ་ཁ་ཆར་ཀྱི་དེད་ནས་སླར་ས་ཆེན་འདིའི་པང་བར་ལྟུང་བར་བྱེད་ལ། བར་སྣང་མཁའ་དབུགས་བླ་བྲེའི་ནང་ངོས་སུ་འཚང་ནས་ས་ཆེན་གོ་ལའི་ཚ་དྲོད་བསྐྱེད་པའི་ལས་ངན་ཀྱང་རྩོམ། དེིའི་ཕྱིར། ཟི་ཁྲོན་ན་ཡོད་པའི་དུག་རྫས་ཀྱི་བཟོ་གྲ་ཞིག་གིས་མཚོ་བོད་མཐོ་སྒང་གི་ཚེ་སྲོག་ལ་མི་གནོད་ཟེར་ག་ལ་ཐུབ་ལ། དེ་བཞིན་རེབ་གོང་ན་ཡོད་པའི་ཧ་ཡང་བཟོ་གྲ་ཞིག་གིས་དཔའ་ལུང་དང་ཞུན་ཧཱ། གཅན་ཚ་སོགས་ལ་ མི་གནོད་ཀྱང་སྨྲ་བར་སྤོབས་སམ།
ད་དུང་མཚོ་སྔོན་པོའི་རྩ་ཐང་དུ་རྩ་རྐུན་ཨ་བྲའི་ཁུང་བུ་ནང་བཞག་པའི་དུག་རྫས་ལྷག་རླུང་གིས་འཁྱེར།ཆར་ཆུས་དེད༌།མཐར་བཟའ་རྩའི་གཞུང་རྟར་ཞུགས་ཏེ་གནག་ཕྱུགས་དང་གཡང་དཀར་ལུག་གི་ཤ་ཚིལ་དང་འབྲི་མོིའི་འོ་མའི་ནང་ཐིམ་པ་ལ། ང་ཟི་ལིང་གྲོང་ཁྱེར་དུ་དེང་རབས་ཀྱི་གསར་དར་འཚོ་བ་སྐྱེལ་མཁན་ཞིག་ལའབྲེལ་བ་སྤུ་ཙམ་མེད་ཀྱང་ཟེར་ག་ལ་རུང༌། སྐུ་སྙིད་ཆེས་དགའ་བའི་འབྲི་མར་སེར་བོ། ཁྱེད་ཀྱི་གཅེས་ཕྲུག་གི་ལུས་སྟོབས་གསོ་བྱེད་ཞོ་དང་འོ་མ། ད་དུང་ཁྱེད་ཀྱིས་སྦི་རག་དང་མཉམ་དུ་སྦྲགས་ནས་བཟའ་བར་སྤྲོ་བའི་ཤ་བསྲེགས་མ་དེ་ཡང་གཅིག་བྱས་་ན་མཁའ་ཁྱབ་མཚོ་སྔོན་རྩ་ཐང་གི་འབྲི་གཡག་ནད་པ་ཞིག་གའམ༌།ཡང་ན་ཨ་བྲའི་དུག་རྫས་ཤ་ཚིལ་བར་འཁྱེར་མཁན་གཡང་དཀར་ལུག་ཞིག་ནས་ཡིན་ཀྱང་སྲིད།།
དེ་མཚུངས། ལུག་རྫི་དར་མ་ཁྱོད་ཀྱིས་ཀྱང་རོང་སྐྱག་ཚོར་ལས་རྒྱུ་བསྣོག་རྒྱུ་མང་ན། ད་ཞིང་ཁ་ཚང་མ་དུག་གིས་ཁེངས།འབྲུ་རིགས་སྣ་ལྔ་རྫས་ཀྱིས་བསླད་ཀྱང་ཟེར་བ་སྔ་དྲགས་ཏེ། ཁྱེད་ཉིད་ཆེས་དགའ་བའི་ནས་རྩམ་དང་རོང་བའི་བག་ལེབ་ཆེན་པོ་དེའང་ཁྲི་གའི་གྲོ་ཞིང་ནད་པ་ཞིག་ནས་སམ། ཡང་ན་དཔའ་ལུང་གི་ནས་ཞིང་རྫས་ངན་ཐ་ར་ར་ཞིག་ནས་ཐོན་སྐྱེད་བྱས་མིན་གདེང་ཚོད་ཅི་ཙམ་ཡོད་ལགས།
ད་དུང་མཚོ་བོད་མཐོ་སྒང་གི་འབྲོག་ཕྲུག་ཁ་བདེ་དང་རོང་ཕྲུག་ལྕེ་བདེ་དེ་ཚོས། ཁྱོད་སྐ་མེད་སར་སྐེ་མ་བསྲིངས། མགོ་མི་ཤོང་སར་ལུས་མ་འཚང༌། དེང་སང་ང་ཚོས་གྲོ་ཕྱེ་དང་འབྲས། སྔོ་ཚོད་དང་སིལ་ཏོག། ད་དུང་ཕག་ཤ་དང་བྱ་ཤ་བྱ་སྒོང་ཚུན་ཆད་རྒྱ་ནང་ནས་ཡར་བོད་ཁུལ་དུ་ནང་འདྲེན་བྱེད་ཀྱིན་ཡོད་ན་ཁྱོད་ཉིད་ཐུགས་མ་ཁྲལ་ཟེར་ན། བདག་གིས་མགྲིན་པ་ཡང་བསྐྱར་བསངས་ཏེ་འདི་སྐད་དུ། རྒྱ་ནང་ནས་ནང་འདྲེན་བྱས་བའི་ཟས་རིགས་དེ་རྣམས་བོད་ནས་ཐོན་པ་ལས་ཀྱང་ལྡབ་བཅུའི་མིན་ནའང༌།ལྡབ་ལྔ་ལས་ནད་པ་དང་དུག་དང་ལྡན་པ་ཡིན་པའི་ཉེན་བརྡ་གཏོང་འདོད་ལ། རྒྱ་ནང་ནས་སླེབས་ པའི་དུག་སྦྲང་ཨ་ང་ཙི་མཆུ་རིང་དེ་ཚོར་ཡང་གཟབ་གཟབ་གནང་རྒྱུ་མ་བརྗེད་ཐོག བོད་ཀྱི་ཁང་བྱེའུ་དང་སྐྱ་ཀའང་གང་ཞིག་ཏུ་བཞུད་སོང་བར་བསམ་བློང་ཐོངས་ཟེར་འདོད་བྱུང༌།
ད་དུང༌། རྒྱ་ཕྲུག་ང་རྒྱལ་ཅན་ཞིག་གིས་མཚོ་བོད་མཐོ་སྒང་གི་ས་འོག་ན་སྦས་པའི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་དང༌། ཁྱེད་རོང་འབྲོག་ཁུལ་དུ་བག་མེད་དུ་སྤྱོད་ཀྱིན་པའི་འབུ་སྨན་དང་ལྡུམ་སྨན། ཨ་བྲ་གསོད་བྱེད་ཀྱི་སྨན་ཟེར་བ་དེ་ཚོ་ཚན་རིག་གི་གཞུང་ལུགས་དང་མཐུན་པར་སྦྱར་བ་ཡིན་ན་སེམས་ཁྲལ་འདོམས་སྤུ་ཉག་མ་གཅིག་ཀྱང་བྱེད་མི་དགོས་པར། གང་ཡོང་ཡོང་བེད་སྤྱོད་གཏོང་རོགས་ཟེར་བར། བདག་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ནའང༌། ཐུགས་དཀྱེལ་ཆེ་ཞིང་ཁོག་པ་ཡངས་པའི་མི་ཞིག་དང་འདྲ་བར་ལན་དུ། རེད་རེད། ཡིན་ནའང༌། ཁྱེད་ཅག་མི་གྲངས་དུང་ཕྱུར་མང་བོས་སྤྱོད་ཀྱིན་པའི་ཆུའི་འབྱུང་ཁུངས་དེ་ང་ཚོ་མཚོ་བོད་མཐོ་སྒང་རེད་དཱ། རྗེས་མ་དབང་བོ་སྐྱོན་ཅན་གྱི་རྒྱ་ཕྲུག་ས་ཡང་མང་པོ་སྐྱེས་ན་དེ་ང་ཚོ་ལན་པ་མ་རེད་དཱ། དེ་ལས་ཁྱོད་ཚོ་ཚན་རིག་པ་ཚོས་ཞིང་ས་དང་རྩ་ཐང་ ། ཤིང་ནགས་དང་སྐྱེད་མོས་ཚལ་སོགས་སུ་ནད་འབུ་དང་རྩ་ལྡོམ་ལ་གཡུལ་རྩོམ་བྱེད་ཀྱི་དུག་དེ་རྣམས་བསྡེབས་སྦྱོར་དང་ཚོང་འགྲེམས་བྱེད་རྒྱུ་ཉུང་ངུར་བྱེད། དུག་གི་བཟོ་གྲ་དང་དུག་གཏོང་འཁོར་ལོ་རྣམས་ཀྱང་ཉུང་དུ་གཏོང༌། གཤེར་དུག་གི་ཤེལ་དམ་དང་དུག་རྫས་བླུག་སྣོད་དེ་ཚོའི་སྟེང་འཆི་བ་མཚོན་བྱེད་ཀྱི་མི་མགོ་སྐམ་པོའམ་ཀེང་རུས་དཀར་བོ་མཐོང་བ་ཙམ་གྱི་སྐྱི་གཡའ་ཞིང༌།ཐོས་པ་ཙམ་གྱིས་ཞེད་སྣང་གི་བ་སྤུ་གྱེན་དུ་ལྡང་བའི་པར་རིས་ཆེན་པོིའི་གཤམ་དུ། ཁྲག་ཁོལ་མས་བྲིས་འདྲིའི་ཉེན་བརྡའི་ཡི་གེ་དང་བེད་སྤྱོད་འཁྲུལ་མེད་གསལ་བྱེད་ཡི་གེ་དམར་པོར་བྲིས། དེ་ཡང་དུག་རྫས་དེ་ངེད་ཀྱི་ཕ་ཡུལ་དུ་མངགས་བྱ་བྱེད་དུས་དེ་རྣམས་མ་འཛོལ་བར་་སྤྱོད་ལུགས་དང་དེ་རྣམས་ཁོར་ཡུག་ལ་འཚེ་བ་དང་ལྡན་པའི་གདོང་རིས་ངོ་མ། ངེད་ཀྱི་ཡུལ་མི་ཚོས་མི་ཤེས་པའི་རྒྱ་ཡིག་ཁོ་ན་ཙམ་གྱི་ནང་མ་ཡིན་པར། ཁོང་ཚོའི་ཕ་སྐད་ནང་དུའང་འགོད་ཐུབ་ན་ཀུན་ལ་ཕན་ཞེས་ལབ་པར་མིག་ཤེལ་མཐུག་པོ་ཏུའུ་གྲངས་ཆིག་སྟོང་ཅན་ཁོང་རེ་ཞིག་མགོ་འཐོམས་པར་གྱུར།
