ཁང་གསར་རྡོ་རྗེ།
༅༅།།བོད་པའི་སྤྱི་ཚོགས་འདིའི་ནང་ལ། རང་གི་ཞེ་གཏིང་ནས་གུས་བཀུར་དང་ཡིད་སྨོན་བྱེད་སའི་མི་ཁ་ཤས་ཡོད་པའི་ནང་ནས་གཅིག་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་དུས། ང་རང་ཁོང་གི་མཛད་བྱུས་ཁ་ཤས་ཀྱི་ཐད་མཐོ་བཤད་དམའ་བཤད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངའི་སྐད་ཆ་འདི་རིག་དུས་ཀློག་པ་པོ་མང་པོ་ཡ་མཚན་སྐྱེ་སྲིད་པ་རེད། འོན་ཀྱང་ཁོ་བོ་ནི་རྒྱུ་མཚན་ཉིད་དཔང་དུ་བཞག་སྟེ་ལྟ་མཁན་ཞིག་ཡིན་པའི་ཆ་ནས། ཆ་ཐམས་ཅད་ནས་དཀར་བ་དང་། ཆ་ཐམས་ཅད་ནས་ནག་པའི་རྣམ་གཞག་དེ་ཚོ་ཐལ་སྐྱོད་མཐར་ལྷུང་བ་ཚོའི་བྱིས་སྤྱོད་ལས། རྣམ་དཔྱོད་ཅན་གྱི་འཇུག་ངོགས་སུ་ཞར་ཡང་མི་སེམས་པས། འདིར་མང་བཀུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ། རང་ངོས་ནས་ཁོང་ལ་གུས་བཀུར་དང་ཡིད་སྨོན་བྱེད་དགོས་པའི་རྒྱུ་མཚན་འགའ་ཞིག་གླེང་བར་སྤྲོའོ།།
༡) ཟམ་གདོང་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་གཉིས་དང་། དེའི་ནང་ནས་ཀྱང་ཤེས་རིག་ཡར་རྒྱས་ཀྱི་ཆེད་དུ་བཏང་གནང་བ་ལས། རང་གི་ཆོས་རྒྱུད་དང་ཆོལ་ཁ། བླ་བྲང་བཅས་ཀྱི་ཆེད་དུ། ཕྱོགས་དང་རིས་སུ་གཅོད་པའི་རིགས་ཕྲ་མོ་ཙམ་ཡང་མཛད་མེད་པ་འདི་ནི་རྒྱུ་མཚན་དང་པོའོ།།
༢) རང་གི་གཞུང་ཆེན་གཙུག་ལག་ཁག་དང་། ཕྱིའི་ལྟ་གྲུབ་དང་གསར་རྙིང་གི་སྲོལ། ཡུལ་ཁོར་འཛིན་ཅིང་སྐྱོང་བའི་ལུགས། ལེགས་སྦྱར་དབྱིན་ཧིན་སོགས་ཀྱི་སྐད་རིགས་ལ་དུས་ཐུང་ནང་མཁས་པར་མཛད་ཅིང་། བོད་རྒན་མགོ་མཁྲེགས་རྣམས་ཀྱི་དབུས་སུ་མ་ཟད། རྒྱ་གར་ཁ་སྤུ་ཅན་གྱི་མཁས་ཚོགས་ཀྱི་དབུས་སུའང་། མཁས་ཤིང་བརླིང་ལ། ཟབ་ཅིང་སྒམ་པའི་ཆེ་ཚུགས་གངས་ཅན་པའི་མིག་རྒྱན་དུ་ངོམ་པར་མཛད་པ་འདི་གནས་ལུགས་གཉིས་པའོ།།
༣) མཁས་པའི་རྣམ་དཔྱོད་ཀྱང་དེབ་གོག་ཁ་ཤས་ཙམ་འབྲི་བའི་ཆེད་དུ་མ་བཏང་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་དང་། དེའི་ནང་ནས་ཀྱང་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག་གི་ལས་དོན་དེང་རབས་ཡར་ཐོན་གྱི་འགྲོ་སྟངས་དང་འཚམས་པར་བསྒྱུར་བཅོས་ཐུབ་ཐབས་སུ་ལོ་ནས་ལོ་བསྟུད་དེ་ཐབས་མཁས་ནན་བསྟུད་ཀྱི་མཛད་པ་བསྐྱངས་ཤིང་། མཛད་པ་གང་བསྐྱངས་པ་རྣམས་གསར་ཤོག་དང་བརྙན་འཕྲིན། མང་མང་ཚོགས་ས་དག་ཏུ་བདག་གིས་བདག་སྒྲོག་པ་ལྟ་བུ་དངོས་ཤུགས་ཅི་ཐད་ནས་ནམ་ཡང་མ་མཛད་པར། གསེར་ས་འོག་ན་ཡོད་ཀྱང་། འོད་ནམ་མཁའ་ན་འཕྲོ་བའི་མཛད་པ་ལྷུར་བཞེས་པ་འདི་བདེན་ལུགས་གསུམ་པའོ།།
༤) བོད་གངས་ཅན་པ་གཞིས་བྱེས་ཡོངས་ཀྱིས་ཡིད་ཆེས་དང་བློ་གཏད་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་གོང་དུ་འདེགས་པ་ལ། ཐེ་ཚོམ་དང་ནེམ་ནུར། སྒྱིད་ལུག འཇིགས་ཞུམ་སོགས་ཅི་ཡང་མེད་པར། ༸གོང་ས་ཆེན་པོས་གང་དགོངས་ཤིང་གཟིགས་པ་དེ་ཉིད། དངོས་ཡོད་ལག་ལེན་ནང་དུ་འཁྱོལ་ཐབས་སུ་ཉིན་དང་མཚན་ཀུན་ཏུ་བརྩོན་པར་མཛད་པ་འདི་ཡིན་ལུགས་བཞི་པའོ།།
༥) མང་པོའི་རྒྱུ་དང་ཆེན་པོའི་དབང་གང་དང་ཅི་ཞིག་ལ་ཐུག་རུང་། དགེ་སྦྱོང་འདོད་ཆུང་ཆོག་ཤེས་ཀྱི་སྤྱོད་པ་སྐར་ཆ་གཅིག་ལའང་དོར་བ་མེད་ཅིང་། འགྲོ་བ་སྤྱི་དང་བྱེ་བྲག་གང་དང་འབྲེལ་ཐོགས་ཀུན་ ལ་ཐུགས་བརྩེས་འདོར་བ་མེད་པའི་བཟང་པོའི་རང་གཤིས་དུས་དང་གནས་སྐབས་གང་དུའང་འགྱུར་བ་མེད་པ་འདི་སྒྲུབ་བྱེད་ལྔ་པའོ།།
འདི་ལྟར་གང་གི་འཁྲུངས་སྐར་ལ། རྒྱུ་མཚན་ལྔའི་སྒོ་ནས་གུས་ཤིང་ཡིད་སྨོན་པའི་གྱི་ན་བ་བདག་གིས་སུག་བྲིས་འདི་འདྲ་ཞིག་སྤེལ་བ་འདི་ལ་རིན་ཐང་མི་ཆེ་ནའང་། འགའ་ཞིག་གིས་རང་གི་ཁེ་ཕན་དང་ཡུལ་ཞེན། བླ་སློབ་ཀྱི་ཕྱོགས་འཛིན་སོགས་ཀྱིས་བསྟོད་པ་དག་ལས་ལྡབ་སྟོང་འགྱུར་གྱིས་རིན་ཐང་ཆེ་བ་ཞིག་ཏུ་རློམ་སྟེ། ཐག་རིང་ནས་སྤེལ་བ་འདིས། ཇི་ལྟར་རླུང་གིས་དྲིལ་སྒྲ་དང་། །མར་མེས་མར་མེ་སྤེལ་བ་བཞིན།། བཟང་པོས་བཟང་པོ་གླེང་བཞིན་དུ།། གླིང་ཆེན་མྱ་ངན་མེད་པར་ཤོག །
ཨ་རོགས། ཁོང་གི་”སྒོ་དང་སྒེའུ་ཁུང་ཚང་མ་ནས་དེབ་བཏོན་ཡོང་གིན་འདུག་”ཅེས་པའི་བཀའ་སློབ་དེར་གོ་བ་ཇི་ལྟར་ལེན་དགོས། སྐབས་འདིའི་དེབ་ནི་བོད་ཡིག་གི་དེབ་ལ་གོ་དགོས་ཤིང་། གཞིས་ཆགས་གསར་བུ་གསར་མོ་བོད་ཡིག་མཐོང་ན་ཞེན་པ་ལོག་པ་དེ་ཚོ་ལས་གསར་འབྱོར་ཚོས་རང་རང་གི་ལྟོ་རྒྱབ་ཀྱི་འགྲོ་སོང་ལ་བསྲི་ཚགས་དང་གཞན་ལ་སློང་མོ། ཐ་ན་དངུལ་གཡར་ནས་སྤུས་ཀ་ཞན་པའི་བོད་ཡིག་གི་དེབ་རེ་དེབ་དཔར་སྐྲུན་བྱེད་མཁན་ཚོའི་བྱ་སྤྱོད་དེར་རྒྱབ་སྐྱོར་མེད་ཀྱང་སེམས་པ་འཆི་བའི་སྐད་ཆ་དེ་འདྲ་ངོ་མ་བཤད་ན་བོད་པའི་རིག་གཞུང་ལ་སེམས་ཁུར་མེད་པའི་བྱ་སྤྱོད་ཅིག་ཏུ་མཐོང་། ངས་ངོ་མ་བཤད་པ་ཡིན། ང་རང་ལ་མཚོན་ན་ཡང་དེབ་ཐོག་མ་གསུམ་པོ་གཞན་གྱི་སྒོ་ཁ་ཉུལ་ནས་སློང་མ་བྱས་ཏེ་དཔར་སྐྲུན་བྱས་པ་ཡིན།
