རྨེ་རུ།
གནམ་ས་གཉིས་ཀ་མུན་པས་བཟུང་ཀྱང་།།
ལྟོ་གོས་གཉིས་ཀ་སྤྲང་པོར་གྱུར་ཡང་།།
ང་ཡི་དགའ་མ་དཔེ་དེབ་ལྷན་དུ།།
སྙིང་གཏམ་གླེང་རེས་ནམ་ཡང་མི་འཇོག །
འགྲོ་ལམ་ཡོད་ཚད་ཁ་བས་བཀག་ཡང་།།
འཕུར་ལམ་ཐམས་ཅད་མུན་པས་བཟུང་ཡང་།།
བདག་གི་ཚེ་གྲོགས་སྨྱུ་གུ་མཉམ་དུ།།
གསོན་བྲལ་སེམས་པ་ནམ་ཡང་མེད་དོ།།
ཤེས་རབ་རལ་གྲིར་རྣ་ཁ་རྫོགས་ཀྱང་།།
དབང་པོ་གནས་ལྔའི་ལུས་སྟོབས་རྒུད་ཀྱང་།།
ཐོས་བསམ་བརྩོན་པའི་རྐང་ལམ་རིང་མོར།།
འགྲུལ་མཚམས་འཇོག་འདོད་ཡི་ནས་མེད་དོ།།
དཀར་གཙང་ཤོག་བུ་ཆར་གྱིས་བརླན་ཡང་།།
སྒྱུ་རྩལ་སྨྱུ་གུ་ཐོ་བས་བརྡུང་ཡང་།།
རང་སེམས་དྭངས་མའི་གླུ་དབྱངས་སྙན་མོ།།
རི་མོར་འགོད་མཚམས་གཏན་ནས་མི་འཇོག །