སྨྲས་བ། ས་ཆེན་ཚ་བ་འཕར་ནས་གངས་རི་ཞི་ཞིང་རྒྱ་མཚོ་འཕེལ་ཡང་རུང་ ། བར་སྣང་ཨོ་རྫོན་བླ་རེ་བརྡོལ་ནས་དྲག་འོད་ལུས་ལ་ཕོག་ཀྱང་རུང༌། མཁའ་ནས་སྐྱུར་ཆར་བབས་ནས་འཁོར་འདས་གཉིས་ཀ་བསྲེགས་ཀྱང་རུང༌། སྨུག་པ་དུག་དང་ལྡན་པས་གྲོང་དང་གྲོང་ཁྱེར་བཀུམས་ཀྱང་རུང༌། འགྱིག་ཤོག་མ་ཞུ་ས་ཆེན་པང་བར་བརྒྱ་ཕྲག་ཕྱེད་ཀ་འགོར་ཡང་རུང༌།། ང་ལ་སེམས་ཁྲལ་མི་དགོས་བྱས་ཀྱང་ཕན་འབྲས་ཆུང་བ་ཉིད།
འོན་ཏེ།
སྦྱར་རྫས་ངན་པས་ཆུ་དང་རླུང་དང་བདག་གི་ཟས་ཕོར་དང༌།། བདག་གི་སྡོད་ཁང་ཕྱི་ནང་ནང་གི་བུ་དང་ཆུང་མ་དང༌།། གྲིབ་བསིལ་ལྗོན་ཤིང་དེར་གནས་སྐད་སྙན་བྱ་བྱེའུ་དང༌།། རི་ཡི་ཤིང་འབྲས་སྤང་གི་རྩ་ལྗང་ཆུ་ནང་ཉ་
རིགས་སོགས༌།། དམིགས་མེད་གཙེ་འདི་མི་བཟོད་བདག་ནི་མཚན་གྱི་གཉིད་ཀྱང་བོར།
གོང་གི་རྩོམ་འདིརདཕྱད་གཞིར་ཟུར་བལྟའི་དཔེ་དེབ་ཁ་ཤས་ཀྱི་མཚན་བྱང༌།
༡ ཁུ་སིམ་པའི་དཔྱིད་ཀ།
༢ ཁོར་ཡུག་གི་དཔང་བོ།
༣ ཁུ་སིམ་པའི་དཔྱིད་ཀ་བསྐྱར་དུ་གླེང་བ། དུག་རྫས་བེད་སྤྱོད་དང་སྟོང་ལ་ཉེ་བའི་སྲོག་ཆགས
༤ ས་ཆེན་ཆེད་བསླངས་པའི་སྙིང་སྟོབས།
༦ སྐྱེས་དངོས་ཀྱི་ཁམས།
རི་སྤྱང་ལགས།
ངའི་ལག་རྩལ་སྐྱོ་ཐག་ཆོད་ནས་དཔར་དེ་ཚོ་ཡག་པོ་ཞིག་འཇོག་མ་ཐུབ་པ་ལ་དགོངས་དག
བློ་གསར་མིག་འབྱེད་ཀྱི་རྩོམ་ཞིག་འདུག ཐུགས་རྗེ་ཆེ་ཞུའོ།།
མང་འདུག ད་དུང་ལྟ་མ་ཐུབ་ཡ།
དྲ་གྲོགས་རི་སྤྱང་ལགས་ལ་ཡི་རངས་བྱེད། རྩོམ་ཡིག་སྣང་འགྲོ་ཞིག་བྲིས་འདུག ཆ་ཚང་བཀླགས་ཐཱུབ་མ་སོང་། ནང་ལ་ཁྱེར་སོང་ནས་བཀླག་གི་ཡིན། ཁྱེད་ཀྱི་རྩོམ་ཁའི་རླུང་རྟ་དར་བར་ཤོག
འོ རྡོར་དབང་ལགས། ཡག་ཐག་ཆོད་འདུག ཐུགས་རྗེ་ཆེའོ།
བོད་ཡིག་ཏུ་རྩོམ་འདི་འདྲ་བྲིས་ན་དེ་ནི་བོད་ཡིག་གི་བསོད་ནམས་རེད་ཟེར་འདོད་བྱུང་།
དཔེ་ཡག་པོ་འདུག ཁྱེད་ཀྱི་རྩོམ་བཟང་ཀི
