ཤར་ཕྱོགས་ཁུག་རྟ།
——-གྲོགས་འཕྲིན་ལས་འཇིག་རྟེན་ཕྱི་མར་འགྲིམས་པ་མྱ་ངན་ཞུ།
མི་འདོད་ནད་ཀྱིས་ཟིན་པའི་ལོ་ངོ་དེ་དག །
འཇིག་རྟེན་དཀར་ངོགས་འདི་ཡི་དྲན་ཤིང་རྡོ་ཡིན།།
བརྩེ་བའི་སེམས་ཀྱིས་ཚིག་ཡག་བཤད་རྒྱུ་ཙམ་ལས།།
ང་དང་ང་འདྲའི་གྲོགས་ལ་ཅི་ཡང་མི་འདུག །
འཕྲད་པའི་དུས་ནས་བཤིབ་པའི་ལོ་ཟླའི་བར་དུ།།
ངུ་མ་དགོད་ཀྱི་གཏམ་རྒྱུད་སྣ་ཚོགས་ཡོད་ཀྱང་།།
དེ་རིང་རེ་རེར་ཕྱིར་དྲན་ཡིད་ལ་བླངས་ནས།།
ཤོག་བུར་དཀར་པོར་འབྲི་འདོད་བདག་ལ་མི་འདུག །
གངས་སྐྱིད་རྭ་བར་ཁ་ཐག་ཁེད་ཀྱིས་ཕྱིན་པས།།
གྲོགས་ཁྱེད་ཐུག་རྒྱུ་མཚམས་རེར་ལན་རེ་ཡིན་རུང་།།
ཉེ་སྔོན་ལྡི་ལིར་འགྲོ་ཁའི་ལྷོད་མཇལ་དེ་ནི།།
སྐྱེ་བ་འདི་ལ་འཛོམས་པའི་མཐའ་མ་རེད་འདུག །
ཁ་རྩང་ནམ་གུང་འཆི་བདག་དྲུང་དུ་སོང་ཞེས།།
གྲོགས་པོ་ཚེ་ལྷས་ཞལ་རས་གནག་ནས་བཤད་སྐབས།།
གང་ཡིན་འདི་ཡིན་མེད་པའི་སེམས་པ་འདི་ལ།།
དབུགས་རིང་གཏོང་རྒྱུ་ལས་གཞན་ཅི་གང་མི་འདུག །
དབུས་པའི་སྲོལ་གྱིས་ཕུང་བོར་ཁ་བཏགས་འཐེན་ཞོར།།
མདོ་ཁམས་ལུགས་ཀྱིས་མཆོད་མེ་ཞལ་འདེབས་ཙམ་ལས།།
ཁྱེད་ཀྱིས་བསྐྱུར་པའི་ཕུང་བོ་སྐམ་པོའི་འཁྲིས་ན།།
ཤུལ་ལུས་གྲོགས་ཚོར་བྱེད་ཡ་ཅི་གང་མི་འདུག །
ཐལ་མོ་སྦྱར་ནས་སྨོན་ལམ་འདེབས་ཁུལ་བྱས་ཀྱང་།།
ཡ་ཆུང་སེམས་འདི་ནག་ཁུང་ནག་རྐྱང་རེད་མོད།།
ཉིན་འགའི་སྔོན་དུ་༸གོང་ས་ཆེན་པོར་མཇལ་བ།།
ཁྱེད་ཀྱི་བྱས་པའི་འབྲས་བུ་ཉག་ཅིག་རེད་འདུག །
མི་བརྟན་གཡོ་བའི་ཆོས་ཉིད་ངག་ནས་མ་འཁྲོལ།།
གཞན་དཔེ་རང་ལ་འགེབས་པའི་ཉམས་ལེན་མེད་ཀྱང་།།
ཚོར་བ་ལུང་མ་བསྟན་འདིའི་ཁ་དབང་འོག་ནས།།
མཆོད་མེ་ཁ་ཤས་གྲོགས་ཁྱེད་བརྩེ་བའི་བསྐུར་ཡོད།།
ཁ་རྩང་དཀྲོངས་སྐབས་འདུ་ཚོགས་འཚང་ཁ་ཤིག་ཤིག །
དེ་རིང་ཞུགས་འབུལ་ཚར་རྗེས་རང་སར་གྲོལ་སོང་།།
ཤུལ་ལུས་སྤུན་རྣམས་རང་རང་ཁྱིམ་དུ་ལོག་ཀྱང་།།
ཁེར་རྐྱང་སྙིང་སྡུག་མ་དེའི་ཅི་ཞིག་བྱ་ཨང་།།
བལྟས་ན་འོད་མདངས་ཅན་གྱི་ཕོ་གསར་རྫིག་པོ།།