ཨ་རོགས། ཁོང་གི་”སྒོ་དང་སྒེའུ་ཁུང་ཚང་མ་ནས་དེབ་བཏོན་ཡོང་གིན་འདུག་”ཅེས་པའི་བཀའ་སློབ་དེར་གོ་བ་ཇི་ལྟར་ལེན་དགོས། སྐབས་འདིའི་དེབ་ནི་བོད་ཡིག་གི་དེབ་ལ་གོ་དགོས་ཤིང་། གཞིས་ཆགས་གསར་བུ་གསར་མོ་བོད་ཡིག་མཐོང་ན་ཞེན་པ་ལོག་པ་དེ་ཚོ་ལས་གསར་འབྱོར་ཚོས་རང་རང་གི་ལྟོ་རྒྱབ་ཀྱི་འགྲོ་སོང་ལ་བསྲི་ཚགས་དང་གཞན་ལ་སློང་མོ། ཐ་ན་དངུལ་གཡར་ནས་སྤུས་ཀ་ཞན་པའི་བོད་ཡིག་གི་དེབ་རེ་དཔར་སྐྲུན་བྱས་པའི་བྱ་སྤྱོད་དེར་རྒྱབ་སྐྱོར་མེད་ཀྱང་སེམས་པ་འཆི་བའི་སྐད་ཆ་དེ་འདྲ་ངོ་མ་བཤད་ན་བོད་པའི་རིག་གཞུང་ལ་སེམས་ཁུར་མེད་པའི་བྱ་སྤྱོད་ཅིག་ཏུ་མཐོང་། ངས་ངོ་མ་བཤད་པ་ཡིན། ང་རང་ལ་མཚོན་ན་ཡང་དེབ་ཐོག་མ་གསུམ་པོ་གཞན་གྱི་སྒོ་ཁ་ཉུལ་ནས་སློང་མོ་བྱས་ཏེ་དཔར་སྐྲུན་བྱས་པ་ཡིན། ཁོང་གི་བཀའ་སློབ་དེའི་གོ་དོན་ངོ་མ་ནི། “སྒོ་དང་སྒེའུ་ཁུང་ཚང་མ་ནས་བོད་ཡིག་གི་དེབ་བཏོན་མ་ཡོང་། བོད་ཡིག་གི་དེབ་འདོན་སའི་སྒོ་དང་སྒེའུ་ཁུང་ཚང་མ་ནས་རྒྱོབས་ནས་སྡོད།” ཅེས་པ་མ་རེད་དམ།
ཡང་ནས་ཡིག་ལྷག་མ་ཞིག་ཤོར་འདུག
རྩོམ་འདི་ལ་རྒྱུ་མཚན་འདུག ལྷག་དོན་གོང་ས་མཆོག་གི་དཔུང་པ་གཡས་པ་ལྟ་བུར་ལངས་ནས། རྒྱལ་བ་རིན་པོ་ཆེ་མི་ཚེའི་ནང་ལ་དཀའ་སྡུག་ཆེ་ཤོས་སྐབས་ལ་ཁོང་གིས་དཀའ་སྡུག་ཡོངས་རྫོགས་ལ་ཁྱད་སད་བྱས་ནས་རྒྱལ་བའི་དགོངས་པ་བདེ་བླག་སྒྲུབ་པར་མཛད་པ་ནི་ཁོང་གི་མཛད་པ་མཆོག་ཏུ་གྱུར་བ་ཞིག་ལ་སྣང་། ཁོང་གི་སྐུ་ཚེ་རིངས་པོ་བཞུགས་ཅིང་། བསྟན་འགྲོའི་ཆེད་མཛད་འཕྲིན་རྒྱ་ཆེར་སྒྲུབ་པར་ཤོག་ཅིག
ཁང་གསར་ལགས་ཀྱི་སེམས་ཕྱོགས་འདི་ཡིད་དུ་འོང་བ་ཞིག་རེད། དུས་སྐབས་ཤིག་ལ་ཕྲན་གྱིས་ཀྱང་ཟམ་གདོང་རིན་པོ་ཆེའི་ཐད་དུ་གླེང་ཕྱོགས་གང་མང་བཟོས་བ་ཡིན། རྒྱུ་མཚན་ཡང་ཟམ་གདོང་རིན་པོ་ཆེ་ལས་ལྷག་པའི་གླེང་འོས་བ་ཞིག་གཞན་སུ་ཡང་རྙེད་ཁག་པོ་འདུག ཟམ་གདོང་རིན་པོ་ཆེ་མཆོག་གི་བཟང་སྤྱོད་ཀྱི་ཆ་དེ་ཁང་གསར་ལགས་ཀྱིས་བརྗོད་པ་ལྟར་བསམ་ཀྱིས་མི་ཁྱབས་པ་དེ་བཞིན་ནོ། དེ་ན་ག་རེ་བྱས་ནས་ཟམ་གདོང་བླ་མ་ལ་མངོན་ལྐོག་གང་རུང་ནས་གླེང་ཕྱོགས་བཟོས་བ་ཡིན་ནམ་ཟེར་ན། རིན་པོ་ཆེ་ཁོང་ལས་ལྷག་པའི་གླེང་རིན་ཡོད་པ་ཞིག་མ་རྙེད་པས་རྐྱེན་གྱིས་ཡིན། དེ་ཡང་བཟང་ཕྱོགས་ནས་མི་གླེང་བར་འཐུས་ཤོར་གྱི་ཆ་ནས་གླེང་དོན་ཡང་། མང་མང་ཞིག་གིས་རིན་པོ་ཆེ་ཁོང་གི་མཛད་པ་མཁྱེན་གསལ་བཞིན། ཁ་ནས་དྲང་གཏམ་བཤད་མཁན་རེ་སྒོ་ཁ་འདྲུད་ཐབས་ལ་འབད་པ་དང་། ཕྱོགས་གཞན་ནས་བདེན་པའི་ཨུ་ཚུགས་ཀྱི་སྣེ་མོ་ཞིག་མཐོང་མི་ཡོང་ངམ་སྙམ་པ་ཙམ་ཡིན། དེ་རིང་ཁང་གསར་ལགས་སྒོར་ཐོན་པ་དང་རང་ཉིད་ནས་ཀྱང་རིན་པོ་ཆེ་ཁོང་ལ་དགོངས་དག་ཞུ་བ་ལགས།
དེ་དེ་བཞིན་ནོ།། སློབ་དཔོན་ཆེན་པོ་ཁོང་གི་འཁྲུངས་སྐར་ལ་འཚམས་འདྲི་དང་། ཁོང་གི་མཛད་འཕྲིན་དར་རྒྱས་ཡོང་བའི་རྟེན་འབྲེལ་ཞུ།
ཁོང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཁམས་པའི་དབང་ཆ་འཐབ་རྩོད་སྐབས་ཡབ་གཞིས་ཕྱོགས་གཏོགས་པས་དམིགས་སུ་བཀར་ནས་བླངས་པ་རེད་
སྒེར་གྱི་ལྟ་བ་སྤྱི་ཚོགས་རིངས་ལུགས་དམངས་གཙོའི་གཞུང་རྒྱ་གར་བའི་ལད་བཟློས་ཙམ་ལས་སྲིད་དོན་ཚོགས་པའི་གཞུང་ལུགས་འགོག་མཁན་ཁོང་པ་རེད་
ཁ་ནས་བདེན་པའི་བདེན་པའི་ཨུ་ཚུགས་བཤད་དེ་དོན་དངོས་རང་སྐྱོང་བྱེད་མཁན་སྐྱུགས་བྲོ་བའི་གནས་ལུགས་རེད་
མདུན་བསྐྱོད་ལྟ་བར་འགོག་རྒོལ་བྱེད་མཁན་རྙིང་ཞེན་པ་གོམས་སྟབས་ཕྱིར་སྤོས་བྱེད་མཁན་ཞིག་རེད་
བོད་ཀྱི་གཏམ་དཔེ་ལ།
ཤིང་སྐྱོན་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་པུའི་གླིང་ན་མེད། ངས་བསམ་ན་ཁང་གསར་བས་ཟམ་གདོང་པའི་ཡོན་ཏན་ཁོ་ན་གླེང་འདུག་ལ། ཀླུ་སྨྱོན་གྱིས་སྐྱོན་ཅིག་བཙལ་བ་རེད། ང་ནི་ནམ་ཡང་དབུ་མ་ཡིན་པས་དབུས་ལ་གནས་པའི་སྐད་ཆ་ཅིག་བཤད། ས་སྒང་འདིའི་སྟེང་གི་བོད་མི་རིགས་ཀྱི་ཁྲོད་ན་སྐར་ཆེན་ལྟར་འོད་དུ་འཚེར་བའི་སྐྱེས་བུ་མང་བ་དང་ཟམ་གདོང་ནི་ཐོ་རངས་ཀྱི་སྐར་མ་འོད་ཆེན་དེ་ཡིན། ཟམ་གདོང་ནི་བཙན་བྱོལ་བོད་མི་ཁྲོད་ན་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་སུ་ལ་ཡང་བསྙོན་དུ་མེད། དེའི་ཆ་ནས་ཁོའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་འོས་པ་ཡིན།
འཁྲུངས་སྐར་་རྟེན་འབྲེལ་ཞུ།
ཟམ་གདོང་ཚང་དགེ་སློང་འདུལ་བ་འཛིན་པ་ཨེ་རེད་ཅེ་ན་རེད། ཆབ་སྲིད་པ་ཨེ་རེད་ཅེ་ན་རེད། གོང་ས་མཆོག་ལ་ལྷག་བསམ་རྩེ་གཅིག་ཨེ་རེད་ལབ་ན་རེད། མཁས་པ་ཨེ་རེད་ལབ་ན་མི་ཤེས། རྩོམ་པ་པོ་ཨེ་རེད་ལབ་ན་མི་ཤེས། བོད་ཀྱི་རིག་གཞུང་ལ་ཤ་ཨེ་ཚ་ལབ་ན་མི་ཤེས།