ད་ཁོར་ཡུག་གི་ཉམས་ཉེས་སྐོར་ཅིག་འབྲི་དགོས་བསམ་ན་མང་དྲགས་ནས་སྒྱིད་ལུག་ཏུ་གྱུར། ཉུང་དྲགས་ན་བློ་ཁ་མི་ཚིམ་པར་བསྡད་ཡོད། དྲ་གྲོགས་རི་སྤྱང་འདི་མི་སྡུག་རུས་ཅན་ཞིག་རེད། མང་པོ་ཞིག་བྲིས་འདུག ཚང་མ་ཀློག་ཐུབ་མ་སོང་།
ད་ངས་འདིར་ཁ་གསབ་ཉུང་ཉུང་ཞིག་བྱས་ན། ནུབ་ཕྱོགས་སུ་ཁྱིམ་ཚང་གཅིག་གི་ནང་ཡོད་པའི་དུག་རྫས་ཀྱི་རྣམ་གྲངས་དེ་ཚོའི་མིང་ཞིག་འདོན་དགོས་བྱུང་ན་དུག་རྫས་བཙོང་ས་ཞིག་ལ་ཕྱིན་ནས་རེ་རེ་བཞིན་ཐོ་ཞིག་རྒྱབ་མ་ཡོང་ན་ཤེས་ཐབས་བྲལ། གསང་སྤྱོད་འཁྲུ་བྱེད་ཀྱི་དུག་རྫས། སྒེའུ་ཁུངས་འཁྲུ་བྱེད་ཀྱི་དུག་རྫས། པང་གཅལ་འཁྲུ་བྱེད་ཀྱི་དུག་རྫས། ས་གདན་འཁྲུ་བྱེད་ཀྱི་དུག་རྫས། ཐབ་ཀ་འཁྲུ་བྱེད་ཀྱི་དུག་རྫས། ཤིང་དང་ལྕགས། འགྱིག་དང་ཤེལ་ལ་སོགས་གཙང་མ་བཟོ་བྱེད་ཀྱི་དུག་རྫས་སོགས་དེ་རེ་རེ་ལའང་རིགས་མི་འདྲ་བ་གྲངས་ལས་འདས།
ཨོ་ད་རུང་ཁང་བའི་མདུན་རྒྱབ་ཀྱི་སྤང་ཁའི་རྩྭ་ལྡུམ་མི་འདྲ་བ་རེ་རེ་བཞིན་གསོད་བྱེད་ཀྱི་དུག་རྫས་མི་འདྲ་བ་རེ་རེ། གྲོག་མ་གསོད་བྱེད། སྡོམ་གསོད་བྱེད་སོགས་འབུ་རིགས་མི་འདྲ་བ་རེ་རེ་བཞིན་གསོད་བྱེད་ཀྱི་དུག་རྫས་མི་འདྲ་བ་སོགས་ཀྱིས་ལག་སྣོད་ཁང་པ་རྣམས་ཡོངས་སུ་ཁེངས་འདུག
ཟས་སུ་དུག་རྫས་ཟ་ཞིང་ལས་སུ་དུག་ལས་བྱེད། དུག་གི་མཁའ་རླུང་རྔུབ་ཅིང་དུག་ནང་འཚོ་བ་རོལ།། དུག་གི་འཇིག་རྟེན་འདི་རུ་དུག་འདི་མེད་ཐབས་མེད་འདྲ།། མ་ཡུམ་ས་གཞི་རིལ་བོ་དུག་གིས་བསྣུབ་རྒྱུ་ཡིན་འདྲ།།
ཕྱིའི་འཁོར་ཡུག་སྲུངས་སྐྱོབས་དགོས་ན་ནང་གི་སེམས་ལ་སྲུངས་སྐྱོབས་ཡག་པོ་མཛད་དགོས་ཀྱི་འདུག ནང་འདོད་ཆུང་ཆོག་ཤེས་མ་ཆགས་ཀྱི་བར་ཕྱིའི་འཛུགས་བསྐྲུན། ནག་གཅོད་བྲེག ཐོན་རྫས་གསར་གཏོན་ནི། ནམ་མཁའ་སྟོང་པ་འདི་གང་ཡང་མཚམས་འཇོག་མེད་ངེས་ཅན་རེད། ནུབ་ཕྱོགས་པའི་ཕྱོགས་ཀྱི་དགོས་འདུན་ཕལ་ཆེ་བ་ནི། ཤར་ཕྱོགས་པའི་ཡར་རྒྱས་ལ་མི་དགའི་ཕྲག་དོགས་ཀྱིས། དེ་འགེགས་བྱེད་ཀྱི་ལག་ཆར་འཛམ་གླི་སྤྱི་ལ་ཐུགས་ཁུར་ཆེ་འདོག་བྱེད་པ་འདྲ་ཞིག་མཐོང་གི་འདུག
ད་འཁོར་ཡུག་སྲུངས་སྐྱོབས་མཛད་དྲན་མཁན་རྣམས་ཀྱིས། ནང་གི་སེམས་སྲུངས་སྐྱོབས་མཛད་རོག་གྱིས་ཞུ་འདོད་བྱུང་།