འགྲོགས་ན་ཕྱི་ཐག་ཅན་གྱི་ཁྲེལ་གཞུང་ཅན་པོ།།
གངས་ཅན་སྐྱིད་གཤོངས་ནང་གི་རེ་བ་ཅན་པོ།།
ཕོ་ལོ་སོ་གསུམ་བཅག་ནས་ཕེབས་པས་སྐྱོ་བ།།
དམར་པོ་མེ་ལྕེ་ལྷབ་ལྷབ་དགུང་ལ་འཕྱུར་བཞིན།།
དུ་བ་ནག་པོ་བྱང་གི་ཕྱོགས་ལ་འཐེན་བཞིན།།
རུས་ཐལ་སྤར་མོ་གང་གི་རྐང་རྗེས་བཞག་ནས།།
གྲོགས་ཁྱེད་ང་ཚོར་གཏན་དུ་བྲལ་ནས་བུད་སོང་།།
ཕྱི་མ་རིང་ཚུལ་བདེན་གཏམ་བྲག་ལ་བཞེངས་ཀྱང་།།
སྨོན་ལམ་ཙམ་ལས་གྲོགས་ཁྱེད་བསྐུར་རྒྱུ་མེད་ཀྱང་།།
མི་ཡི་རྟེན་ལ་ལུས་ཤིག་ལེན་རྒྱུ་བྱུང་ན།།
སླར་ཡང་སྐྱོ་སྡུག་འདྲེས་མ་མཉམ་དུ་བསྐྱལ་ཆོག །
ཕངས་དང་ཕམ་པ་བྲིས་ན་རྫོགས་པ་མེད་ཁར།།
དཔར་པའི་ཕྱི་ཐག་གླེང་ན་སེམས་པ་ན་བས།།
དེ་རིང་འདི་ཙམ་ཡི་གེ་ནག་པོར་བཀོད་དེ།།
འཇིག་རྟེན་གཞན་གྱི་གྲོགས་ཁྱེད་སྤྱན་བསྟར་ཞུས་ཡོད།།
༢༠༡༣། ༡༡། ༡། གྲོགས་པོ་འཕྲིན་ལས་རྡོ་རྗེ་ཁ་རྩང་དཀྲོངས་ཤིང། དེ་རིང་ཕུང་བོ་སྦྱིན་སྲེག་བྱས་རྗེས་གང་དྲན་ཤར་མར་བྲིས།།
ཤར་ཕྱོགས་ཁུག་རྟས་སྙན་རྩོམ་ཡག་པོ་ཞིག་བྲིས་འདུག ཕོ་སར་ལོ་ཆུང་ཞིག་གྲོང་འདུག རྒྱུ་རྐྱེན་ག་རེ་གྲོང་བ་རེད། གསལ་བྱེད་ཅུང་བཤད་རོགས། །
མྱ་ངན་ཞུ། བདེ་བ་ཅན་དུ་སྐྱེ་བར་ཤོག
གྲོགས་པོ་འཕྲིན་ལས་རྡོ་རྗེ་ཁ་རྩང་དཀྲོངས་ཤིང། དེ་རིང་ཕུང་བོ་སྦྱིན་སྲེག་བྱས་། མྱ་ངན་ཞུ།
སྙན་ངག་གི་འདས་མཆོད་བཀླགས་ཟིན། ན་ཚ་ཅི་རིགས་ཀྱིས་འདི་ལྟར་དུས་མིན་འཆི་བཞིན་པ་་ཡིད་རེ་སྐྱོ། བདག་གི་གྲོགས་པོ་དམ་པ་དེ་ཡང་་ཀླུ་ཚང་བ་དེ་ཡང་་་གཞོན་སྐྱེས་ཚོས་རང་རང་གི་འཕྲོད་བསྟེན་ལ་བདག་གཅེས་གནང་རོགས།
ཁུག་རྟས་བློ་བུར་དུ་འཕྲིན་ལས་རྡོ་རྗེ་བཀྲོངས་སོང་ཟེར་ན་ཁོང་གི་བློས་ཐུབ་གྲོགས་པོ་ཞིག་འདས་སོང་པ་བདེན་ནའང་། ངོ་མས་བཤད་ན་རྗེས་དྲན་རྩོམ་ཡིག་རྗེས་ལ་ངོ་སྤྲོད་ཅིག་བྱས་ཡོད་ན་དེས་དགའ་ག
སྙིང་རྗེ། ཨོཾམཎིཔདྨེཧཱུཾ།
ང་ཚོ་ཚང་མ་བཞི་ཤད་རྒྱག་མཚམས་དེ་ལས་གཡོལ་ཐབས་མེད་པས། ད་ལྟ་ནས་སེམས་ནང་གྲ་སྒྲིག་དགོས་གལ།