ཆེས་མཆོག་ཏུ་བཀུར་འོས།
མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་དོན་བཞིར་སོན་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། སྐུ་ཚེ་ཡུན་དུ་བརྟན་ཅིང་རླབས་ཆེན་ཐུགས་བཞེད་ཐ་དག་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།།
ལྔ་རིག་ཆུ་བོར་གནའ་དེང་ཟམ་ཆེན་བཙུགས།།
གདོང་དམར་མི་རིགས་རྟོག་སད་གླིང་དུ་འཁྲིད།
ཕས་རྒོལ་མི་སྨྲའི་རྟུལ་ཞུགས་སྟེར་མཁས་ཤིག།
ཟམ་གདོང་རིན་པོ་ཆེ་ལ་གསོལ་བ་འདེབས།།
ཁོང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ་ཡིན། ངའི་རྟེན་འབྲེལ་ཞུ་ཚིག་འདིས་ཁོང་གི་ཡོན་ཏན་ཇེ་མཐོར་གཏོང་མི་ཐུབ་ལ་སྐྱོན་གྱི་ཆ་དག་ཀྱང་འགེབ་མི་ཐུབ།
དགེ་སློང་འདུལ་བ་འཛིན་པ་དང་། །
ཆབ་སྲིད་དྲང་བདེན་སྐྱོང་བ་པོ། །
བོད་ཡིག་དཔེ་དེབ་ཟུར་ཟ་བ། །
ཟམ་གདོང་སྐྱེས་སྐར་རྟེན་འབྲེལ་ཞུ། །
སྲིན་བྱ་རེ་བཟུང་ཞིག་རང་གིས་རང་གི་ཁེ་ཕན་དང་མཐུན་མ་མཐུན་གྱི་སྒོ་ནས་ཟམ་གདོང་བླ་མར་མཐོ་བཤད་དམའ་བཤད་ཅི་ཞིག་བཏང་ཡང་། བོད་ཀྱི་དཀྱོགས་མཚམས་ཆེ་བའི་དུས་སྐབས་དེར་ཁོང་གི་མཛད་པ་རྣམ་མཐར་ནི་གངས་ཅན་པའི་ལོ་རྒྱུས་ནང་དུས་ནམ་ཡང་གཟི་འོད་འཕྲོ་བཞིན་དུ་གནས་རྒྱུ་དང། ཟུར་གནས་སྐྱེ་བོ་ཀུན་གྱི་སེམས་ཁོོངས་ནས་ནམ་ཡང་བསྟོད་པའི་མེ་ཏོག་འཐོར་བཞིན་གནས་རྒྱུ་མ་ཟད་་། རྗེས་རབས་བོད་མི་ཚོས་གངས་ཅན་པའི་ལོ་རྒྱུས་ནང་རྗེས་དྲན་བྱ་ཡུལ་གྱི་གངས་ཅན་པའི་སྐྱེས་བུ་དམ་པ་ཞིག་ཏུ་བགྲངས་ངེས་རེད། དེ་རིང་གང་ཉིད་དགུང་གྲངས་༧༤ སྐུའི་འཁྲུངས་སྐར་ལ་ལྷག་བསམ་གྱི་དྲི་མེད་དར་དཀར་གྱིས་སྣེ་དྲངས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་མ་ཟད་སྐུ་ཚེ་བརྟན་པ་དང་ཐུགས་ཀྱི་དགོངས་པ་ཅི་མཆིས་གེགས་མེད་དུ་གྲུབ་པར་སྨོན།།
ཟམ་གདོང་པར་རྟེན་འབྲེལ་ཞུ།
ནམ་ཡང་བོད་ལ་ཞེན་པ་དཀར་པོའི་མདངས།།
ནམ་ཡང་སྙིང་གི་དབུས་ན་གནས་པ་ལས།།
ནམ་ཡང་ཁ་བ་ཅན་གྱི་རྗེ་འབངས་ལ།།
ནམ་ཡང་སྲི་ཞུ་བསྒྲུབས་པའི་ཕ་བཟང་བུ།།
ལོ་མང་སྔོན་གྱི་ཉིན་གཅིག་ང་སྨན་རྩིས་ཁང་གི་སྒོ་འགྲམ་གྱི་རྒྱ་གར་ཇ་འཚོང་རྒད་པོ་དེའི་ཇ་ཁང་ནང་ཡོད། ངས་ཇ་མངར་མོ་སྤངས་ཟིན་པས་ཁུ་ནག་ཅིག་འཐུང་བཞིན་བསྡད། སྐབས་ཤིག་བླ་རྒན་མགོ་དཀར་པོ་ཞིག་གིས་ལག་ཏུ་རས་ཁུག་ཅིག་བཟུང་ནས་བསླེབས་སོང་། རྒྱ་གར་རྒན་པོས་གུ་རུ་རྗེ་ཟེར་ཞོར་ཁོང་གི་ལག་ཏུ་ཇ་ཚ་བོ་ཞིག་བཞག་སོང་། ཁོང་གིས་ཇ་དེ་འཐུང་ཞོར་ཡར་ལྟ་མར་ལྟ་བྱེད་བཞིན་འདུག ངའི་སེམས་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་རྒན་རྡ་སར་གསུང་ཆོས་ཞུ་རུ་བསླེབས་པ་དེ་འདྲ་ཞིག་མིན་ནམ་བསམས་སོང་། རྗེས་སུ་གྲོགས་པོ་ཞིག་གིས་ཁོང་སྤྱི་འཐུས་ཚོགས་གཙོ་རེད་ཟེར། ཁོང་དེ་དེ་འདྲའི་མི་ཉམ་ཆུང་ཞིག་འདུག་ཨ་བསམས་སོང་།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ཆུང་དུས་ཤེས་ཡོན་སྦྱང་པར།
བརྩོན་པ་ཧུར་ལེན་མཛད་ནས།
ཆོས་སྲིད་གཉིས་ཀྱི་གཤོག་པ།
རྒྱས་པའི་རྟེན་འབྲེལ་འགྲིགས་ཤག
ཧིན་དབྱིན་གཉིས་ཀར་བྱང་བའི།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
བར་ལ་སྤྱི་ཚོགས་ཕན་བདེ།
ཁྱེད་ཀྱིས་ལེགས་པར་བསྐྱངས་འདུག
བོད་འབངས་ཤེས་རིག་སྒོ་མོ།
ཡངས་ཤིང་ཟབ་པར་ཕྱེ་བ།
སློབ་དགེ་ལོ་མང་མཛད་པའི།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
མཐའ་མར་རྒྱལ་བའི་དགོངས་པ།
བདེ་བླག་སྒྲུབ་པའི་ཆེད་དུ།
ཆོས་སྲིད་ཁྲི་ལ་བྱོན་ནས།
རང་དབང་འཐབ་རྩོད་གནང་བ།
སྤྱི་འཐུས་བཀའ་ཁྲི་སོགས་པའི།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ད་ལྟ་རྒྱལ་བའི་དགོངས་པ།
ཕྱོགས་བཞིར་སྒྲོག་པའི་ཁུ་བྱུག
ཞི་བདེའི་ཕོ་ཉ་ཆེན་མོ།
རྒྱལ་བའི་ཐུགས་སྲས་དབང་པོ།
ཀུན་གྱི་ཚད་མར་འཛིན་པའི།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ལེགས་ཉེས་བླངས་དོར་མཁས་ཤིང་།
དགེ་སྡིག་བླངས་དོར་ཟབ་པ།
ཆོས་དང་ཆོས་མིན་མཁྱེན་ཞིང་།
དྲང་བདེན་ངེས་དོན་མཁས་པ།
ཐོས་བསམ་སྒོམ་ལ་སྦྱོར་མཁན།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ཆོས་སྲིད་ཤེས་བྱའི་གཟེགས་མ།
ཡིག་ངག་ལམ་ནས་འདྲེན་མཁས།
བློ་གསར་དགའ་བ་འཕེལ་ཞིང་།
མཁས་པའི་རྣམ་དཔྱོད་མགུ་བ།
གཟུར་གནས་ངོ་མཚར་སྐྱེས་པའི།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
སྐྱེ་ཤི་བར་དོ་ཕྱི་མ།
རང་རིགས་བདེ་བའི་ཆེད་དུ།
སྒོ་གསུམ་དུས་གསུམ་བཀོལ་ཞིང་།
ཉིན་མཚན་རང་རེའི་སླད་དུ།