རི་སྤྱང་ཁེར་འགྲོས་ཀློག་རིན་ལྡན་ཞིང་བོད་ལ་ཉེར་བར་མཁོ་བོའི་རྩོམ་ཞིག་བྲིས་འདུག དགོད་བྲོ་བ་ཞིག་ལ་མི་ལ་ལས་མི་གཞན་ཞིག་གི་རྩོམ་མི་འདྲ་བ་རེ་བྲིས་བཞག་ན་ངས་ཡང་འདི་མོ་ཞིག་འབྲི་བསམ་ཡོད་ཟེར་བ་ནི་ཨ་ཁུ་ངས་ཡང་མར་ཉི་མར་བསྲོ་བསམ་ཡོད་ཟེར་བ་དང་གཅིག་མཚུངས་རེད། ཡང་རྩོམ་མ་ཀློག་པར་ལན་འབྲི་བ་དང་ཁ་གསབ་བྱེད་པ་ནི་གློ་བུར་དུ་དམར་སྲུང་དམག་མི་ཞིག་ལ་མཁྱེན་པ་ཐོབ་སོང་ནི་ཡིན་བགྱི་རེད་གོ
http://www.youtube.com/watch?v=lmu0aJrI59M&feature=PlayList&p=3F6DB2BCFFD963DB&index=15&playnext=2&playnext_from=PL
སྤུན་ཟླ་ཚོ། ཁོམ་པ་ཡོད་ན་འབྲེལ་ཐག་འདི་ལ་གཟིགས་རོགས་ཞུ་ལགས།
སྐུ་ཉིད་ཀྱི་རྩོམ་ཡིག་འདི་དང་འབྲེལ་བ་མེད་ཀྱང་བོད་མི་རིགས་ཀྱི་གདུང་འབོད་ཅིག་ཡིན་པས་སྤུན་ཟླ་དག་གི་བོད་ནང་གི་ཚེ་སྲོག་གི་རེ་འབོད་འདི་དག་གསན་ཐུབ་པ་ཡིན་ན་སྙམ་པ་དེ་ཡིན་ལགས།
ཁོར་ཡུག་དང་དུག་རྫས་སྐོར་དང་འབྲེལ་ནས་གྱུར་སེམས་ཅན་གྱི་ཆགས་གནས་འཇིག་གསུམ་ཐད་རྩོམ་ཡག་པོ་ཞིག་བྲིས་འདུག དེང་སང་གི་ནད་གཞི་གདུག་པ་ཅན་འབྲས་ནད་ཀན་སར་དང་རྒྱུན་འབྱུང་ནད་མང་པོ་ཞིག་གཙོ་བོ་དུག་རྫས་ཡིས་སློང་གི་ཡོད། དེང་སང་བོད་ནང་སྔར་མེད་པའི་ནད་གཞི་བཅོས་དཀའ་བ་འདྲ་མིན་ཡོང་གི་ཡོད་པ་ཁོར་ཡུག་དུག་རྫས་ཀྱིས་བསླད་ལུས་ལ་དུག་རྫས་ཀྱིས་ཞེན་པ་ནས་ཡིན་པ་རེད།
མ་གྱུར་
ཧ་ཧ་གད་མོ་ཞིག་ཤོར་སོང་། མཚོ་བྱེད་བུ་ལགས། བོད་ནང་དུ་དུག་རྫས་ཡོད་སྟོབ་ཀྱིས་ནད་རིགས་གསར་མང་པོ་འབྱུང་བ་ཡིན་པའི་ར་སྤྲོད་ག་འདྲ་བྱེད་ནས་ཐུབ་བམ། གལ་སྲིད་དེ་ལྟར་ན། བོད་ལས་ཀྱང་དུག་རྫས་སྟོང་འགྱུར་གྱི་མང་སའི་རྒྱལ་ཁབ་དེ་རྣམས་ལ་གསར་ནད་ཀྱིས་མི་ཕལ་ཆེར་ལུས་ཡོད་རྒྱུ་མ་རེད།
19 – དར་རྩེ་མདོ་ཡི་ཆུང་འདྲིས། dar rtse mdo yi chung dris 康定儿时的朋友 Childhood friends of Dartsedo
འཛམ་གླིང་ས་ཡི་ཡོངས་རྩེ་རུ། དངོས་གནས་དོན་གྱི་མཛངས་མ་ལ་གཟིགས་འདོད་ན་བུ་མོ་ལྷ་མོ་ལ་གཟིགས་རོག་ཞུ།
ལྷ་མོ་ནི་དངོས་གནས་ལྷ་མོ་རེད།
ཁྱེད་ཀྱི་མཛེས་པའི་བཞིན་དང་། སྙན་པའི་གླུ། ད་དུང་། ཁྱེད་ཀྱི་མཁྱེན་པའི་ཡོན་ཏན། བདེ་མོའི་གཏམ། སྒེག་པའི་ཉམས། ལྡེམ་ཞིང་གཉེན་པའི་སྐུ་གཟུགས དོན་གྱི་ཡིད་འཕྲོག་ལྷ་མོ་དངོས་གནས་རེད།
ཁྱེད་ཀྱིས་བཤད་པའི་ཚིག་འཕྲེང་ཧི་མ་ལ་ཡ་དང་འགྲོགས་པའི་བསིལ་རླུང་དེ། བདག་གའི་སྙིང་དུ་སིམ། ཁྱེད་ཀྱི་ལྟ་བས་ཆོག་མི་ཤེས་པའི་བཞིན་རས་གྱི་རྣམ་འགྱུར་གྱིས་ས་མཐར་གནས་པའི་དྲན་པ་དབང་མེད་དུ་འཕྲོག
རེད་ཡ་སྙན་ངག་གི་ཚིག་འཕྲེང་རེ་ཟུང་ཞིག་འབྲི་བར་ཕྱོགས་ཀྱང་། ཁྱེད་ཀྱི་གསུང་སྐད་སྙན་མོ་དེས་རི་མོར་བྲིས་པའི་གཟུགས་བཞིན་བསྒྱུར་ནས་ཚིག་དོན་ཚང་མ་བརྗེད།
ད་ནི་དངོས་གནས་འབྲི་མི་ཐུབ་ཀྱི། ད་དུང་ཁྱེད་ཀྱི་གླུ་ཚིག་དེ་དག་ལེན་སའི་ཆུང་འདྲིས་དེའི་སྐལ་བ་ཞིག་ང་ལ་ཤར་ཡོད་ཚེ། ང་ནི་འཇིག་རྟེན་འདིའི་ཐོག་ཀྱི་མི་སྐྱིད་ཤོས་ཞིག་ཏུ་ངོས་འཛིན་ཆོག
ཨ་ཁ་སྨན་པ་བྱོན་པ་ལེགས།
ཁུ་སིམ་པའི་དཔྱིད་ཀའི་ནང་གི་ལེའུ་ བཞི་ཡི་ཁྲོདགཅིག་ ཞེས་པར་ཕྱི་ལུགས་སྨན་པའི་ལུངས་དྲངས་དེ་་དུག་རྫས་ཀྱིས་འབྲས་ནད་བསྐྱེད་ཀྱིན་པ་ཉིད་ཀྱིས་གསུངས་པ་ནང་བཞིན་གསུངས་འདུག ཐུགས་རྗེ་ཆེ།
རིག་པའི་རལ་གྲི་ལགས་ཀྱིས་ངའི་མཆན་གྱི་བརྗོད་བྱ་ལ་མ་བལྟས་པར་རྗོད་བྱེད་ཚིག་ལ་བལྟས་ནས་གད་མོ་ཤོར་བར་ཐུགས་ཁག་མེད། བོད་ནང་སྔར་ལས་དེང་སང་འབྱུང་མང་ཞིང་དུག་རྫས་ཀྱི་རྐྱེན་ནས་བྱུང་བའི་ནད་རིགས་སྐོར་ཞིག་ནི་ཟ་ཁུ་གཅིན་སྙི་ནད་དང་མཆིན་ནད་དུག་ཐབས། གློ་འབྲས་དང་གློ་གཅོང་། རྨེན་འབྲས། ནུ་འབྲས། རིག་སྟོབས་ཀླད་སྐྱོན་སོགས་རེད། དེ་ཡང་བོད་ནང་དུ་གཞུང་ངོས་ནས་དུག་རྫས་སྔོན་འགོག་དང་བདེ་འཇགས་ལག་ལེན་ཀྱི་འཛིན་སྐྱོང་ལས་དོན་ཐད་ནུབ་ཕྱོགས་ཡར་རྒྱས་རྒྱལ་ཁབ་རྣམས་དང་བསྡུར་ན་ཧ་ཅང་རྗེས་ལུས་ཡིན་པ་དང་གཅིག བོད་རྒྱ་ཆེའི་མི་དམངས་ལ་དུག་རྫས་ཐད་ཀྱི་གོ་རྟོགས་ཤེས་བྱ་དམན་པ་དང་གཉིས། ནུབ་ཕྱོགས་ལས་རྒྱ་ནག་གཙོས་བོད་ནང་གི་སྨན་བཅོས་འཕྲོད་བསྟེན་དང་འཚོ་བའི་འཁོས་ཀ་བཅས་ཀྱི་ཆ་རྐྱེན་ཞན་པ་དང་གསུམ་བཅས་ལ་བརྟེན་ནས་བོད་ནང་དུ་བཅོས་དཀའི་ནད་གཞི་མང་པོ་ཞིག་ཡོང་གི་ཡོད་པ་ཡོངས་གྲགས་རེད།
རི་སྤྱང་ལགས་ཀྱིས་གསུངས་པའི་སེ་ལེན་ཊི་ སུ་ཕི་རིན་ཞེས་པ་ཅིག་ཀློག་འདོད་སྐྱེས། ཨ་རིའི་ཤ་རིགས་གཙོས་ཟས་རིགས་ནང་གི་དུག་རྫས་སྐོར་གྱི་ཤེས་བྱའི་ཐད་ Fast Food Nation ཟེར་བའི་དེབ་དེ་ཡག་པོ་ཡོད།