རྟག་ཏུ་བསྔོ་བར་མཛད་མཁན།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ཕྱི་ཐག་རིང་བའི་ཟམ་གདོང་།
ཕུགས་ཐག་རིང་བའི་ཟམ་གདོང་།
འཕེན་པ་རིང་བའི་ཟམ་གདོང་།
ཕན་བདེའི་འབྱུང་གནས་ཟམ་གདོང་།
ཕུན་སུམ་ཚོགས་པའི་ཟམ་གདོང་།
ཁྱེད་ལ་ཡིད་སྨོན་ཤོར་བྱུང་།
ཟམ་གདོང་རིན་པོ་ཆེས་བཙན་བྱོལ་ནང་དུ་ཤེས་རིག་ཡར་རྒྱས་སུ་བཏངས་འདུག་ཟེར་བ་ལ་མོས་མཐུན་མེད། བཙན་བྱོལ་སློབ་མ་ཚོའི་བོད་ཡིག་གི་གནས་ཚད་ཤིན་ཏུ་སྐྱོ་བོ་རེད་འདུག་པས་སོ། འོན་ཀྱང་ཟམ་གདོང་རིན་པོ་ཆེར་མཛད་རྗེས་གཞན་མང་བོ་ཡོད་པ་སྨོས་མ་དགོས་སོ། སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་དང་བཅས། །
བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིད་རྣམ་ཀུན་ཏུ། །མཆོག་ཏུ་གུས་པས་ཕྱག་བྱའོ། །ཞེས་པ་ལྟར་དེ་རིང་ཁང་གསར་ལགས་ནས་བསྟོད་པར་འོས་པའི་རིགས་ལ་ཟུར་གནས་ཀྱི་ཐོག་ནས་བསྟོད་ཕྱག་བྱས་པ་དེར་ཡིད་ཤིན་ཏུ་ཐད། བཙན་བྱོལ་གཞི་རིམ་བོད་མི་ཚང་མས་ཟམ་གདོང་རིན་པོ་ཆེས་ལོ་ལྔ་བཅུའི་རིང་གང་གནང་ཐམས་ཅད་མ་གོ་བ་དང་མ་མཐོང་བ་མེད་ཅིང་། ཀུན་གྱིས་བཀུན་བར་བྱེད་ཀྱང། ཁོང་གྲོས་ཚོགས་སུ་ཕྱག་ལས་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་ཀླད་མེད་ཕྱོགས་རིས་ཅན། སྤྱི་དོན་ཁ་འཁྱེར། སྒེར་དོན་ཁོག་བཅུག་པ་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་རེ་གཉིས་དང་། ཁོང་འཛིན་སྐྱོང་ནང་ཕྱག་ལས་གནང་སྐབས་སྐུ་ངོ་ཆེན་པོར་རློམ་པ་སྤྱི་པའི་རྐུབ་སྟེགས་སྟེང་ནས་མི་མང་གི་མགོར་རྐང་རྐྱང་ལག་རྐྱང་བྱས་ནས་སྐྱིད་ཉལ་རྒྱག་མཁན་འགའ་ཤས་དང་། ཁོང་དགའ་ལྡན་ཕོ་བྲང་ནང་ཕྱག་ལས་གནང་སྐབས་བོད་རྙིང་པའི་སྤྱི་ཚོགས་ནང་རྩེ་ཤོད་ཀྱི་ལས་ཀ་ལོ་རེ་གཉིས་བྱས་པ་དེ་ཁ་ལ་འཁྱེར་ནས་དགའ་ལྡན་ཕོ་བྲང་གི་བླ་བྲང་ནང་སྐྱིད་ཉལ་བརྒྱབ་ནས་སྡོད་མཁན་སྐྱིད་མ་འཁྱོག་པ་༸གོང་ས་ཆེན་པོར་ཡང་ཟུར་ཟ་རྐྱང་བྱས་ནས་སྡོད་མཁན་རེ་གཉིས་བཅས་ནས་རིན་པོ་ཆེའི་རླབས་ཆེ་བའི་མཛད་པས་ཁོ་ཚོ་གང་བྱུང་གང་དྲན་བྱེད་ས་མ་རག་པ་དེའི་སྙིང་ནད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཟམ་གདོང་རིན་པོ་ཆེ་ནག་པོ་བཟོ་ཐབས་ཀྱང་བྱས་ནས་མཐོ་༸རྒྱལ་བ་རིན་པོ་ཆེ་ནས་དམའ་མི་སེར་དཀྱུས་མ་ཡན་གྱི་རྣ་བར་སྐབས་རེ་བདུད་རེད་མདོག་མདོག སྐབས་རེ་དམ་ཉམས་རེད་མདོག་མདོག སྐབས་རེ་རྒྱ་མཐུན་རེད་མདོག་མདོག སྐབས་རེ་དོལ་མཐུན་རེད་མདོག་མདོག་གིས་སྐབས་རེ་ཡི་གེ་བྲིས་ནས་ཕར་གཏོང་ཚུར་བྱེད་པ། སྐབས་རེ་སྐད་ཆ་བཀྲམ་པ། སྐབས་རེ་རྣ་རྩར་ཤབ་ཤུབ་ཀྱིས་ཤོད་པ་སོགས་འདྲ་མིན་བྱེད་མཁན་དེ་ཚོ་ཡང་དེ་རིང་དྲན་གསོ་བྱེད་དགོས། དེ་ཚོའི་ནང་སྐྱ་མི་ཕོ་མོ་དང་། གྲྭ་ལོག ད་དུང་སེར་མོ་བ་ལུས་ལ་གྲྭ་ཆས་གྱོན་ནས་ཉིན་མཚན་བསམ་རྒྱུ་གཞན་ལ་བསམ་རྣག་བྱེད་རྒྱུ་རཀྱང་དྲན་སྡོད་མཁན་གྱི་རིགས་ཀྱང་ཡོད། ཁོང་ཚོ་ཕལ་ཆེ་བ་རྒད་པོ་རྒད་མོ་རེད།
བླ་ཆེན་ཞིག་གི་རྫིག་ཉམས་མི་སྟོན་ཞིང་།།
གྲྭ་རྐྱང་ཞིག་གི་བཟོ་ཡང་མི་གནང་བ།།
བླ་ཆེན་གྲྭ་རྐྱང་བར་གྱི་དབུ་མ་པ།།
དྷ་སའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།།
ཆེན་པོའི་མདུན་ནས་མགོ་བོ་མི་སྒུལ་ཞིང་།།
ཉམ་ཆུང་དག་ལའང་ཁྱད་གསོད་མི་གནང་བ།།
མཐོ་དམན་གཉིས་ཀའི་བར་གྱི་དབུ་མ་པ།།
དྷ་སའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།།
བཙན་པོའི་ཚིག་གིས་འདུ་ཐབས་མི་གནང་ཞིང་།།
འཇམ་པོའི་ངག་གིས་བསུ་བའང་མི་གནང་བར།།
འཇམ་རྩུབ་གཉིས་ཀའི་བར་གྱི་དབུ་མ་པ།།
དྷ་སའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།
གང་ལྟར་ཟམ་གདོང་འདིས་བོད་འདི་ཡར་ལང་མེད་པ་བཟོས་པས། སྐྱེ་སྐར་ལ་འཚམས་འདྲི་མི་བྱེད།
མི་སྣང་བ་སྐྱིད་པོ་ཞིག་གིས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ཕར་ཕུད། གཞན་དག་ཚང་མ་སྐྱག་པ་ཟོ་ཞེས་ལབ་པ་རེད། བསམ་བློ་ཞིབ་པར་བཏང་དུས་དེ་ལས་ལྷག་པའི་སྡོམ་ཚིག་ཅིག་ད་བར་རྙེད་མ་སོང་།
ཞོགས་པར་མཆན་པུ་བཏབ་ཡིན་འགྲོ་མི་འདུག མི་སྐྱོན་ངས་བཤད་འདོད་པ་གཞན་གྱིས་བརྗོད་འདུག ཅིག་ལྷག་ཡོད་ནི་ཁོང་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་གཅིག་པུ་རེད། འཁྲུངས་སྐར་ལ་རྟེན་དང་སྦྲགས་སྐུ་ཡུན་རིང་བརྟན་ཅིང་མཛད་འཕྲིན་གླིང་བཞིར་ཁྱབ་པའི་སྨོན་འདུན་ཞུ།
ཁང་གསར་གྱི་སྐད་ཆ་འདི་དོན་ལ་གནས། འོན་ཀྱང་ཕྱོགས་དང་རིས་ལ་དབང་བ་འགའ་ཞིག་གིས་ནི་ནམ་ཡང་བཟང་པོའི་ཡོན་ཏན་མ་མཐོང་བར་ཅི་མི་སྙམ་པའི་སྒོ་གསུམ་གྱི་སྤྱོད་པ་བསྟན་དང་སྟོན་པ་ནི་བོད་སྤྱི་མཐུན་བསོད་ནམས་ཟད་རྐྱེན་ཡིན་པ་དེ་རྒྱུ་མཚན་རང་སྟེང་ནས་ངོ་འཕྲོད་པ་ཞིག་བྱུང་ན་ཀུན་ཏུ་དགེ་བའི་རྒྱུ་ཁོ་ནར་མཐོང།