ང་ལ་ཡང་གཏམ་ཡན་ཞིག་བཤད་རྒྱུ་ཡོད། ཉེ་ཆར་ང་བོད་རིགས་ཕྱི་ལུགས་སྨན་པ་ཞིག་ལ་འཕྲད། མོས་བཤད་པ་ལྟར་ན། བོད་པའི་ཁྲོད་དུ་ཡང་མོ་ནད་ནུ་མའི་ན་ཚ་དེ་ཡོང་གི་འདུག དེ་འདྲ་རྒྱ་གར་དུ་ཡོད་སྐབས་གོ་མྱོང་མེད། འདི་ཡང་ཐ་ན་ནུབ་ཕྱོགས་པས་འཐུང་རྒྱུའི་འོ་མ་ལ་རྫས་སྦྱོར་བྱས་པ་སོགས་ལ་ཏན་ཏན་འབྲེལ་བ་ཡོད་པ་རེད། འོ་མ་ཡང་རྫས་བསླད་མེད་པའི་འོ་མ་འཐུང་ན་གོང་ཆེ་ན་འང་གཟུགས་པོར་གནོད་ཉུང་གི་རེད་ཅེས་བཤད་བྱུང་།
དེ་ནས་སློབ་མ་ཞིག་ཡོད། མོས་བཤད་པ་ལྟར་ན། ཨ་རིའི་གླང་ཤའི་རིགས་དེ་རྣམས་མ་རྨོས་ལོ་ཏོག་དང་རྗས་ཀྱིས་བསྐྱེད་པ་རེད། དེ་ཡང་རྫས་སྦྱོར་གྱི་འབྲས་བུ་རེད་ཅེས་གནོད་པ་ཅན་ཞིག་ཡིན་རབས་བཤད་སོང་།
འཚོ་བྱེད་ལགས་ཐུགས་རྗེ་ཆེ། སྔོན་མ་ཞིག་ནས་ཉིད་ཀྱི་མཆན་ཞིག་ལས་དབྱིན་དེབ་རྒྱགས་ལུག་ཞི་བྱེད་འདིའི་མིང་ཤེས་སོང་།
དེབ་དེ་ཁ་སང་ཞིག་ལ་མངགས་ཉོ་བྱས་ཚར། ཀློག་རྒྱུར་བྲེལ་ཤ་ལངས་ནས་བསྡད་ཡོད།
ཁུ་སིམ་པའི་དཔྱིད་ཀ་འདི་བོད་སྒྱུར་བྱེད་ཐུབ་ན་ཤིན་ཏུ་ལེགས། རྒྱ་ནག་སྐད་དུ་འགྱུར་ཚར་འདུག།
དངོས་གནང་ཡག་པོ་ཞིག་བྲིས་འདུག བུ་ཟེར་ན་རི་སྤྱང་ཁེར་འགྲོ་རེད།
ཨ་རིའི་རྒད་པོ་་ཁེ་ཚང་གི་བྱ་ཤ་བསྲེགས་མ་དང་མེད་ཁི་རྡོ་ན་ཚང་གི་བག་ལེབ་རྒྱགས་རྫས་བར་འཚང་ཅན་སོགས་ དེང་སང་ཟི་ལིང་སོགས་ན་ ཡོད་པོ་ཚོས་ངོམ་སོ་བྱེད་ས་དང་མེད་པོ་ཚོས་ཁ་ཆུ་མྱིད་ས་རེད་ཟེར། ཨ་དེབ་ཚོ་རྡིབ་རབ་བྱེད་མ་འདི་གཅིག་འཕེན་རྒྱུ་་ན་ཁུ་ཚོས་ཆི་ཟེར་ནང་།
ངོམ་སོ་བྱེད་ས་ ་མ་རེད་ ངོམ་སོ་བྱེད་སྤྱད་རེད།
རི་སྤྱང་ཁེར་འགྲོ་ཡི་ཡག་པོ་ཤིག་བྲིས་འདུག།་ཁྱེད་ཀྱིས་དཔེ་དེབ་ཅིག་བསྒྱུར་འདོད་ཀྱི་སྐོར་ཅིག་གསུང་འདུག་།་སྤྱིར་བཏང་གི་ཡག་པོ་རེད་།་་ཡིན་ནའང་ང་བསྒྱུར་རྩོམ་གྱི་རིགས་ལ་དགའ་བོ་དེ་འདྲ་མེད་།་རྩོམ་པ་པོ་དེ་དག་གི་ཀློག་མཁན་དང་པོ་ནི་བོད་པ་མ་རེད་།་དེའི་ཚིག་བེད་སྤྱོད་དང་།་དོན་རྣམས་བོད་ཀྱི་སེམས་ཁོངས་འདྲ་ཡོད་པ་མ་རེད་།་དེ་བས་ཉིད་ཀྱིས་བོད་དང་འབྲེལ་བ་ཡོད་པའི་དེའི་སྐོར་གྱི་དཔེ་ཆ་ཤིག་བརྩམས་ན་ངེས་པར་ཏུ་ཡག་པོ་རེད་བསམ་བཞིན་ཡོད་།་དོན་རླབས་པོ་ཆེ་དང་།་ཚན་རིག་གི་བརྗོད་བྱ་ཧ་ལས་བ་དེ་དགོས་གིན་མ་རེད་།་སྤྱིར་བཏང་བོད་ལ་འབྲེལ་བ་ཡོད་པའི་སྐད་ཆ་སྐོར་བྲིས་ན་འགྲིག་གིན་རེད་།་དཔེར་ན་།་ང་ཚོ་བོད་ལ་།་གཞི་བདག་་དང་།་ཀླུ་མོ་སོགས་དེ་འདྲ་མང་པོ་རེད་།་སྤྱིར་བཏང་སྐད་ཆ་དེ་ཚོ་ཆོས་ལུགས་ཀྱི་སྐད་ཆ་རེད་མོད་།་བསམ་པ་སྙིང་ཐག་པ་གཏོང་ཡོང་ན་།་གཞི་བདག་དང་།་ཀླུའི་སྐད་ཆ་དེ་ཚོ་བརྒྱུད་ནས་དོན་གྱིས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་ཡོང་གིན་ཡོད་པ་རེད་།་ང་ཆུང་དུས་ཤིག་ལ་།་ཆུ་མིག་གཅིག་གི་མཚེར་སྡོང་་གི་བཅག་ནས་ནང་ལ་ལོག་པ་ཡིན་།་ངའི་རྨོ་རྨོ་དེ་ཧ་ལས་བ་དང་།་ཤིན་ཏུ་སྐྲག་སྔངས་ཤིག་གིས་།་འདི་ནི་ཀླུའི་སྐྲ་རེད་།་དེ་བཅག་ན་ཁྱེད་ལ་ན་ཚ་འབྱུང་གིན་རེད་ཅེས་ལབ་ནས་།་ཕྱིར་ཆུ་མིག་གི་ཁ་ལ་སོང་ནས་གྲོ་ནས་སོགས་གཏོར་བ་ཡང་དྲིན་གིན་འདུག་།་ལོ་འགའ་ཤས་ཤིག་སྔོན་ལ་ང་ཕྱི་ལ་སླེབས་ཚར་རྗེས་།་་ང་ཚོ་སྡེ་བར་རང་འབབ་ཆུ་འཐེན་རྒྱུ་ཡིན་ཟེར་ནས་།་ཆུ་མིག་གི་ཆུ་དེ་ས་འོག་ཏུ་དྲངས་འདུག་ལ་།་དེའི་མཐའ་སྐོར་གྱི་ཚེར་སྡོང་རྣམས་ཀྱང་རིམ་གྱིས་མི་འདུག་།་ལོ་ངོ་མ་ཆུ་མིག་དེ་ཡང་སྐམ་འདུག་།་ད་ཆུ་མགོ་གཞན་ཤིག་འཚལ་གིན་འདུག་།་དེ་ལྟ་བུ་ཤིན་ཏུ་ནས་མང་པོ་རེད་།་་ངས་དུས་རྒྱུན་འདི་ལྟར་བསམ་བཞིན་ཡོད་།་ང་ཚོས་ཆུ་མིག་སོགས་ཀྱི་འགྲམ་ཏུ་ས་རྐོ་རྡོ་སློག་མི་བྱེད་རྒྱུ་དད་པ་དང་།་ཡང་ན་རྨོངས་དད་དེ་འདྲ་ཡོད་རྒྱུ་ན་།་ངའི་སྡེ་བའི་ཆུ་མིག་དེ་ཡང་ད་དུང་ཡོད་ཀྱིན་རེད་བསམ་གིན་ཡོད་།་
རེད་རེད། ངོ་མ་རེད
དེབ་འདིས་ཕྲན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པ་བྱུང་།
དེབ་འདིའི་ནང་ང་ཚོས་ད་ལྟ་སྤྱོད་ཀྱིན་ཡོད་ལ། འབྱུང་འགྱུར་ཡང་ང་ཚོ་ལ་འཕྲད་སྲིད་ཅིང་། ངེད་ཀྱི་ཕ་མ་དང་ཡུལ་མི་ཚོར་འཆའ་རྒྱུས་མེད་པའི་དུག་རྫས་དེ་ཚོའི་ཉེན་ཁ་རེ་རེ་བྱས་ནས་གླེང་་འདུག། དེ་ཡང་ཨ་རི་སོགས་ལ་བྱུང་ཟིན་པའི་དོན་དག་ངོ་ལ་གཞི་བྱས་ནས་བྲིས་འདུག འདིའི་ནང་གཞུང་ལུགས་ཀྱི་སྐོར་མང་པོ་མེད་པར། མི་མང་དཀྱུས་མ་ཚོར་ཕན་པའི་ཤེས་བྱ་རྐྱང་རེད།།
ངོ་ལ ངོ་མར་ བཅོས
ཡིན་ནའང་། ཕྲན་ལ་ད་ལྟ་དེབ་འདི་བོད་བསྒྱུར་གྱི་འཇོན་ཐང་མི་འདུག
ཡག་པོ་བྲིས་འདུག ང་ཚོ་འབྲོག་པའི་རྩྭ་་ཐང་དུ་ཁྱོད་དང་ཁྱོད་ལྟ་བུའི་མི་སྣ་མང་པོ་ཞིག་བྱུང་བར་སྨོན