ཆོས་རྒྱལ་སྲོང་བཙན་དུས་ཀྱི་མགར་སྟོང་བཙན་དང་། ༸གོང་ས་བཅུ་བཞི་པའི་དུས་ཀྱི་ཟམ་གདོང་རིན་པོ་ཆེ་གཉིས་བོད་ཀྱི་བྱུང་བ་རིག་པའི་ངོགས་ནས་ནམ་ཡང་ཟུབ་མི་སྲིད་པའི་རླབས་ཆེན་མི་སྣ་གཉིས་རེད།
མཁས་དང་གྲུབ་པའི་དབང་ཕྱུག་ཟམ་གདོང་རིན་པོ་ཆེ་མཆོག་༡༩༧༠པའི་མའི་མཇུག་ཙམ་ལ་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་པོའི་ངེས་སྟོན་པའི་ཕྱག་ལས་མཛད་པར་ཕེབས། དེའི་སྔོན་དུ། བདག་ལ་མཐོ་སློབ་འཛུགས་པར་བོད་ཀྱི་ཕྱག་ལས་མཛད་པོ་དག་དང་། རྒྱ་གར་མཁས་པ་བོད་རིག་གཞུང་གཅེས་པ་དག་དང་ལྷན་དུ། གསུང་སྐད་སྒྱུར་བ་དང་ཧིནྡཱིའི་ཡི་གེར་འབྲི་བ་དྭངས་བླངས་ཀྱིས་ཞབས་ཏོག་ཞུ་བའི་སྐལ་བ་བཟང་པོ་ཐོབ་པའི་འབྲས་བུར་ཁོ་བོ་ཡང་མཐོ་སློབ་ཀྱི་སློབ་དགེ་གྲས་སུ་བརྐོས། འཛིན་གྲྭ་གོང་མར་རྙོག་དྲ་མེད་ཀྱང་། འཛིན་གྲྭ་འོག་མར་དགེ་ལྡན་པའི་སློབ་གཉེར་པ་ཉུང་ཐར་ཡང་ལོ་ངོ་བཅུ་གྲངས་སུ་སྦག་སར་མཚན་ཀྱི་སློབ་སྦྱོང་མཛད་ཡོད་པ་དང་། ཆོས་ལུགས་གཞན་དག་ཕལ་ཆེར་གཞི་རིམ་སློབ་གྲྭ་དག་ནས་སླེབས་པར་སྡེབས་གཅིག་ཏུ་སློབ་གཉེར་པ་བཞི་བཅུ་ཙམ་གྱི་འཛིན་གྲྭ་ལེན་པ་ན་རྙོག་དྲ་འབྱུང་བ་ཐག་ཆོད། ཉིན་ཅིག་ཟུང་རིན་པོ་ཆེ་སློབ་གྲྭ་ཆེན་པོ་དེའི་ངེས་སྟོན་པ་དང་པོ་ཡིན་པའི་སྐུ་གམ་དུ་བྱ་བ་ཞིག་གི་ཆེད་དུ་བཅར་བ་ན། ཞར་འབྱུང་དུ་ང་ལ་ཡང་ཁྲིམས་སྐྱོང་མི་ཤེས་ཞེས་ཁ་གཏོང་། དགེ་ལུགས་པ་ལ་ཕན་ཐོགས་ཀྱི་མི་འདུག་ཅེས་ཁྱེད་རང་ལ་ཡང་ཁ་གཏོང་། ཁྱེད་རང་གིས་འཛིན་གྲྭར་གོང་མར་སློབས། འོག་མར་སློབ་པ་དབྱུག་ཤོག་གསུངས་པས་། དེའི་རྐྱེན་གྱིས་བདག་གཞན་ཞིག་ཏུ་འགྲོ་བ་ཐག་བཅད། ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོར་ལེགས་སྦྱར་དང་བོད་རིག་གཞུང་གི་སློབ་དགེ་ཞིག་དགོས་པར་བདག་གིས་དེར་འགྲོ་རྩིས་བྱེད་པ་ན། ཟམ་གདོང་རིན་པོ་ཆེས་འདིར་སློབ་དགེ་ཆེ་བ་གཉིས་ཀྱི་གོ་གནས་འཐོན་ཡོད་པ་ནས། གཅིག་ཁྱེད་རང་ལ་སྤྲད་ཆོག་མ་འགྲོ་གསུངས་ཀྱང་། བདག་རང་གཞུང་ལུགས་ལ་སྦྱངས་པ་དམན་པས། ལྡི་ལིར་འགྲོ་བའི་ཆོག་མཆན་བཀའ་བཀྲོལ་ཞུ་དུས་དགག་ཆ་གང་ཡང་མེད་པར་ཆོག་མཆན་སྩལ། ལོ་གཉིས་རྗེས་རྡོ་རྗེ་གདན་དུ། ༧གོང་ས་མཆོག་གིས་༡༩༧༤ལོར་དུས་འཁོར་དབང་ཆེན་སྩོལ་སྐབས་སུ། མཐོ་རིམ་སློབ་གྲྭའི་སློབ་དགེ་རྣམས་དང་ཟམ་གདོང་རིན་པོ་ཆེ་ཡང་མ་ག་དྷ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁང་པ་གཡར་ནས་བཞུགས་པས། བདག་ཀྱང་དེ་ན་ཡོད་པ་ཨ་རིར་འགྲོ་བ་གསན་ཏེ། བོད་དང་ལེགས་སྦྱར་སྐད་སྦྱང་ནས། རྒྱ་གར་དུ་མ་བསྡད་པར་ཨ་རི་སོགས་སུ་འགྲོ་བ་ཕངས་པ་ཡིན་ག༷༷སུངས། དེའི་རྗེས་ཨ་རི་དང་། ཆོས་འཁོར་གནས་སོགས་སུ་ལན་འགའ་མཇལ། མཇལ་དུས་ཐ་ཤལ་བ་བདག་ལྟ་བུ་ལ་ཡང་ནམ་ཡིན་རུང་ཡར་བཞེངས་ཏེ། བསུ་བ་མཛད།
ཉེ་དུས་རྡོ་རྗེ་གདན་དུ། བརྒྱད་ཁྲི་བཞི་སྟོང་གི་བཀའ་འགྱུར་སྒྱུར་བའི་ཚོགས་འདུས་ལ་བྱོན་ཏེ། སློབ་དཔོན་སེམས་པ་རྡོ་རྗེ་དང་། བདག་ལ་གཟིགས་ཏེ། ཁོང་རྣམས་བདག་གི་གྲོགས་པོ་རྙིང་པ་ཡིན་གསུང་བཞིན་ཞལ་འཛུམས་ཀྱིས་ཕྱག་བརྐྱངས་པར་མཛད།
ཞལ་འགྱེས་དུས་བདག་གིས་བོད་ཀྱི་རིག་གཞུང་སྐད་ཀྱི་སྲུང་སྐྱོབ་ལ་དྭགས་སོགས་རི་བོ་གངས་ལྗོངས་སུ་སྐྱེས་དགུ་ཀུན་གྱིས་གསར་ཤོག་ཆོས་སྐད་དུ་བྲིས་པ་ཀློག་པའི་སྲོལ་འཛུགས་པར་༧་རྒྱལ་བ་རིན་པོ་ཆེ་གཀའ་སློབ་ཞུས་དགོས་པ་མེད་དུ་མི་རུང་བ་ཡིན་པས། དེ་ལྟར་འབྱུང་བ་ལ་གྲོགས་མཛོད་ཞུས་པ་བཞིན་ཞལ་འཛུམ་གྱི་ཞལ་བཞེས་མཛད་པར་ཡིད་སྤྲོ་བ་བྱུང་། སླར་རིན་པོ་ཆེ་མཆོག་གིས་རྒྱ་གར་མེས་པོ་དམ་པ་གནྡྷིའི་ཀུན་སྤྱོད་བདག་གིར་བཞེས་ཏེ། བོད་མི་མངས་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཐུགས་ཁུར་བསྣམས་ཏེ། མཛད་པ་འཕྲིན་ལས་གོང་དུ་འཕེལ་བཞིན་སྐུའི་ཞབས་པད་བརྟན་པར་ཡིད་སྨོན་ཞུའོ། །
མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐུ་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ།མཆན་བུ་འདེབས་མཁན་གྲལ་ན་ཉོག་གཏམ་བཤད་མཁན་དག་ལ་ཁྱི་ཁ་བཙུམ་གསེར་ས་ན་ཡོད་ན་འོད་གནམ་ན་འཕྲོ་ཞེས་ལྟ་བུའོ།
ཧི་མ་ལ་ཡའི་གངས་རིའི་མཐོ་ཚད་ནམ་མཁའི་གཟེངས་སུ་མཐོ། གཡང་གཟར་འཆག་རུམ་གྲང་ངར་བཟོད་བསྲན་བྱེད་པའི་དོ་ཟླ་བྲལ།
རི་གཟར་རྦབ་ལས་རྒོད་པའི་དགྲ་བོའི་རྒོལ་བརྡུངས་འཇིགས་ཡེར་བ། གསར་འབྱོར་འདི་ཚོའི་ལས་དབང་གླེང་ན་སྐྱོ་བས་མཆིལ་མ་འཆོར།
ཕྱི་རོལ་དགྲ་བོའི་འོག་ཏུ་འདུག་ཐབས་བྲལ་ནས་གཞན་ཡུལ་གྱར། བློ་གཏད་བཙན་བྱོལ་གཞུང་ལ་བཅོལ་ནས་ཡོང་བའི་གསར་འབྱོར་བ།
ལེགས་པའི་གཟེངས་བསྟོད་ཕར་ཞོག་ངན་པའི་སྐྱོན་འཛུགས་མདའ་མོ་ཞིག། ཟམ་གདོང་ཁ་ཡི་བཞུ་མོ་བཀོང་ནས་གསར་འབྱོར་སྙིང་ལ་འཕང།
གསར་འབྱོར་རྒྱ་གར་ཡོང་དོན་འཐོབ་དང་སྐྱིད་ཉལ་ཁོ་ན་ལས། གཞན་གྱི་དམིག་ཡུལ་གང་ཡང་མེད་རབ་སོག་སློབ་ནང་དུ་བཤད།
གཞིས་བྱེས་འབྲེལ་ཐག་ཆད་དུས་སྡུག་སྐད་རི་རབ་འདར་བ་ཞིག། དེ་ནི་སྲིད་བློན་བླ་མས་སྲིད་དོན་བྱ་ཉེས་ཆེན་པོ་ཞིག།
བློ་ཆུང་མཁོས་སྡུག་སྲིད་ཀྱི་ཁྲི་ལ་འཛེགས་དུས་རང་བཙན་དོར། ཀླད་པ་ལྗང་ཁུའི་ཕྱོགས་ཞེན་དེ་ཡི་ཆོས་ལུགས་འཐེན་འཁྱེར་བྱས།
གཞིས་བྱེས་བར་ལ་གཡེན་དཀྲུག་ཕྲ་མས་མཚོན་གྱི་བར་ཐག་བཅད། རང་ཚུགས་མ་ཐུབ་རང་བཙན་མིན་པའི་ཡིག་ཆ་རྒྱ་ལག་སྤྲད།
མ་འཇོན་ལས་ཉེས་དེ་ཚོ་གནས་ཆུང་ལྷ་ཡི་ལུང་བསྟན་འམ། ཡང་ན་གོང་ས་མཆོག་གི་བཀའ་བཞིན་སྒྲུབས་ཀྱི་ཡིན་ནོ་སྐད།
ཆོས་མིན་སྲིད་མིན་དེ་དང་དེ་འདྲའི་རིགས་ཀྱི་མགོ་རིལ་ཚོས། ཐ་མ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཕུང་ལ་སྦྱར།
མར་ལེ་རིང་ལུགས་སྦྱངས་བའི་རྟོགས་དམན་པོ།
མི་བཀོལ་དགོས་སར་རང་ཉིད་བཀོལ་བ་པོ།
ཨ་མདོའི་མཁས་པས་ཁ་ནས་འཆི་ལ་ཁད།
དོལ་ཚོགས་ལག་ནང་མེ་རུ་འབར་ལ་ཁད།
ཏཱ་ལའི་ལག་རྟེན་ལག་ཏུ་འཛིན་པ་ཕོ།
རྒྱ་ནག་གཞུང་ལ་མཛུམ་མདངས་སྟོན་པ་ཕོ།
འཁྱམས་པོར་བདེན་པའི་ཨུ་ཚུགས་བཤད་པ་ཕོ།
ཕྱུག་པོ་འདུག་སར་སྤྲང་མདོག་སྟོན་པ་ཕོ།
རྒྱ་གར་རྒྱལ་བོ་གནས་ཚང་བྱེད་པོ།
རྒྱ་ནག་རྒྱལ་བོར་ངོ་ཚ་སྟོན་པ་པོ།
ཆོས་ལ་ཆགས་ནས་བསུན་བགྱི་མེད་པ་པོ།
མགོ་རིལ་འདི་འདྲར་ཨ་མས་ཅིའི་ཕྱིར་འདུད།
ཨ་མས་ཉི་ཟླ་ཁ་ནས་བཏོན་ཏོན་ནས།
ནམ་མཁར་མི་ཤོང་རྡ་རམ་ས་རུ་བསྐྱལ།
དགོས་འཁོ་མེད་པའི་ཆབ་སྲིད་བཤད་བཤད་ནས།
ཨ་རིར་འབྱོར་ཀྱང་ཟམ་གདོང་དབུ་དཀར་དྲན།
རྩོམ་པ་པོ་སྤྲོ་ཚིགས་ཆོས་གྲགས་ལགས།
རྩོམ་པ་པོ་ཁང་གསར་རྡོ་རྗེའི་རྩོམ་ཡིག་ཏུ་བྲིས་པའི་རྒྱུ་མཚན་ཁག་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཡོད། འདིར་ཕྲན་གྱིས་ཀྱང་ཁ་སྣོན་དོན་ཚན་ལྔ་བགྲང་གི་ཡིན།
༡) མི་རིགས་རང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་བོ་དང་ཕན་ནུས་སོགས་ཀྱི་སྐོར་ལ་སེང་གེ་ལྟ་སྟངས་ཀྱིས་དབྱེ་ཞིབ་ཕྱོགས་བསྡོམས་གནང་སྟེ། རིགས་ཞེན་གོག་པོ་ཞིག་གིས་ཆོས་དང་སྲོལ་རྒྱུན་ལ་བག་ཚ་མེད་པར་རྒོལ་བའི་བོད་ཕྱི་ནང་གི་བྱིས་པ་ཚོར་ཡང་དག་པའི་བློ་མིག་ཅིག་སྩལ་ཡོད་པ་དང་གཅིག
༢) དེ་སྔ་བཀའ་ཁྲི་གནང་རིང་ཀྲུང་གུང་སྲིད་གཞུང་ལ་མེས་ཚིག་མེར་གཏུགས་ཀྱིས་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། བོད་རྒྱ་ཞི་མོལ་ཡོང་བར་འབད་བརྩོན་དང་ཉེར་བསྡོགས་ཀྱི་སྦྱོར་བ་གང་མང་བརྩམས་གནང་མཛད་ཡོད་ཅིང་། གལ་སྲིད་བོད་རྒྱ་ཞི་མོལ་འདི་ལ་གྲུབ་འབྲས་ལམ་ལྷོང་མ་བྱུང་ན་དེའི་འགན་དང་ལེ་ཁག་ཐམས་ཅད་རྒྱ་ཕྱོགས་ལ་ཡོད་པ་ཁྲིམས་ལུགས་དང་བཟང་སྤྱོད་ངོས་ནས་གསལ་པོ་བཟོས་ཡོད་པ་དང་གཉིས།
༣) མཐོ་དམན་སུ་ཞིག་གིས་མཇལ་ཡང་འདྲ་མཉམ་གྱི་གཟིགས་སྟངས་འཛིན་པ་དང་། བཤད་མཁན་གྱི་གང་ཟག་མི་ཆེ་ཆུང་ལ་མ་ལྟོས་པར་སྐད་ཆ་ལ་རྒྱུ་མཚན་ཡོད་ན་དང་དུ་ལེན་ཞིང་། ལག་ལེན་ལ་འདེབས་པའི་རྒྱུ་མཚན་ལ་རྟོན་པའི་ཐུགས་གཤིས་བཟང་པོ་ཞིག་ཡོད་པ་དང་གསུམ།
༤) བརྗོད་གཞི་གང་ཞིག་གི་སྐོར་ལ་གསུང་བཤད་གནང་ནའང་ཞིབ་འཇུག་གི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཡོད་པ་དང་བཞི།
༥) བརྟག་དཔྱད་ཞིབ་འཇུག་མི་དགོས་པར་ཚོར་སྣང་དང་ཕྱོགས་ལྷུང་གིས་གཞི་མེད་སྐུར་འདེབས་དང་ལོག་སྒྲོག་ཅི་རིགས་བྱེད་མཁན་ཡོད་ནའང་། བོད་བསྟན་སྲིད་དང་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་ཁག་མངོན་གྱུར་ཡོང་ཆེེད་གཞར་ཡང་ཞུམ་པའི་སྙིང་སྟོབས་ལྡན་པ་དང་ལྔ། །
རིགས་སློབ་བློ་སྦྱིན།
རྣམ་དཔྱོད་ཀྱི་བློ་མིག་ཡངས་པོ་དང་དྲང་པོར་ཕྱེ་བའི་རྩོམ་པ་པོ་ཁང་སར་རྡོ་རྗེ་ལགས་དང་རྩོམ་པ་པོ་དང་དགེ་རྒན་སྤྲོ་ཚིགས་གཉིས་ཀྱིས་གསུང་ལ་མངོན་པར་བསྟོད་དེ་ལེགས་སོ་ཞུ་བ་དང་ཆབས་ཅིག་ཏུ་གུས་པས་ཀྱང་ད་དུང་རྒྱུ་མཚན་འགའ་དྲན་སྐུལ་ཞུ་འདོད་བྱུང་།
༡ རང་ལུགས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་མིང་སྐམ་པོའི་ཆོ་ལོ་ཙམ་མིན་པར་ངེས་པ་དོན་གྱི་མཁས་པ་ཙམ་མ་ཟད་མཁས་པའི་དབང་པོར་བཞེངས་པ་ནི་རྒྱུ་མཚན་དང་པོ།
༢ བསྟན་པ་མཐའ་དག་ལ་ཉམས་བཞེས་མཛད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ནི་རྒྱུ་མཚན་གཉིས་པ།
༣ རང་ཉིད་ཀུན་གྱིས་གཙུག་ཏུ་བཀུར་ན་ཡང་དགེ་བའི་བཤེས་གཉེན་སྲོག་དང་བསྡོས་ཏེ་མཉེས་པ་གསུམ་གྱི་སྒོ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཏུ་བསྟེན་ཏེ་ངེས་པ་དོན་གྱིས་བཀའ་གདམས་པའི་སྤྱི་མེས་དགེ་བཤེས་འབྲོམ་སྟོན་པའི་སྐུར་བཞེངས་པ་ནི་གསུམ་པ།
༤ ༸གོང་ས་མཆོག་གི་ཕྱག་སྟོང་སྤྱན་སྟོང་ནང་གི་གཙོ་ཕྱག་གཡས་པ་མཛད་དེ་གནའ་ནས་ད་བར་མགོན་པོ་གང་ཉིད་ཀྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སྐྱེ་འགྲོ་སེམས་ཅན་སྤྱི་དང་ལྷག་པར་དུ་ལས་ཀྱིས་འབྲེལ་བའི་བོད་ཁ་བ་གངས་ཅན་པའི་བསྟན་སྲིད་སྤྱི་བྱེའི་ཆེད་ཁོ་ནར་བཏང་སྟེ་རིགས་ཀྱི་དཔའ་པོའི་སྐུར་བཞེངས་པ་ནི་རྒྱུ་མཚན་བཞི་བ་དེ་ཡིན་ནོ། །
༸སྐྱབས་རྗེ་མཁས་དབང་བཀའ་ཟུར་རྗེ་བཙུན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དགའ་བ་འབུམ་གྱིས་བསུས་ཏེ་སླད་མར་ཡང་མགོན་པོ་གང་ཉིད་སྐྱེས་འགྲོ་སྤྱི་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་བསྟན་སྲིད་སྤྱི་བྱེའི་ཆེད་སྐུ་ཚེ་ཡུན་རིང་དུ་བརྟན་ཅིང་བསྟན་འགྲོ་སྤྱི་བྱེར་སྨན་པའི་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས་གུས་ཕུལ།
བོད་ཀྱི་ཉི་མ། འཛམ་གླིང་གི་ཐོ་རེངས་སྐར་ཆེན།
ཁྱེད་ཡོད་པས་བོད་པ་ཚང་བློ་བདེ་བག་ཕེབས་ཏོག་ཙམ་བྱུང་།
བཀའ་དྲིན་ཆེ། །
རྟ་བདུན་དབང་པོས་སྨྱོ་བཤད་ཅི་ཞིག་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་ཕྲུག་ཚོའི་བོད་ཡིག་གནས་ཚད་སྐྱོ་པོ་བཟོ་མཁན་ནི་ཟམ་གདོང་རིན་པོ་ཆེའི་གོང་གི་དབུ་ཁྲིད་ཚོ་དང་། ལྷག་པར་རྗེ་བཙུན་པད་མ་སོགས་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དེ་ཚོ་ཡིན་པ་ལས་ཟམ་གདོང་རིན་པོ་ཆེ་མ་རེད། ཁོང་གིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་དེ་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་རེད་ལ། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོའི་བོད་ཡིག་གི་གནས་ཚད་གཞན་ལས་ལྷག་པ་དེ་ཡང་ཁོང་གི་ཕྱག་རྗེས་རེད།
ཁོང་གི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས།
༸མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།།
མཁས་དབང་ཟམ་གདོང་རིན་པོ་མཆོག་གི་འཁྲུངས་སྐར་ལ་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཟམ་གདོང་རིན་པོ་ཆེ་མཆོག་ནི་བོད་མི་ཚོར་སྲིད་དང་ཤེས་ཡོན་ཕྱོོཊ་ནས་དྲིན་ཆེ་བ་མ་ཟད། ངེས་པ་དོན་གྱིས་གཞུང་ལུགས་ཁག་ལ་ནང་བྱན་ཆུབ་པའི་མཁས་དབང་ཞིག་རེད། སྐུ་བརྟན་པའི་སྨོན་པའི་ལམ་འདུན་ཞུ། ངས་ད་བར་བོད་པའི་མཁས་པའི་ཁྲོད་ཤེས་བྱའི་གནས་རྣམས་གཞུང་ལུགས་ལ་ཁུངས་སྐྱེལ་གཙང་མ་གནང་བཞིན་གཏམ་བཤད་མཁན་ཟམ་གདོང་གཙོས་མི་ཉུང་ཤས་མ་་གཏོགས་མཐོང་མ་སོང་།
འཇིགས་མེད་བློ་གྲོས་ལགས་ཀྱིས། སྲོང་བཙན་དུས་ཀྱི་མགར་སྟོང་བཙན་དང་༧བཅུ་བཞི་པ་ཆེན་པོའི་སྐབས་ཀྱི་ཟམ་གདོང་གཉིས་བོད་ཀྱི་བྱུང་བ་རིག་པའི་ངོགས་ནས་ཟུབ་མི་སྲིད་པའི་མི་སྣ་གཉིས་བཤད་པར་བདེན་རྫུན་གྱི་ཆ་འདྲེས་ཡོད་པ་རེད།
བདེེན་པའི་ཆ་དང་འདྲ་ས་ནི། མགར་སྟོང་བཙན་དང་ཟམ་གདོང་གཉིས་ལ་རྒྱ་ཞེན་ཆེན་པོ་ཡོད་པ་དེ་བདེན་པ་རེད་ལ་མགར་གྱིས་བོད་ཀྱི་བཙན་པོར་རྒྱ་མོ་མནའ་མ་བསུས་པའི་བྱས་ཉེས་ཀྱི་ངན་འབྲས་དག་མེད་པ་མ་ཟད་ད་དུང་སྨིན་དང་སྨིན་བཞིན་པ་རེད། ཟམ་གདོང་བླར་རྒན་གྱིས་པེ་ཅིང་དུ་ལན་དགུ་ཕྱག་འཚལ་ནས་བོད་མི་རིགས་འདི་ལ་རང་དབང་གི་འབྱུང་རྩ་དམངས་གཙོ་དང་སྨྲ་བརྗོད་མི་དགོས་པའི་ཡིག་ཆ་ཀྲུང་ནན་ཧེའེ་ལ་སྤྲད་ཟིན་པ་རེད་ལ། བོད་ཀྱི་བྱུང་རབས་དེ་ཐང་ཐང་ཞིག་མེད་པར་མག་མོག་ཡིན་རབས་ཀྱིས་ལོ་རྒྱུས་ལ་ནག་ཐིག་གཅིག་བརྒྱབས་ཡོད་པ་རེད། དེས་ན་ཁོང་གཉིས་ལ་འདྲ་སའི་ཆ་དང་བདེན་པའི་ཆ་རྒྱ་ཞེན་དེ་རེད།
མི་འདྲ་ས་དང་རྫུན་གྱི་ཆ་། མགར་ལ་མཐའ་བཞི་རྒྱལ་ཕྲན་དང་བཅས་པ་དབང་བསྒྱུར་བྱེད་ནུས་པའི་བཙན་པོའི་སྙིང་སྟོབས་དེ་ཡོད་པ་རེད་ལ་ཟམ་གདོང་ལ་སོ་སོའི་སློབ་ཕྲུག་ཀྱང་དབང་བསྒྱུར་བྱེད་ཐུབ་པའི་སྙིང་སྟོབས་དེ་མེད་པ་མ་ཟད། ལྟ་བ་དང་ལང་ཕྱོགས་རང་ཚུགས་མི་ཐུབ་པའི་མགོ་རིལ་གྱི་སྲིད་དོན་ཚོང་པ་འཁྲུལ་མེད་ཅིག་རེད། དེ་ལྟ་བས་ན་བོད་ཀྱི་བྱུང་བ་རིག་པའི་ངོགས་ན་ཟུབ་མི་སྲིད་པའི་བྱས་ཉེས་དེ་མ་གཏོག་རླབས་ཆེན་གྱི་མི་སྣ་གཉིས་ཅང་མ་རེད་དོ།
འོན་ཀྱང་བླ་རྒན་གྱི་སྐྱེས་སྐར་ལ་བཀྲིས་བདེ་ལེགས་གྲངས་མེད་ཡོད་དོ།
ཁང་གསར་གཙོས་དྲ་འབུ་འདི་ཚོ་ཡར་བཤད་དུས་ཡར་མར་བཤད་དུས་མར་ཁྱེད་ཚོ་རང་ཙིག་ཞིག་མི་འདུག། ངོ་མ་
ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་རིང་ཞིང་མཛད་ཕྲིན་རྒྱས་པར་སྨོན། ཞུམ་པ་མེད་པར་སྐུ་ཚེ་དེ་ཉིད་ལ་བོད་ཀྱི་ལུགས་གཉིས་དར་རྒྱས་སྲུང་སྐྱོབས་ཀྱི་བྱ་བ་གནང་བར་བསྔགས་པར་འོས། རང་ཉིད་ལ་མཚོན་ན་བོད་ཀྱི་ཆོས་རིག་ཀྱི་དོན་དུ་ཟླ་བ་གཅིག་གཏོང་བའི་སྤོབས་པ་སྔར་མ་བྱུང་ལ་ཕྱིས་སུའང་དཀའ་བར་སེམས། ཟམ་གདོང་ལ་པཎ་ཆེན་དང་། མཁས་དབང་ཀུན་གྱི་གཙུག་རྒྱན། སྔར་སྐྱེ་མ་མྱོང་པའི་མཁས་དབང་། གྲུབ་པའི་དབང་ཕྱུག་སོགས་ཞུ་མི་ཤེས། རྒྱུ་མཚན་༢་པ་དང་༣་པ་༥་བ་སོགས་འབྲེལ་ཆེ་བ་མ་མཐོང་། ཕྲན་རང་སྔོན་ཆད་དྷ་སར་མཇལ་ཞིང་མཉྫུ་གོང་མའི་ཐོབ་ཐང་གིས་ཁྱབ་ཁོང་དང་རྣམ་གྲངས་ཞིག་དྲིས་པར་ལན་ནི་རྒྱ་བོད་གང་དང་མི་མཐུན་པའི་རང་བཞེད་ཅིག་གསུངས་སོང་། དེ་བཞིན་མཉྫུའི་སྐབས་ཀྱི་རྒྱ་བོད་ཀྱི་འབྲེལ་བ་གསུང་ཞོར་དུ་རྒྱ་ནག་མི་རིགས་དང་དེ་གཉིས་ཐ་དད་ཡིན་པའི་གནས་ཚུལ་ལ་ཡང་གོ་ནོར་ཐེབ་འདུག དེ་བཞིན་ཝཱ་ཎའི་རྒན་པདྨ་རྒྱལ་མཚན་གྱི་ཟམ་གདོང་གི་ཆེ་བ་དུ་མ་བརྗོད་ཅིང་སྙན་ངག་གི་སྒྲ་ཐག་གཅིག་གཡར་བར་ཉན་པས་རྒྱ་གར་གྱི་གཏམ་བརྒྱུད་ལ་མཁས་པ་ཞིག་ཡིན་ནམ་སྙམ་པ་ལས་དཀའ་གནད་ལ་ཡོལ་ཐབས་ཅི་ཡོད་ཀྱིས་གསུང་གི་འདུག དེ་ཕྱིར་ད་བར་ལོ་རྒྱུས་དང་རིག་གནས་ལ་མཁས་པ་རེད་སྙམ་པའི་ཡིད་ཆེས་སྐྱེ་ཐུབ་མ་སོང་། རྒྱུས་ལོན་བྱུང་ཆེད་ད་དུང་ཁོང་གི་གསུང་ལ་མང་པོ་ཉན་དགོས་པར་སྣང་་ངོ། །
ཁང་སར་གྱིས་རྩོམ་ཡིག་འདི་དོན་ལ་གནས་་་འདི་ཙམ་གྱིས་ཀྱང་ག་ལ་ཚད་་་འོན་ཀྱང་ང་བྲེལ་བ་ཆེ་བས་འབྲི་མ་ཁོམ། ཟམ་གདོང་བློ་བསྟན་ལ་འཚམས་འདྲི་ཡོད། དྲང་མོ་བཤད་ན་ང་ནི་རྩོམ་ཡིག་འདི་བཀླགས་ནས་ངོ་ཚ་བེར་རེ་བུད་སོང་། ང་ལ་བླ་མ་ཞིག་ཡོད། བླ་མ་དེ་རྡ་སའི་རི་ཁུག་ཅིག་ན་ཡོད། ངའི་བླ་མ་དེའི་གནང་སྟངས་ཟམ་གདོང་རིན་པོ་ཆེའི་གནང་ཕྱོགས་ཀྱི་ལྡོག་ཕྱོགས་འབའ་ཞིག་ཡིན། ངའི་མིག་ལའང་བླ་མ་དེའི་མཚན་གྱི་ཆ་ཤས་ཤིག་ཡོད། ང་མི་གྲལ་དུ་འགྲོ་དུས་བླ་མ་དེའི་མཚན་ང་རང་གི་མིང་གི་ཆ་ཤས་སུ་ཡོད་པ་དེ་ཡང་དོགས་མ་བདེ་བ་ཡོང་གི་འདུག ངས་རང་གི་མིང་བརྗེ་བའི་བསམ་བློ་ཡང་བཏང་བ་ཡིན། དངོས་ནས་བླ་མ་ངན་པ་ཡོད་ན་སློབ་མའི་སྡུག་རེད་འདུག ད་མི་འབྲི། ཟམ་གདོང་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། སྐུ་ཚེ་རིང་བར་སྨོན་ནོ།
ཟམ་གདོང་ལ་དགེ་སྐྱོན་གཉིས་ཀའི་ཆ་ཡོད་པའི་རྒྱུན་ལྡན་གྱི་སྐྱེས་བུ་སྤྱང་པོ་ཞིག་ལས་དམིགས་བསལ་བ་ཅི་ཡང་མཐོང་མ་སོང་། ལྷག་པར་དུ་དམ་ཚིག་བོད་དོན་ལས་ཀྱང་ལྷག་པ་གསུངས་བས་བློ་ལ་བབ་མ་སོང་། ཡིན་ཡང་། བོད་ཀྱི་ཤེས་རིག་ཆེད་དུ་ཚེ་གང་འབད་བརྩོན་མི་དམན་པ་གནང་བར་ཐུགས་རྗེ་ལེགས་འབུལ་དང་། འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཡོད།
ཟམ་གདོང་རིན་པོ་ཆེ་ག་འདྲ་ཡོད་མེད་སྤེན་པ་ཚེ་རིང་ལ་ལྟོས་དང་ དེང་སང་ཞབས་འདྲེན་ག་འདྲ་བཞག་གི་འདུག་ ཟམ་གདོང་རིན་པོ་ཆེས་བཀའ་བློན་དུ་མིང་འདོན་བྱས་པར་སྤྱི་འཐུས་ཀྱི་འོས་མ་ལོངས་པ་རེད་
དེ་དང་བློ་བཟང་སྙན་གྲགས་ཟེར་མཁན་དེ་ཚོ་སྐབས་འཚོལ་བ་བྱབས་ཆུང་ཤ་གཅིག་རེད་ ཟམ་གདོང་རིན་པོ་ཆེའི་ཨབ་ཕྲུག་ཁོ་གཉིས་རེད་
ཟམ་གདོང་ཁོ་རང་གྲ྄྄་བ་ཞིག་ཡིན་རུང་སྲིད་དོན་གཉེར་ཏེ་དཔོན་ཉམས་རིང་ལུགས་དར་གསོ་བཏང་བ་དེ་སྐྱུགས་རེ་བྲོ་
རྒྱུན་དུ་རང་རྒྱལ་གཞན་ཕམ་བྱས་སྟེ་གཅིག་འོག་གཅིག་ལ་མ་བསྡུས་པའི་སྲིད་དོན་དྲི་མ་ཅན་རྡ་སའི་ཁོར་ཡུག་ཏུ་འཁྱེར་ཡོང་ ཝར་ན་སློབ་ཐོན་སྒོ་ཁྱིར་ཉར་ཏེ་གསར་འབྱོར་དང་ཤེས་ཡོན་ཅན་ལ་སྒྲོ་འདོགས་དང་དམའ་འབེབས་རྐྱང་རྐྱང་བྱས་པ་རེད་ ལ་ལུ་པར་ས་དའི་ས་ཐོབ་ཡོད་མིན་ཅི་ བླ་རྒན་འདི་ཧང་སོང་ཆེ་ལ་ཐོབ་དང་དབང་ཆར་དགའ་པོ་ཞེ་དྲག་ཡོད་པ་ཞིག་རེད་
རིས་མེད་ཐུབ་བསྟན་འཛིན་པའི་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་ཕྱོགས་བཅུར་འཕེལ། །ཞེས་གསོལ་འདེབས་སྔོན་དུ་བཏང་ནས། སྤྱིར་སྐུའི་འཁྲུངས་སྐར་བརྩི་བའི་དགོས་དོན་གཙོ་བོ་དམ་པ་གང་གིས་མཛད་རྗེས་བཟང་པོ་རྣམས་ལ་གུས་འདུད་ཀྱི་ཆེད་བརྩིས་པ་ཞིག་ཡིན། སྐབས་རེ་ང་ཚོའི་བོད་རིགས་སྤྱི་ཚོགས་ནང་ལ་ཕྱིའི་ཁྲུངས་སྐར་བརྩི་བ་དང་། བསྟོད་པའི་གླུ་ལེན་པ་སོགས་རྒྱ་ཆེན་པོའི་གྲལ་སྒྲིག་གནང་བ་དེ་ཤིན་ཏུ་ལེགས་ཀྱང་། བཀའ་བཞིན་སྒྲུབ་པའི་མཆོད་པ་ཞིག་འབུལ་བ་ལ་འབད་བརྩོན་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག
ཟམ་གདོང་བླ་མ་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་ཅན་དཔེན་ན། སྲིད་པ་རྡོ་རྗེ། ཨ་ནུ་ཐང་བསོད་སོགས་གོང་ན་ཁ་བདེ་ལྕེ་བདེ་དྲ་འབུ་ལས་མེད་འདི་ཚོས་གཞན་ལ་གཞི་མེད་ཀྱི་སྐྱོན་བརྗོད་འདྲ་བྱེད་ནས་སྡོད་པ་ལས་རང་གི་འཇོན་ཐང་ནི་བོད་རྒྱལ་ཁབ་ཀྱི་མགོ་ཁྲིད་ཕར་བཞག་རང་མགོ་མི་ཐོན་མཁན་ཤ་སྟག་རེད་འདུག